ཇ༽ ལོ་ཙཱ་སློབ་གཉེར་བའི་ཆ་རྐྱེན་ལྔ་དང་། བརྟག་ཐབས་རྣམ་པ་ལྔ།

ཇ༽ ལོ་ཙཱ་སློབ་གཉེར་བའི་ཆ་རྐྱེན་ལྔ་དང་། བརྟག་ཐབས་རྣམ་པ་ལྔ།

 

དང་པོ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་སྒྲ་སྒྱུར་གླིང་དུ་ལོ་ཙཱ་བ་སློབ་མཁན་རྣམ་རིག་བཀྲ་བའི་སློབ་གཉེར་བ་ཞལ་གྲངས་ ༡༠༨ བསྡུ་བསྐོང་གནང་སྐབས་དགོས་ངེས་ཀྱི་ཆ་རྐྱེན་ལྔ་ཡོད་པ་འདི་ལྟར། ༡ གཟུགས་ཁམས་བདེ་ཐང་ཡིན་པ། ༢ དབང་པོ་ལྔ་ལ་སྐྱོན་མེད་པ། ༣ རིག་པ་གསལ་ལ་རྣོ་བ། ༤ དྲན་ཤེས་བརྟན་པ། ༥ སྙིང་རུས་ཆེ་བ་བཅས་ཡིན་ཚུལ་པདྨ་བཀའ་ཡི་ཐང་ཡིག་ལས[1]།

དེ་ནས་མངའ་བདག་རྒྱལ་པོའི་ཐུགས་དགོངས་ལ༔

དཔོན་སློབ་གཉིས་ཀྱི་ལུང་གྲངས་མང་གསུང་བས༔

དེ་དག་ཐམས་ཅད་བོད་དུ་ལེན་དགོས་བསམ༔

བློ་རྣོ་སྙིང་རུས་ཆེ་བའི་མཆོག་གྱུར་པ༔

ལོ་ཙཱ་བརྒྱ་དང་རྩ་བརྒྱད་འཚོལ་དགོས་སྙམ༔

མངའ་འོག་བོད་ཡུལ་རུ་བཞི་ཐམས་ཅད་ཀྱི༔

ལོ་བརྒྱད་ཡན་ཆད་བཅོ་བརྒྱད་མན་ཆད་ཀྱི༔

ལུས་ལ་སྐྱོན་མེད་སེམས་ལ་ཐུག་མ་ཞུགས༔

བློ་གསལ་གཡེར་ཞིང་དྲན་པ་གཞུང་མང་བསྡུས༔

ཞེས་དང་། དེ་བཞིན་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་པདྨ་བཀའ་ཐང་ལས[2]།

དེ་ནས་དམངས་ཀྱི་ཕྲུ་གུ་རིག་པ་ཅན༔

ཁ་སྤྲོ་གསང་ཞིང་སྐྱེ་མཆེད་དྭངས་པ་དང་༔

ཤེས་རབ་ཆེ་ཞིང་ཁ་ལྕེ་བདེ་བ་རྣམས༔

རྒྱ་གར་ཡུལ་དུ་སྒྲ་སྒྱུར་སློབ་ཏུ་བཏང་༔

ཞེས་བློ་རིག་བཀྲ་ཤིང་ཁ་སྤྲོ་གསང་བ། སྐྱེ་མཆེད་དྭངས་ལ་ཤེས་རབ་ཆེ་བ། ཁ་ལྕེ་བདེ་བའི་ཁྱད་ཆོས་ལྔ་ལྡན་གསུངས་པ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་ཡིག་སྒྱུར་འཕེལ་རྒྱས་ཀྱི་སྐོར་[3]ལས་ཀྱང་། ལོ་ཙཱ་སློབ་མཁན་ཞིག་ལ་མཚོན་ན། ༡ ཤེས་རིག་གསལ་ཞིང་དྲན་ཤེས་བརྟན་པ་དང་། ༢ སྨྲ་བརྗོད་དག་ཅིང་བརྡ་སྤྲོད་ཚུལ་ལ་མཁས་པ། ༣ དཀའ་ངལ་ལ་བཟོད་བསྲན་ཆེ་ཞིང་། ༤ གང་བརྩམས་མཐར་འདོན་པའི་སྙིང་རུས་ཆེ་བ་བཅས་ཀྱི་ཆ་རྐྱེན་དེ་འདྲ་ཚང་བའི་མི་ཞིག་གིས་མ་གཏོགས། ཆ་རྐྱེན་དེ་ཚོའི་ནང་ནས་གཅིག་མ་ཚང་ནའང་ལོ་ཙཱ་བའི་ལས་དོན་སྒྲུབ་ཐུབ་ཀྱི་མེད་ཅེས་གསུངས།

དེ་ལྟའི་ཁྱད་ཆོས་ཚང་བའི་ལོ་ཙཱ་བ་ལ་མཚོན་ནའང་། སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) བཀའ་ཐང་སྡེ་ལྔ་ལས[4]། བཻ་རོ་ཙ་ན་ཀུན་འཆང་སྤྲུལ་པ་ཡིན༔ རྒྱལ་པོའི་མཆོད་གནས་བསྟན་པའི་སྒྲོན་མེར་བཏང་༔ རྒྱ་བོད་མཁས་པ་བཻ་རོ་ཙ་ན་ཁྱོད༔ དབང་པོ་གསལ་ཞིང་ཤེས་རབ་རིག་པ་དྭངས༔ རིག་པ་རྣོ་ཞིང་བརྟུལ་ཞུགས་ཤིན་ཏུ་ཆེ༔ འདུ་ཤེས་མྱུར་ཅིང་ཚོར་བ་རྐྱེན་བློ་བརྟན༔ ཐུགས་རྗེ་ཆེ་ཞིང་བྱིན་རླབས་དྲེགས་པ་འདུལ༔ ངས་ཀྱང་བསྟན་ནི་མི་དགོས་བློ་ཞིག་ཡིན༔ ཞེས་གསུངས་པ་ལྟར་རོ།།

གཉིས་པ། རྒྱུ་མཚན་དེ་ལྟར་ལ་བརྟེན་ནས་བསྟན་པ་སྔ་དར་དང་ཕྱི་དར་གྱི་སྐབས་སུ་བོད་ཀྱི་བཙན་པོ་རིམ་བྱོན་རྣམས་ཀྱིས་ལོ་ཙཱ་སློབ་མཁན་གྱི་བོད་ཕྲུག་འདེམས་སྒྲུག་གནང་སྐབས་བྱིས་པར་བརྟག་དཔྱད་བྱ་ཐབས་ལྔ་ཡོད་པ་ནི། ༡ དྲི་བ་དང་ལན་འདེབས་ཀྱི་དུས་ཚོད་ཆུ་ཚོད་སྐར་ཆ་མང་ཉུང་གཅིག་མཚུངས་ཡིན་དགོས་པ་དང་། ༢ བྱིས་པའི་ལོ་ཚད་ ༡༠ ནས་ ༢༠ བར་ཡིན་དགོས་པ། (པདྨ་བཀའ་ཐང་དུ་ལོ་ ༨-༡༨ བར་ཡིན་པར་གསལ།) ༣ དུས་ཚོད་གཅིག་མཚུངས་ནང་ཚིག་བློ་ལ་ཟིན་པའི་མྱུར་ཚད་དང་གྲངས་འབོར། ༤ དུས་ཚོད་གཅིག་མཚུངས་ནང་དྲི་ལན་ལ་བསམ་བློ་བཏང་བའི་མྱུར་ཚད་དང་སྤུས་ཚད། ༥ དུས་ཚོད་གཅིག་མཚུངས་ནང་གནད་དོན་ལ་དབྱེ་ཞིབ་བྱས་པའི་མྱུར་ཚད་དང་སྤུས་ཚད་བཅས་ཡིན་པ་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས་གསུངས་པ་ལྟར། སློབ་ཕྲུག་འདེམས་སྐབས་ཆུ་ཚོད་སྐར་ཆ་གཅིག་མཚུངས་ཀྱི་ནང་དུ་དྲི་བ་འདྲ་མིན་ལ་ལན་འཕྲལ་དུ་འདེབས་ཐུབ་མིན་དང་། སྐད་སྒྲའི་སྒྲ་དག་གསལ་གསུམ་[5]ཡོད་མེད་སོགས་བརྟག་དཔྱད་ཞིབ་འཇུག་གཟབ་ནན་གནང་སྟེ་འོས་ཆོས་ཚང་བ་རྣམས་འདེམས་སྲོལ་ཡོད་པས། ལོ་ཙཱ་བ་སློབ་མཁན་ལ་དགོས་པའི་ཆ་རྐྱེན་ཚད་གཞི་ཧ་ཅང་མཐོན་པོ་ཡིན།

༸རྒྱལ་དབང་ལྔ་པ་ཆེན་པོས་ (1617-1682) མཛད་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས[6]། དེའི་རྗེས་སུ་ (བསམ་ཡས་བཞེངས་རྗེས་) བློ་གསལ་ཞིང་ཡིད་གཞུངས་པའི་ལས་ལྡན་གྱི་སྐྱེས་བུ་དུ་མ་རབ་ཏུ་བྱུང་ཞིང་། ཤེས་རབ་ཀྱི་རྩལ་དང་ལྡན་པ་དག་ལ་ལོ་ཙཱ་བསླབས་པས། བྱཱ་ཀ་ར་ཎའི་གནད་མཐའ་དག་སྒྲོ་འདོགས་ཆོད་ཅིང་། གཞུང་ལུགས་ཀྱི་དོན་ཁོང་དུ་ཆུད་པའི་འཇིག་རྟེན་གྱི་མིག་གཅིག་པུ་སྐད་གཉིས་སྨྲ་བ་མང་དུ་བྱོན། །ཞེས་གསུངས་པ་ལྟར་རོ།།

ལོ་ཙཱ་བ་སློབ་མཁན་དེ་དག་ཐོག་མར་འདེམས་སྒྲུག་གནང་སྐབས་བཙན་པོ་སྐུ་དངོས་བྱིས་པ་སོ་སོའི་ཕ་མའི་ཁྱིམ་དུ་ཕེབས་ནས་ཚིག་འཛིན། དོན་བསམ། ལན་འདེབས། དབྱེ་ཞིབ་བཅས་བཞིའི་སྒོ་ནས་བརྟག་དཔྱད་མཛད་དེ་ཕ་མར་སློང་བ་དང་། བསླུ་རིན་འདོད་པ་ཁེངས་ངེས་གསོལ་སྩལ་གནང་བ། ཆ་རྐྱེན་ཞན་པའི་ཕ་མ་ཆ་རྐྱེན་བཟང་སར་གནས་སྤོས་ཆོག་པ། དཔྱ་ཁྲལ་འཇལ་སྤྲོད་མི་དགོས་པ་བཅས་ཀྱི་དམིགས་བསལ་གཟིགས་སྐྱོང་ཡང་གནང་ཡོད།

དེ་ཡང་འབྲི་གུང་༸སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་མཆོག་གིས་རྩོམ་སྒྲིག་མཛད་པའི་བོད་བཙན་པོའི་རྒྱལ་རབས་ལས[7]། བཻ་རོ་ཙ་ན་ཞེས་པ། བོད་སྐད་དུ་བསྒྱུར་ན། རྣམ་པར་སྣང་མཛད་ཟེར། ཁོང་གི་ཡབ་པ་གོར་ཧེ་འདོད་དང་། ཡུམ་བྲམ་ཟེ་དཀར་སྐྱིད་བྱ་བ་གཉིས་ཀྱི་སྲས་སུ། དུས་རབས་བརྒྱད་པའི་དཀྱིལ་ཙམ་དུ་འཁྲུངས་ཤིང་། ཆུང་དུས་ཀྱི་མཚན་ལ་གན་ཇག་ཐང་ཏ་ཞེས་བཏགས། བྱིས་པའི་དུས་ནས་བློ་རིག་རྣོ་ཞིང་། སྐྱེ་སྟོབས་ཀྱི་ཤེས་རིག་ལྡན་པས་མཚན་སྙན་ཡུལ་གྲུ་གང་སར་ཁྱབ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་། སྒྲ་སྒྱུར་གྱི་སློབ་གྲྭ་བཙུགས་སྐབས། བཙན་པོ་སྐུ་ངོ་མས་བོད་ཀྱི་ས་ཕྱོགས་ཀུན་ཏུ་ཕེབས་ནས། བློ་རིག་བཀྲ་བའི་བོད་ཕྲུག་དུ་མ་བསྐོང་དུས། སྙེ་མོ་བྱེ་མཁར་ན་གན་ཇག་ཐང་ཏ། ཞེས་བྱ་བའི་བྱིས་པ་ལོ་བརྒྱད་ལས་མ་སོན་ཀྱང་། བློ་རིག་ལྡན་པ་ཞིག་ཡོད་པ་གཟིགས་ནས་རྒྱལ་པོ་སྐུ་ངོ་མས། བློན་འབངས་རྟ་པ་དུ་མ་དང་བཅས་པ་སྙེ་མོ་བྱེ་མཁར་དུ་ཕེབས་ནས། བཻ་རོ་ཙ་ན་གདན་དྲངས་ཤིང་། ཕ་མ་རྒན་རྒོན་གཉིས་ཀྱང་ཡུལ་ཡར་ལུང་རིག་པ་ཙ་ན་བཞག །ཅེས་གསུངས་པ་ལྟར་རོ།།

དེ་ལྟར་མེ་རྟ་ལོ་སྟེ་ཕྱི་ལོ་ ༧༦༦ ལོར་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་ཡོངས་སུ་ལེགས་གྲུབ་ཟིན་ཏེ། བསམ་ཡས་སྒྲ་སྒྱུར་རྒྱ་གར་གླིང་ཞེས་ཡོངས་སུ་གྲགས་པའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བའི་སློབ་གྲྭ་ཐོག་མར་གསར་བཙུགས་མཛད་ནས་སྒྲ་སྒྱུར་གྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་གསོ་སྐྱོང་གནང་། དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དངོས་ཀྱིས་སྒྲ་སྒྱུ་ལོ་ཙཱ་བའི་སློབ་གྲྭའི་དབུ་འཛིན་གྱི་ཐུགས་འགན་བཞེས་ཤིང་། ལོ་ཙཱ་བ་རྣམས་ལ་འཚོ་བའི་མཐུན་རྐྱེན་ཡང་བཙན་པོའི་སྲིད་གཞུང་ནས་སྦྱར། རྒྱ་གར་འཕགས་ཡུལ་ནས་གདན་དྲངས་པའི་པཎྜི་ཏ་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་སློབ་ཁྲིད་གནང་བ་དང༌། ལོ་ཆེན་བཻ་རོ་ཙ་ན་དང༌། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུ་ཡི་རྒྱལ་མཚན་གསུམ་གཙོ་བོར་གྱུར་པའི་བོད་ཡུལ་སྟོད་སྨད་བར་གསུམ་ནས་སྙིང་རུས་ཆེ་ཞིང་། བློ་རིག་བཀྲ་བ་སོགས་ཀྱི་ཁྱད་ཆོས་ལྔ་ལྡན་གྱི་གཞོན་ནུ་བརྒྱ་རྩ་བརྒྱད་ལོ་ཙཱ་བ་གསོ་སྐྱོང་གི་སློབ་མ་དངོས་སུ་བསྡུ་ལེན་གནང་སྟེ་ལེགས་སྦྱར་གྱི་སྐད་ཡིག་སློབ་ཁྲིད་མཛད། སློབ་མ་ཐབས་འཚོལ་གྱི་སྒྲིག་ཁྲིམས་སྐོར་ལ། སློབ་མ་བསྡུ་བའི་ཡུལ་ནི། བོད་ཀྱི་བཙན་པོའི་མངའ་ཁོངས་ཀྱི་ས་ཆ་གང་རུང་ལས་བསྡུ་བཞེས་སློབ་འཇུག་གནང་ཆོག་ཅིང༌། སློབ་མའི་ཆ་རྐྱེན་ལ་རང་ལོ་བརྒྱད་ནས་བཅོ་བརྒྱད་བར་ཡིན་པའི་གཞོན་ནུ་ལུས་ལ་ནད་དང་དབང་པོ་སོགས་ལ་སྐྱོན་མེད་པ། བསམ་པ་བཟང་ཞིང་ཡོན་ཏན་ལ་དགའ་དད་ཆེ་བ། བློ་རིག་གསལ་ཞིང་ཤེས་རབ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་སློབ་མ་ཐབས་འཚོལ་འཇུག་བཞེས་གནང་རྒྱུ་གཏན་འབེབས་གནང༌ཡོད།

སྐབས་དེར་སློབ་མ་དངོས་སུ་བསྡུས་པའི་ལོ་ཙཱ་བའི་མཚན་ཐོ་ཁག་གཅིག་པདྨ་བཀའ་ཡི་ཐང་ཡིག་ཏུ་གསལ་བ་ནི[8]། ཡར་ཀླུང་སྦ་མི་ཁྲི་གཞེར་སཾ་ཤི་ཏ༔ འཁོན་རྗེ་ཀླུ་དབང་སྲུང་བ་ཞང་སེ་བཙན༔ ཤུད་བུ་ཁོང་སླེབ་སྦ་ལོ་རཏྣ་དང༌༔ རྨ་བན་རིན་ཆེན་མཆོག་དང་ཡར་ལྷ་བུ༔ འཕྱོས་ཀྱི་གཉགས་ཆེན་ཛྙཱ་ན་ཀུ་མཱ་ར༔ ཡོན་ཏན་སྙིང་པོ་ལེགས་སྦྱིན་ཉི་མ་དང་༔ ལྡན་མ་རྩེ་མང་ཨཱ་ཙརྱ་ས་ལེ༔ བྲན་ཀ་མཱུ་ལ་ཀོ་ཥ་སྦས་ཐིར་ལེན༔ ཉང་བན་ཤ་མི་གོ་ཆ་ཨ་ནནྟ༔ གནུབས་སྟོན་ནམ་མཁའི་སྙིང་པོ་འདྲེ་རྒྱལ་བློ༔ རླངས་ཆེན་དཔལ་སེང་རུ་གྱོང་བཱིརྱ་རཱ༔ གྲུ་གུ་ཨེ་བག་ལང་གྲོ་དཀོན་མཆོག་འབྱུང་༔ དྲན་པ་ནམ་མཁའ་མོན་བུ་རྒྱལ་བྱང་ཆུབ༔ བྱི་ཤྭ་མི་ཏྲ་ཁུ་བཙུན་འབྱུང་གནས་འོད༔ ཁྱུང་པོ་དབྱིག་བསོ་ངན་ལམ་རྒྱལ་མཆོག་དབྱངས༔ གནུབས་བན་སངས་རྒྱས་ཡེ་ཤེས་སྦས་གསལ་སྣང་༔ སྦ་ལོ་ཡེ་ཤེས་དབང་པོ་སྦ་དཔལ་དབྱངས༔ ཡེ་ཤེས་འཇམ་དབྱངས་ལྷ་ལུང་དཔལ་རྡོར་དང་༔ ཉང་ཁམས་གོ་ཆ་ལ་སུམ་རྒྱལ་བྱང་ཆུབ༔ སོག་པོ་དཔལ་ཡེ་ཨཱ་ཙར་ཡེ་ཤེས་དབྱངས༔ ཛྙཱ་ན་དེ་བ་ཀོ་ཥ་འགོས་ཆོས་སྒྲུབ། བྲན་ཀ་མུ་ཏི་ཀ་དང་ལོ་ཀི་ཆུང་༔ འོ་བྲན་དཔལ་གྱི་དབང་ཕྱུག་ཤམ་མེས་བཀོལ༔ ལྷ་ལུང་ཡུལ་སྐོང་མེ་ཏོག་བྱང་ཆུབ་འབར༔ ཞང་བན་ཛྙཱ་ན་ཤེས་རབ་ཡར་རྗེ་བརྩེགས༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཡེ་ཤེས་སྡེ༔ ཤཱཀྱ་པྲ་བྷ་ཨཱ་ཙར་དྷ་རྨ་ཤྲཱི༔ དེ་བ་སམྦྷ་དེ་བ་བྱང་ཆུབ་དང་༔ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན༔ བཻ་རོ་ཙ་ན་ཆོས་ཀྱི་ལྷུན་པོ་དང་༔ རྩངས་བན་ལེགས་གྲུབ་དཔལ་འབྱོར་ལྷའི་ཟླ་བ༔ དེ་སོགས་བརྒྱ་བརྩ་བརྒྱད་ལ་ལོ་ཙཱ་བསླབས༔ ཞེས་ལོ་ཙཱ་བ་ ༡༠༨ གསོ་སྐྱོང་མཛད་པ་ལས་ ༦༠ ལྷག་ཙམ་གྱི་མཚན་གསལ་བ་ནི་ཞལ་ཤོས་ཤིག་ཏུ་མཐོང་ངོ་།།

དེ་ལྟར་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་སློབ་མཐར་ཕྱིན་རྗེས། སླར་ཡང་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་སྐད་ཡིག་ལ་སྦྱོང་བརྡར་དང་། མདོ་སྔགས་རིག་གནས་དང་བཅས་པའི་གླེགས་བམ་འཚོལ་བ་ལ་གསེར་གྱི་པ་ཏྲ་བདུན་རེ་དང༌། གསེར་ཕྱེ་བྲེ་དགུ་རེ་བཙན་པོས་བསྐུར་ནས་བཏང༌། རྒྱ་གར་ཤར་ནུབ་ཀུན་ཏུ་ཆུ་བཞིན་ཉུལ་ཏེ་དམ་ཆོས་ཀྱི་པོ་ཏི་མང་པོ་བསྣམས་ཏེ་བོད་དུ་ཕྱིར་ཕེབས་གནང་། ལྷག་པར་རྒྱ་གར་གྱི་པཎྜི་ཏ་བི་མ་མི་ཏྲ་སོགས་རྒྱ་གར་གྱི་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས། བོད་ཀྱི་ལོ་ཙཱ་བ་རྣམས་དང་ལྷན་ཅིག་ཏུ་སྔ་རྗེས་སུ་བོད་སྐད་དུ་བསྒྱུར་བ་ལ། གསང་སྔགས་ཕྱི་པ་ཡོ་ག་སྡེ་གསུམ་རྒྱུད་དང་། གསང་སྔགས་ནང་པ་ཡོ་ག་རྣམ་གསུམ་རྒྱུད། ཤེས་རབ་སྙིང་པོ་ཟབ་མོ་ལྟ་བའི་མདོ། འདའ་ཀ་ཡེ་ཤེས་ངེས་དོན་སྒོམ་པའི་མདོ། བཟང་པོ་སྤྱོད་པ་རྒྱ་ཆེན་སྨོན་ལམ་མདོ། རྡོ་རྗེ་རྣམ་པར་འཇོམས་པའི་མདོ། འཇམ་དཔལ་གསང་བདག་གི་རྒྱུད། སྤྱོད་འཇུག །དབུ་མའི་ཚོགས་གསུམ་དགོངས་འགྲེལ། བྱམས་ཆོས་སྡེ་ལྔ་ལ་སོགས་པ་རྣམས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༦༩

[2] བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་། རྔ་བ་ཕུལ་དཔར་འདེབས་བཟོ་གྲྭ། ༢༠༠༢ ལོ། ཤོག་གྲངས་ ༡༣༩

[3] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༠༠

[4] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༨༦

[5] སྐད་སྒྲ་མཐོན་པོ་དང་། སྒྲ་དག་པོ། ཚིག་གསལ་པོ་བཅས་གསུམ་ཚང་དགོས་པ་ཡིན།

[6] ༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་འབུམ། ༼ཛ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༥༦

[7] བོད་བཙན་པོའི་རྒྱལ་རབས། འབྲི་གུང་༸སྐྱབས་མགོན་ཆེ་ཚང་། ༢༠༡༠ ལོ། ཤོག་གྲངས་ ༤༦༣

[8] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༦༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༩ ནས་ ༢༦༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *