ད༽ གྲུབ་ཆེན་བརྒྱད་ཅུའི་བྲིས་སྐུའི་ཁུངས།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལ་ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ། མོ་རྟོགས་ཤིང་གྲུབ་པ་བརྙེས་པ་བཞི་བཅས་འཕགས་ཡུལ་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དང་། རྒྱན་དྲུག་མཆོག་གཉིས། པཎ་གྲུབ་བཅུ་བདུན་བཅས་ཀྱི་སྐུའི་བཀོད་པའི་ཐད་བྲིས་སྐུ་འབྲི་བཞེངས་གནང་ཚེ་རབ་ལ་ལོ་རྒྱུས་རྣམ་ཐར་དང་བསྟུན་ནས་གྲུབ་པ་བརྙེས་ཚུལ་དང་། ཆས་དང་། རྣམ་འགྱུར། ཕྱག་རྒྱ་སོགས་མི་འདྲ་བ་སོ་སོ་མ་འདྲེས་པར་བསྒྲུབ་དགོས་པ་དང་། དེ་ལྟར་མ་བྱུང་ནའང་སྔོན་གྱི་བྲིས་རྒྱུན་ཚད་ལྡན་ལ་བརྟེན་གལ་ཤིན་ཏུ་ཆེ་ཁར།
གཅིག་གྱུར་ལྟ་བུ་ཞིག་བྱུང་ན་ཤིན་ཏུ་ལེགས་པར་མཐོང་ལ། དེ་ལྟར་ཡོང་བ་ལ་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་དང་འབྲི་ཐབས་ཀྱི་བསྟན་བཅོས་གཙོ་བོ་ནི། བསྟན་འགྱུར་ལས་བལ་པོའི་དགེ་སློང་དཔལ་སྡེས་མཛད་ཅིང་། ལོ་ཙཱ་བ་བུ་སྟོན་རིན་ཆེན་གྲུབ་ཀྱིས་བསྒྱུར་བའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་མངོན་པར་རྟོགས་པ་དང་། སྒྲུབ་ཐབས་ཀུན་བཏུས། རྒྱ་གར་ཅམ་པརྞའི་བླ་མ་ཆེན་པོ་མི་འཇིགས་པ་སྦྱིན་པ་དཔལ་གྱི་ཞལ་ནས་གསུངས་པ་ལྟར་དགེ་སློང་སྨོན་གྲུབ་ཤེས་རབ་ཀྱིས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར། རྒྱ་གར་གྱི་སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི་བོད་ཀྱི་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་དང་ལོ་རྒྱུས། པཎྜི་ཏ་དཔའ་བོ་འོད་གསལ་གྱི་ལུགས་གྲུབ་ཐོབ་བརྒྱད་ཅུའི་བྱིན་རླབས་བྱ་ཚུལ་མཆོག་གི་བྱིན་རླབས་ཡེ་ཤེས་བཅུད་ལེན་སོགས་འཕགས་བོད་ཀྱི་ཚད་མར་གྱུར་པའི་བསྟན་བཅོས་དུ་མ་ཡོད་པ་དག་ལ་གཞིར་བྱས་ནས་ཚད་ལྡན་འབའ་ཞིག་འབྲི་བཞེངས་གནང་གལ་ཆེའོ།།
རོང་སྟོན་སྨྲ་བའི་སེངྒེས་ (1367-1449) མཛད་པའི་གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་ལ་བསྟོད་པ་བྱིན་རླབས་ཀྱི་འོད་ཟེར་རབ་ཏུ་རྒྱས་པ་ལས[1]། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གྲུབ་པས་རིག་འཛིན་ཚད་མེད་ཡོན་ཏན་ཀུན། །མ་ལུས་གཅིག་ཏུ་བསྡུས་པའི་གཟི་བརྗིད་ཅན། །ཟག་མེད་དགའ་བདེའི་དཔལ་གྱིས་མངོན་མཐོ་ཞིང༌། །བརྟུལ་ཞུགས་སྤྱོད་པས་བདུད་དཔུང་ཟིལ་གྱིས་གནོན། །ས་གསུམ་ཁྱོན་འདིར་བརྩེ་བའི་གར་བསྒྱུར་ཞིང༌། །བླ་མེད་མཆོག་གི་ཉེ་ལམ་མངོན་དུ་གྱུར། །ཁྱད་པར་རྨད་བྱུང་གླིང་ལ་དབང་བསྒྱུར་ཞིང༌། །ཐབས་མཁས་གྲུ་རྫིང་སྲིད་པའི་རྒྱ་མཚོ་བརྒལ། །ཟག་མེད་བདེ་བའི་འབྱོར་པ་རྒྱས་གྱུར་པ། །སྲིད་པའི་འབྱོར་པ་མ་ལུས་ཟིལ་གྱིས་མནན། །འགྲོ་བའི་བླ་མ་དེད་དཔོན་མཆོག་གྱུར་པ། །བརྩེ་བའི་བདག་ཉིད་གཞན་དོན་གར་གྱིས་རོལ། །གདུལ་བྱ་ཞི་བའི་ལམ་ལ་འགོད་མཛད་ཅིང༌། །མཐའ་ཡས་ཞིང་གི་དཔལ་དུ་ཉེར་གནས་པ། །དམན་པའི་མཐའ་སྤངས་ཞི་བ་མཆོག་བརྙེས་ཤིང༌། །སྲིད་པའི་རྭ་བ་བརྒལ་བའི་རྩལ་དང་ལྡན། །མི་ཡི་ཁྱུ་མཆོག་མི་འཇིགས་དཔའ་བོ་སྟེ། །འཕྲིན་ལས་བཞི་ཡིས་འགྲོ་བའི་དོན་མཛད་པ། །མཆོག་གི་གྲུབ་པ་རབ་བརྙེས་བཅུ་ཕྲག་བརྒྱད། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་ན་རྒྱལ། །ཀུན་གྱི་ཡོན་ཏན་བརྗོད་པར་མཛད་རྣམས་ལ། །བདག་ཀྱང་དང་བའི་བློ་ཡིས་བསྐུལ་གྱུར་ནས། །ཚད་མེད་ཡོན་ཏན་བརྗོད་པ་བསྟོད་པའི་ཚིག །འདི་ནི་འབད་པས་རབ་ཏུ་བསྒྲུབས་པ་ཡི། །དགེ་བས་རིག་འཛིན་བདེ་བླག་ཐོབ་པ་དང༌། །སྨོན་ལམ་ཇི་ལྟར་བཏབ་བཞིན་འགྲུབ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། །།
[1] རོང་སྟོན་གསུང་འབུམ་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་གྲངས་ ༨ན༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༡ ནས་ ༢༠༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།