གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན་གྱི་སྔོན་གླེང་། ཀ༽ དཀར་ཆག་གི་གོ་དོན།

རྩོམ་པ་པོའི་སྔོན་གླེང་།

ཀ༽ དཀར་ཆག་གི་གོ་དོན།

 

དབུ་མའི་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་དང་། །

འཕགས་པ་ལྷ་དང་སངས་རྒྱས་ལེགས་ལྡན་འབྱེད། །

ཟླ་གྲགས་ཞི་ལྷ་ཞི་འཚོ་ཀ་ཤཱིའི་ཞབས། །

ཤིང་རྟའི་སྲོལ་འཛིན་པཎ་གྲུབ་རྣམས་ལ་བསྟོད། །

སེམས་ཙམ་ཤིང་རྟའི་སྲོལ་འབྱེད་ཐོགས་མེད་དང་། །

དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་འཕགས་སེང་ཞབས། །

ཡོན་ཤཱཀ་གཉིས་དང་དཔལ་ལྡན་མར་མེ་མཛད། །

ཤིང་རྟའི་སྲོལ་འཛིན་པཎ་གྲུབ་རྣམས་ལ་བསྟོད། །

ཉིན་དཀར༵་དུས་སུ་གཟུགས་ཀྱི་ཁྱད་ཆོས་རྣམས། །

མ་འདྲེས་གསལ་པོར་མཐོང་ལྟར་འགོད་བྱའི་དོན། །

སྡེ་ཚན་རྣམ་གྲངས་མ་འདྲེས་ཆུན་པོ་བཞིན། །

ཆག༵་པར་བསྡམས་ལྟར་མིང་ཐོར་བཀོད་ལ་སྤྲོ། །

ཞེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། དེ་ཡང་དཀར་ཆག་གི་གོ་དོན་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[1]། ཉིན་དཀར་གྱི་དུས་སུ་གཟུགས་ཀྱི་ཁྱད་ཆོས་རྣམས་མ་འདྲེས་པར་གསལ་པོར་མཐོང་བ་ལྟར། འགོད་བྱའི་དོན་དེ་གསལ་པོར་བཀོད་པའི་དོན་དང་། ཆག་ཅེས་པ་ནི་རྩྭའི་ཆུན་པོ་བསྡམས་པ་ལྟར་འགོད་བྱའི་དོན་དེ་སྡེ་ཚན་མ་འདྲེས་པར་སོ་སོར་ཕྱེ་ནས་གསལ་པོར་བཀོད་པའི་དོན་ཡིན། ཞེས་དཀར་ཆག་ཅེས་པའི་ཡིག་འབྲུ་སོ་སོས་བརྗོད་དོན་གང་ཞིག་སྟོན་མིན་གྱི་སྒྲ་བཤད་གསལ་བར་གསུངས་ལ། དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་དཀར་ཆག་རིག་པ་ལས་[2]ཀྱང་། དཀར་ཆག་ཅེས་པ་ནི། གསུང་རབ་དང་དཔེ་དེབ་ཡིག་ཆ་སོགས་སྡེ་ཚན་དང་རྣམ་གྲངས་སོགས་མ་འདྲེས་པར་འཚོལ་བདེ་བའི་ཐོ་ཡིག་གསལ་པོར་བཀོད་པ་ལ་ཟེར། དེ་ཡང་དཀར༵་ཞེས་པ་ཉིན་དཀར་གྱི་དུས་སུ་གཟུགས་བརྙན་རྣམས་གསལ་པོར་མཐོང་ཐུབ་པ་ལྟ་བུའི་ཁྱད་ཆོས་ལྡན་པ་དང་། སྡེ་ཚན་དང་རྣམ་གྲངས་ཁག་རྣམས་མ་འདྲེས་པར་སོ་སོར་ཕྱེ་ནས་རྩྭའི་ཆུན་པོ་བསྡམས་པ་ལྟར་ཆིངས་རིམ་པ་བདུན་གྱིས་བཅིངས་ཏེ་མིང་ཐོར་བཀོད་པས་ན་ཆག༵་ཅེས་དཔེ་ཡི་སྒོ་ནས་བཏགས་པ་ཡིན། ཞེས་སྔར་གྱི་དཀར་ཆག་ཅེས་པའི་ཐ་སྙད་རྙིང་ཁུངས་དེ་ཉིད་ལ་གཏིང་ཟབ་ཅིང་། དོན་ལ་འབྱོར་བ། འཐུས་སྒོ་ཚང་བའི་གོ་དོན་དང་སྒྲ་བཤད་འདི་ལྟར་འཇོག་པ་གནང་ཡོད།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༣༠

[2] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཁ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *