ཙ༽ སློབ་དཔོན་དབྱིག་གཉེན་མྱ་ངན་ལས་འདས་ཚུལ།
དེ་ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་ (1901-1959) མཛད་པའི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[1]།
བསོད་ནམས་ཡེ་ཤེས་གཏིང་མཐའ་མི་མངོན་ཞིང་། །
སྤངས་རྟོགས་ཡོན་ཏན་ནོར་བུའི་ཚོགས་ཀྱིས་གང་། །
རྒྱ་ཆེན་འཕྲིན་ལས་རླབས་ཕྲེང་གཡོ་བ་ཡི། །
སློབ་དཔོན་ཆེན་པོ་དབྱིག་གཉེན་ཞབས་ལ་འདུད། །
ཅེས་གསུངས་པ་ལྟར་དེ་ལྟ་བུའི་ཡོན་ཏན་མངའ་བའི་སློབ་དཔོན་དབྱིག་གཉེན་མྱ་ངན་ལས་འདས་ཡུལ་བལ་ཡུལ་དུ་རྒྱུ་རྐྱེན་ཇི་ལྟ་བུ་ཞིག་གིས་ཚུལ་ཇི་ལྟར་མྱ་ངན་ལས་འདས་ཚུལ་ནི། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[2]། སློབ་དཔོན་དབྱིག་གཉེན་ནི་བལ་ཡུལ་དུ་ཧང་ངུ་ཞེས་པ་རབ་བྱུང་གི་ཆ་བྱད་འཛིན་པ་སྡོམ་ཁྲིམས་ལ་མི་གནས་པ། ཆང་གི་བུམ་པ་ཐོགས་པ་མཐོང་ནས། བསྟན་པ་ནུབ་འདུག་གསུངས་ནས་སྐྱོ་བ་སྐྱེས་ཏེ། རྣམ་རྒྱལ་བཟློག་ནས་བཏོན་པས་འདས་ཏེ། མཆོད་རྟེན་བརྩིགས་པ་ད་རུང་ཡང་ཡོད་པར་གྲག་གོ །ཞེས་གསལ་ལོ།།

(བལ་ཡུལ་འཕགས་པ་ཤིང་ཀུན་མཆོད་རྟེན་ཆེན་མོའི་ཉེ་འཁྲིས་ཕེབས་ལམ་གྱི་
འགྲམ་དུ་ཡོད་པའི་དབྱིག་གཉེན་གྱི་སྐུ་གདུང་མཆོད་རྟེན།)
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་མཆོད་རྟེན་ཆེན་པོ་གོ་མ་ས་ལ་གནྡྷ་ཞེས་མདོ་ལས་བསྔགས་ཤིང་། བལ་བོད་མཚམས་ཀྱི་སྐྱེ་བོ་རྣམས་འཕགས་པ་ཤིང་ཀུན་ཏུ་བརྗོད་པ་རང་བྱུང་མཆོད་རྟེན་ཆེན་པོར་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་ལས[3]།
རྒྱལ་བ་གཉིས་པ་འཕགས་པ་ཀླུ་སྒྲུབ་དང་། །
འཛམ་གླིང་མཁས་པའི་གཙུག་རྒྱན་གཅིག་གཉེན་སོགས། །
མཁས་གྲུབ་བྱེ་བ་བརྒྱ་ཡི་མཆོད་པའི་གནས། །
རང་བྱུང་མཆོད་རྟེན་ཆེན་པོར་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[4]། དེ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་དགུང་ལོ་བརྒྱར་ཉེ་བའི་བར་དུ་རྒྱ་གར་དུ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ནས་མཐར་དགོས་པ་མང་པོ་ཞིག་ལ་གཟིགས་ནས་སློབ་མ་སྡེ་སྣོད་འཛིན་པ་སྟོང་དང་བཅས་བལ་ཡུལ་དུ་བྱོན་ཏེ། བལ་ཡུལ་ན་གནས་པའི་དགེ་འདུན་རྣམས་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན་ཅིང་། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ཕྱོགས་དེར་མཆོད་གཞི་ཡང་མང་དུ་འཛུགས་པར་མཛད། དེ་ནས་རང་བྱུང་གི་མཆོད་རྟེན་དུ་གྲགས་པ་མཆོད་རྟེན་གོ་མ་སཱ་ལ་གནྡྷེ་ལ་ཞབས་སྐོར་མཛད་ཅིང་བཞུགས་པ་ན། ཧང་ངུ་ཞེས་པ་རབ་བྱུང་གི་ཆ་བྱད་འཛིན་པའི་ཁྱིམ་བཙུན་ཞིག་གིས་ཞིང་རྨོད་པ་དང་། ཆང་གི་བུམ་པ་ཐོགས་པ་གཟིགས་པས་རྒྱལ་བའི་བསྟན་པ་འདི་ལྟར་ཉམས་དམས་སོ་སྙམ་དུ་ཐུགས་ཕྱུང་ནས་དགེ་འདུན་རྣམས་ལ་ཐ་མའི་གསུང་ཆོས་མང་དུ་སྩལ་ཏེ་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མགོ་གཤམ་ལྡོག་ནས་བཟླས་ཏེ་སྐུ་ཚེའི་འདུ་བྱེད་བཏང་སྟེ་དེ་ཉིད་དུ་སྐུའི་བཀོད་པ་བསྡུས་ནས་རྗེ་བཙུན་བྱམས་པ་མགོན་པོ་དང་འཕགས་པ་ཐོགས་མེད་གང་དུ་བཞུགས་པའི་གནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །སློབ་དཔོན་དབྱིག་གཉེན་གང་དུ་མྱ་ངན་ལས་འདས་པའི་ས་དེར་སློབ་མ་དད་པ་ཅན་དག་གིས་སྐུ་གདུང་བཞུགས་པའི་མཆོད་རྟེན་བརྩིགས་པ་ད་ལྟའང་ཡོད་དོ། །ཞེས་གསུངས་པ་ལྟར་རོ།།
གཞན་ཡང་སྐུ་གདུང་མཆོད་རྟེན་དེར་བཞུགས་སུ་གསོལ་བའི་སློབ་དཔོན་དབྱིག་གཉེན་གྱི་དབུ་ཐོད་བོད་དུ་ཕྱི་ལོའི་དུས་རབས་ལྔ་པའི་ནང་དུ་འབྱོར་ཏེ་མཆོད་རྟེན་བཞེངས་པའི་ནང་གཟུངས་སུ་བཞུགས་སུ་གསོལ་བ་པོ་ནི། མངའ་བདག་འབུམ་ལྡེ་མགོན་གྱིས་ཡབ་ཡུམ་གྱི་དགེ་རྩར་དགོངས་ནས་རྒྱལ་བ་ཤཱཀྱ་སེངྒེའི་བསྟན་པ་ལ་བྱ་བ་ལྷག་པར་མཛད་པ་རྒྱལ་བའི་གཙུག་ལག་ཁང་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་དང་། དེ་བཞིན་གཤེགས་པའི་གདུང་རྟེན་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་རྗེས་སུ་སྙེགས་པ་དང་། རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་རི་བོའི་ཆོས་ཀྱི་མཛོད་ལྟ་བུ་བསྒྲུབས་པར་མཛད་དེ། བཀྲ་ཤིས་སྒོ་མང་གཙུག་ལག་ཁང་རབ་བྱུང་ལྔ་པའི་ནང་ལྕགས་རྟ་ (ཕྱི་ལོ་ ༡༢༧༠ ལོ།) ལ་རྨང་བཏིང་ནས་ད་ལྟ་རབ་བྱུང་བཅུ་གསུམ་པའི་མེ་ཡོས་ (ཕྱི་ལོ་ ༡༧༤༧ ལོ།) ཡན་ལ་ལོ་ ༤༧༧ འདས་ཤིང་། དུས་ཕྱིས་གཙུག་ལག་ཁང་ལ་སྲི་ཞུ་ཆེས་བརྩོན་པ་ཡང་དཀོན་རུང་ཞིག་རལ་རྡིབ་འཁྱོམ་ཡོ་འཆུག་ཅུང་ཟད་ཀྱང་མ་སོང་བར་གནས་པའི་ངོ་མཚར་གཙུག་ལག་ཁང་དེར་བཞུགས་སུ་གསོལ་ཚུལ་ནི། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་ (1698-1755) མཛད་པའི་བོད་རྗེ་ལྷ་བཙད་པོའི་གདུང་རབས་མངའ་རིས་སྨད་གུང་ཐང་དུ་ཇི་ལྟར་བྱུང་བའི་ཚུལ་དེབ་ཐེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ལས[5]། མཆོད་རྟེན་གྱི་ནང་རྟེན་དུ་གཟུངས་རྟེན་ཡང་ཆེས་ཁྱད་པར་འཕགས་པ་མང་དུ་མངའ་བ་གཙོ་བོར་རྒྱལ་བསྟན་འདྲེན་པའི་ཤིང་རྟ་འཛམ་གླིང་རྒྱན་དྲུག་གི་ཡ་གྱལ་སློབ་དཔོན་ཆེན་པོ་བ་སུ་བནྡྷུ་ནེལྤ་ལ་ཡི་ཡུལ་དུ་ཞི་བར་གཤེགས་པའི་དབུ་ཐོད་བལ་པོའི་རྒྱལ་པོའི་མཛོད་དུ་གནས་པ་ཆོས་ཀྱི་རྒྱལ་པོ་འདི་ཡི་བསོད་ནམས་ཀྱི་ལྕགས་ཀྱུ་རྣོན་པོས་དྲངས་ནས་ཕྱག་ཏུ་འབྱོར་བ་ཡང་རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་བཞུགས་སུ་གསོལ་བ་དང་། དེ་བཞིན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་གྱི་རྟེན་མཐིང་ཤོག་ལ་ཛམྦུ་ཆུ་གསེར་གྱིས་བྲིས་པའི་ཤེར་ཕྱིན་བརྒྱད་སྟོང་པའི་གླེགས་བམ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་བ་དང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་དམ་རྡོ་རྗེ། བོད་ཀྱི་སློབ་དཔོན་བཻ་རོ་ཙ་ནའི་ཕྱག་འཁར། མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་རྒྱན་སྣ་དྲུག་སོགས་རྒྱ་ཆེར་བཞུགས་པར་བཤད་དོ། །ཞེས་མཁས་མཆོག་དབྱིག་གཉེན་ཞབས་ཀྱི་དབུ་ཐོད་གཙོ་གྱུར་ནང་གཟུངས་སུ་བཞུགས་སུ་གསོལ་བའི་མཆོད་རྟེན་བཞེངས་པར་གྲགས་སོ།། །།

(ཉི་ཧོང་གི་ན་ར་ (Nara) ཁུལ་གྱི་ཀུ་ཕུ་ཀུ་ཇིའི་ (Kufukuji) ལྷ་ཁང་དུ་ཕྱི་ལོ་ 1208 ལོར་
ཤིང་ལས་བཞེངས་པའི་སློབ་དཔོན་དབྱིག་གཉེན་གྱི་སྐུ་བརྙན། ཕྱི་ལོ་ (ACE 310-390) བར།)
https://www.wikiwand.com/en/Vasubandhu
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།
[2] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༢
[3] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༢༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༤༧
[4] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༨༢
[5] བོད་རྗེ་ལྷ་བཙད་པོའི་གདུང་རབས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༠༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༩ ནས་ ༡༤༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།