ཇ༽ གྲུབ་ཆེན་ཁྲོད་ཀྱི་པཎ་ཆེན་བཅུ་བདུན།

ཇ༽ གྲུབ་ཆེན་ཁྲོད་ཀྱི་པཎ་ཆེན་བཅུ་བདུན།

 

དེ་ཡང་། ༡༽ སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་པའི་རྣམ་ཐར་དང་། ༢༽ སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ། ༣༽ རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་རྩ་བཞིའི་བྲིས་ཡིག་ཤིན་ཏུ་དག་ཅིང་གསལ་བའི་ལེགས་བཤད་གསེར་ཐུར། ༤༽ ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་འབྲི་ཚུལ་བཅས་གཞུང་བཞིའི་ནང་དུ།

16) ནཱ་ག་རྫུ་ནའམ་འཕགས་པ་ཀླུ་སྒྲུབ་དང་། 18) གུ་རུ་ཀ་ན་རི་པའམ་ཨརྱ་དེ་ཝ། 41) བྷུ་སུ་ཀུ་པ་སྟེ་ཞི་བ་ལྷ་བཅས་པཎ་གྲུབ་བཅུ་བདུན་ནས་པཎ་གྲུབ་གསུམ་གསལ་བ་རྣམས་ཀྱི་མཚན་དང་གོ་རིམ་བཅས་གཅིག་མཚུངས་སུ་གསལ་འདུག་ཀྱང་། ༥༽ དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པའི་ནང་། 5) ཀླུ་སྒྲུབ་ཞབས་དང་། 8) ཟ་ཉལ་འཆག་མདོག 17) དབྱིག་གཉེན། 19) ཆོས་ཀྱི་གྲགས་པ། 31) མར་མེ་མཛད། 38) བ་སུ་བནྡྷ་བ་བཅས་དྲུག་གསལ། ༦༽ བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས། 1) ཀླུ་སྒྲུབ་སྙིང་པོ་དང་། 2) ཨཱཪྻ་དེ་བ། 9) བུ་སུ་ཀུ་ར། 45) དྷརྨ་ཀཱིརྟི། 59) ཟླ་བ་གྲགས་པ། 77) ཐོགས་མེད་བཅས་དྲུག་གསལ་བས་གཞུང་ཕྱི་མ་གཉིས་ནང་པཎ་གྲུབ་ཞལ་གྲངས་དྲུག་གསལ་བ་མཚུངས་ཀྱང་། པཎ་གྲུབ་གང་དག་ཡིན་མིན་མི་མཐུན་པ་སྟེ། ཀླུ་སྒྲུབ་དང་། ཞི་བ་ལྷ། ཆོས་གྲགས། དབྱིག་གཉེན་བཅས་སྔ་ཕྱི་གཉིས་ཀར་གཅིག་མཚུངས་སུ་གསལ་ཡང་། སྔ་མར་ཨཱརྱ་དེ་ཝ་མི་གསལ་ཞིང་། ཕྱི་མར་མར་མེ་མཛད་མི་གསལ་བ། ཕྱི་མར་ཟླ་གྲགས་དང་ཐོགས་མེད་གསལ་ཡང་སྔ་མར་མི་གསལ་བ། སྔ་མར་བ་སུ་བནྡྷ་བ་དང་། དབྱིག་གཉེན་ཞེས་སཾ་བོད་གཉིས་ཀའི་མཚན་རེ་རེ་གསལ་བས་ཉིས་བརྩེགས་འཁོད་པ་ལྟ་བུ་དང་། དེ་བཞིན་པཎ་གྲུབ་དེ་དག་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གོ་རིམ་གྱི་གྲངས་ལའང་མཐུན་པའི་ཆ་གཏན་ནས་མེད།

དེ་ལྟར་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་དང་། གསོལ་འདེབས། མངོན་རྟོགས། མགུར་སོགས་ཀྱི་གཞུང་ལུགས་ཁག་ཏུ་མང་ཉུང་ཙམ་ལས། 1) མགོན་པོ་ཀླུ་སྒྲུབ་དང་། 2) རྒྱལ་སྲས་འཕགས་པ་ལྷ། 3) དཔལ་ལྡན་ཟླ་བ་གྲགས་པ། 4) འཕགས་པ་ཐོགས་མེད། 5) རྒྱལ་སྲས་ཞི་བ་ལྷ། 6) སློབ་དཔོན་དབྱིག་གཉེན། 7) སློབ་དཔོན་ཕྱོགས་གླང་། 8) དཔལ་ལྡན་ཆོས་གྲགས། 9) ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་པཎ་གྲུབ་དགུ་ཡི་མཚན་གསལ་ཡང་། སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཀ་མ་ལ་ཤཱི་ལ། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཤཱཀྱ་འོད་བཅས་ཞལ་གྲངས་བརྒྱད་པོ་རྣམས་ཀྱི་མཚན་གཞུང་ལུགས་གང་དུའང་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གྲས་སུ་འཁོད་པ་མི་སྣང་། འོན་ཀྱང་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གྲས་སུ་མི་གསལ་བ་ཙམ་གྱིས་གྲུབ་ཆེན་མིན་པར་མི་འགྱུར་ཏེ། དཔེར་ན། སློབ་དཔོན་སངས་རྒྱས་བསྐྱངས་ལྟ་བུ་གྲུབ་ཆེན་ཡིན་ཚུལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་གྱི་སྐབས་སུ་ཞིབ་པར་བཀོད་པ་ལྟ་བུས་མཚོན་ནུས་ལ། མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལས[1]། སྤྱིར་འབི་ཀྲ་མ་ཤཱི་ལར་རབ་ཏུ་བྱུང་བ་བརྒྱ་ཕྲག་གཉིས་ལ་ལོངས་ཙམ་ཡོད། གང་ཡོད་རྣམས་ནི་པཎྜི་ཏ་ཤ་སྟག་ཏུ་ཡོད་གསུངས། ཡོངས་སུ་གྲགས་པའི་པཎྜི་ཏ་བཅུ་བདུན་ཡོད། དེ་རྣམས་ཐམས་ཅད་ཀྱིས་གཙུག་ལག་ཁང་གི་ནོར་བུར་བཀུར་བའི་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་དེ་རྒྱལ་པོ་དེ་ཝ་པཱ་ལའི་གདུང་རྒྱུད་དུ་གྱུར་པ་རྒྱལ་པོ་མཧཱ་པཱ་ལ་ཞེས་བྱ་བས་རྡོ་རྗེ་གདན་ནས་འབི་ཀྲ་མ་ཤཱི་ལར་སྤྱན་དྲངས་ཏེ་གཙུག་ལག་ཁང་གི་སྔ་གདོང་གཡས་ན་སློབ་དཔོན་ཀླུ་སྒྲུབ། གཡོན་ན་ཇོ་བོ་བྲིས་ནས་ཡོད་དེ་སློབ་དཔོན་ཀླུ་སྒྲུབ་དང་མཉམ་པ་ཡིན་སྐད། དེའི་ངོས་གཅིག་ན་པཎྜི་ཏ་རྣམས་བྲིས། ངོས་གཅིག་ན་གྲུབ་ཐོབ་རྣམས་བྲིས་ནས་ཡོད་པ་ལ་ཇོ་བོ་གཉིས་ཀ་ན་བྲིས་ནས་ཡོད་སྐད་དོ། །ཞེས་བྱུང་བ་ལས་ཀྱང་རྟོགས་ནུས་སོ།།  །།

[1] ཇོ་བོ་རྗེའི་རྣམ་ཐར། སྣར་ཐང་གསེར་ཕྲེང་། པོད། ༼༡༽ བྲིས་མ། དཔེ་ཐུང་། ཤོག་གྲངས་ ༨༥ན༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༧ ནས་ ༡༨༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *