དཔལ་ནཱ་ལེནྡྲའི་དབུ་ཚུགས་པའི་སྐོར་ལ་དཔྱད་པ་ལྕུག་ཕྲན་མ།
ག་ལྗང་བཙད་བརྗྀད།
དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་། ཞེས་ཐོས་པ་ན་ང་ཚོའི་རྒྱུད་དུ་འཕྲལ་མར་ཤར་ཡོང་བ་ནི་རང་རེའི་ནང་བསྟན་སངས་རྒྱས་ཆོས་ལུགས་ཀྱི་པཎ་གྲུབ་རྣམ་པའམ། ཡང་ན་རྒྱན་དྲུག་མཆོག་གཉིས་ལ་སོགས་པ་རྣམས་ཀྱིས་ནང་ཆོས་ཀྱི་ཡང་སྙིང་རྟེན་འབྲེལ་གྱི་ལྟ་བ་དང་། ཆོས་ཉིད་ལ་སོགས་པ་ལ་བརྟེན་ནས་འཇིག་རྟེན་འཁོར་བ་འདིའི། འཆིང་བ་ཀུན་ལྡན་གྱི་འགྲོ་བ་སེམས་ཅན་ཀུན་ལ་གཏན་བདེ་བླ་ན་མེད་པ།
ཡང་དག་པའི་ལམ་གྱི་ཐོབ་བྱར་གྱུར་པའི་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལ་འཆད་ཉན་དང་། ཐོས་བསམ་མཛད་དེ་བཞུགས་པར་དྲན་གྱིན་ཡོད་རེད། རྒྱལ་ཚབ་བྱམས་པ་མགོན་པོས།
“སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །
དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །”
ཞེས་གསུངས་པ་ཇི་བཞིན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡང་སྙིང་ལུང་དང་རྟོགས་པས་གྲུབ་པའི་རིག་པའི་གཞུང་ལུགས་ཤིག་ཡིན། དེ་ལས་ཀྱང་སློབ་པ་ལམ་གྱི་གནས་སྐབས་སུ་འཚོ་ཤིང་བཞུགས་པའི་འགྲོ་བ་མི་ཀུན་ལ་གང་དེ་གཉིས་ཀྱི་ཡ་གྱལ་ལུང་གི་བསྟན་པ་ནི་ཆེས་གཙོ་བོ་རུ་ཟད། དེ་ལྟ་ན། ལུང་གི་བསྟན་པ་དེ་ལས་ཀྱང་མངོན་པའི་སྡེ་སྣོད་གཙོ་བོ་ཡིན་པ་འགྲོ་མི་བློ་ལྡན་ཀུན་གྱིས་མཁྱེན་གསལ་ཡིན། དེ་ན་མངོན་པའི་སྡེ་སྣོད་གང་ལ་ངོས་བཟུང་བྱེད་དགོས་ཟེར་ན། སྒོ་ཤེར་གྱིས།“འོ་ན་གང་ཞིག་མངོན་པའི་སྡེ་སྣོད་ཡིན་ནམ་ཞེ་ན། མངོན་པ་མཛོད་དང་། ཚད་མ། དབུ་མ་ལ་སོགས་པའི་སྐོར་གྱི་བསྟན་བཅོས་ཕལ་མོ་ཆེ་མངོན་པའི་སྡེ་སྣོད་ཡིན་ལ། དེ་དག་ནི་ནང་བསྟན་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་ཉིང་བཅུད་འབའ་ཞིག་ཏུ་ངེས་སོ། །”ཞེས་གསུངས་པས། དེ་ན་མངོན་པའི་སྡེ་སྣོད་ཀྱི་གཏིང་རིམ་ན་ཅི་དང་གང་ཉར་ཡོད་ཅེ་ན། ཡང་སྒོ་ཤེར་གྱིས“མི་སུ་དང་སུ་ཡིན་རུང་མི་ཚེའི་ངེས་དོན་གྱི་རིན་ཐང་ཞིག་མངོན་དུ་འགྱུར་བར་འདོད་ན། ཤེས་བྱའི་དོན་དངོས་ཀྱི་གྲུབ་ཚུལ་གཞིར་བཟུང་སྟེ་རང་གི་ལྷན་སྐྱེས་ཀྱི་བློའི་འཛིན་ཚུལ་མང་པོ་ཞིག་ལ་བཟོ་བཅོས་རྒྱག་དགོས་པ་ཡིན་ཞེས་བསྟན་ཡོད་པ་རེད། དེའི་རྒྱུ་མཚན་ནི་ལྷན་སྐྱེས་ཀྱི་བློ་འདི་དག་གི་འཛིན་ཚུལ་དང་། ཡུལ་དངོས་ཀྱི་གྲུབ་ཚུལ་གཉིས་མི་མཐུན་པས་སོ་ཞེས་བརྗོད་ཡོད་པར་འདུག དེར་མ་ཟད་རང་རང་གི་དོན་དམ་གྱི་ཕན་བདེའི་ཕྱིར་དུ་འཛིན་སྟངས་འཁྲུལ་བ་ཅན་གྱི་བློ་ལྷན་སྐྱེས་རྣམས་འཁྲུལ་བའི་གནས་ལས་ལྡོག་རིགས་པའི་རྒྱུ་མཚན་དུ། ཤེས་བྱ་གཞིའི་རྣམ་གཞག་སྟེ། ཚེ་སྲོག་གི་དོན་གྱི་གནས་ལུགས་དང་། ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་ཕྲ་རགས། ལུས་དང་སེམས་ཀྱི་རྩ་བའི་སྡོད་ལུགས་སོགས་ལ་བརྟག་ཞིབ་བྱས་པའི་གཙུག་ལག་གཞུང་ལུགས་མང་པོ་ཞིག་མཛད་ཡོད་པ་དེ་དག་ལ་ནི་མངོན་པའི་སྡེ་སྣོད་ཅེས་ཟེར་བ་རེད།”ཞེས་གསུངས་པ་འདིར་ཐུགས་ཤིན་ཏུ་མད་པར་གྱུར།
དེས་ན་འདི་ལྟ་བུ་ནང་བསྟན་མཚན་ཉིད་རིག་པའི་གཏིང་རིམ་ན་ཉར་བའི་ཤེས་བྱའི་ཟབ་ཚད་འདི་ལྟ་བུ་སུ་དང་གང་གིས་ཆུ་བུར་མིག་གིས་མཐོང་ལམ་དུ་བརྡལ་ཡོང་གི་རེད་ཅེ་ན། ཆེས་ཐོག་མར་སྟོན་ཡང་དག་སངས་རྒྱས་བཅོམ་ལྡན་འདས་མི་འཇོག་ཐུ་མེད་རེད་མོད། ཕྱིས་སུ་པན་གྲུབ་མང་པོ་གདན་ཐོབ་གཅིག་ཏུ་བསྡད་དེ་ནང་བསྟན་སངས་རྒྱས་ཆོས་ལུགས་ཀྱི་དཔལ་ཡོན་གནས་གང་དུ་ཡང་དེ་ལྟ་བུ་དར་མ་མྱོང་བའི་ལུང་པ་དཔལ་ནཱ་ལེནྡྲ་ཁོ་ནའོ། །དེ་ལས་རང་ཅག་བོད་ཁ་བ་གངས་ཅན་ལྗོངས་ལ་དངོས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་ནང་བསྟན་ཆོས་ལུགས་ཀྱི་པཎ་གྲུབ་རྣམ་པར་སྒོ་གསུམ་ཀུན་ནས་གཟུགས་བརྙན་འཕོས་པའི་རི་མོ་ཙམ་དུ་མ་ཟད། “ཆུ་མགོ་གངས་དང་མི་རྒྱུད་ལྷ”དང་དངོས་རྒྱུད་ཀུན་ནས་འབྲེལ་ཡོད་པ་ནི་༸གོང་ས་ཐམས་ཅད་མཁྱེན་པའི་«ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་»སུ་དྲངས་པའི་མི་སྣ་ལས་ཡོད་མ་ཡིན།
པཎ་གྲུབ་དེ་དག་གདན་ཐོབ་གཅིག་གི་ཐོག་ལ་ལྟ་བ་སྣ་མང་ཅན་བཞུགས་ཐུབ་པ་ནི་རྒྱུ་མཚན་གང་ཡོད་ཅེ་ན། “རིག་གནས་སྒམ་དཀྱིལ་གྱི་སྙིང་སྟོབས། ཞིབ་དཔྱོད་བདེན་འཚོལ་གྱི་སྲོལ་རྒྱུན། ལྟ་བ་རང་དབང་གི་མཁའ་དབུགས། སྤྱོད་པ་ངོས་གཙང་གི་འགྲིག་ལམ་”འདི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་གནས་ཐུབ་པ་རེད། དེ་འདྲ་བའི་གནས་བཞེས་གཙང་མ་མིང་ལ་ཅི་འབོད་ཅེ་ན། “དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་”ཞེས་འབོད་དོ། །
ལར་“ལར་དཔལ་ན་ལེནྡྲའི་གཙུག་ལག་ཁང་”འདི་ནམ་ཞིག་ལ་དབུ་ཚུགས་པ་ནི་བོད་ཀྱི་མཁས་པའི་བཞེད་གཞུང་གཅིག་ཏུ་གཏན་ནས་དབབ་ཐུབ་མེད། ཏཱ་ར་ནཱ་ཐའི་«རྒྱ་གར་ཆོས་འབྱུང་»ལས། “དེ་ལྟར་ན་ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། །”ཞེས་པ་འདི་རང་རེའི་བོད་པའི་སྤྱི་ཚོགས་ཀུན་ལ་རླུང་ལྟར་གྲགས། ཆག་ལོ་ཙཱ་བ་ཡང་རྒྱ་གར་ན་དངོས་སུ་བྱོན་མྱོང་མཁན་གྱིས་ཀྱང་འདི་ལྟར་བཞེད་ཡོད། «རིན་ཆེན་ཕྲེང་བ་»ལས། “སྔོན་གྱི་རྒྱལ་པོའི་ཆོས་ཀྱི་གཞི། །”གསུངས་པ་ནི་དཔལ་ན་ལེནྡྲ་ཡིན་པ་གཞིར་བཞག་སྟེ་གསུངས་ཡོད་ཀྱང་ཡིད་རྟོན་འཕེལ་བའི་གནས་སུ་མ་མཆིས། དེ་ན་གང་བདེན་པར་དུ་མཐོང་སྙམ་ན། མཁས་དབང་དགེ་ཆོས་ཀྱིས་«གཏམ་རྒྱུད་གསེར་ཐང་»ལས། རྒྱའི་བཙུན་པ་སྔ་ཕྱི་འདི་གསུམ་གྱི་ལམ་ཡིག་རྣམས་མཇལ་ཚེ་ཁ་སང་རྒྱ་གར་ནས་བྱོན་པ་སྙམ་པ་འཆར། ཞིབ་པ་དང་བདེན་པ་ལ་ཚོད་མེད།”གསུངས་པ་ཇི་བཞིན་དཔལ་ན་ལེནྡྲའི་ལོ་རྒྱུས་ལ་བལྟས་ཚེ་རྒྱའི་བཙུན་པ་སྔ་ཕྱི་འདི་གསུམ་ལས་ཞིབ་པ་ཞིག་ཡོད་པར་འཕྱང་མོ་ཉུག་མི་དགོས། ཏཱ་ར་ནཱ་ཐས་གསུངས་པ་ལྟར་ཡིན་ན། རྒྱའི་བཙུན་པ་“ཆོས་ཀྱི་སྣང་བས”ཁོ་རང་རྒྱ་གར་དུ་ཕེབས་པའི་སྐབས་ལ་མཆོད་རྟེན་ཁ་ཤས་ལས་མེད་པར་གསུངས་པ་ནི་ཟོལ་ཚིག་ཏུ་འགྲོ་བར་ཆེ་མོད། དེ་ནི་མ་ཡིན་ཏེ་དགེ་ཆོས་ཀྱིས་གསུངས་པ་བཞིན་རྒྱའི་བཙུན་པ་སྔ་ཕྱིའི་ཞིབ་པ་ཞིག་གཏན་ནས་མཐོང་དུ་མེད།
དེ་ན་དཔལ་ན་ལེནྡྲའི་གཙུག་ལག་ཁང་ཆོས་སྡེ་ཆེན་མོ་འདི་གཏན་ཆགས་སུ་དགོན་སྡེའི་རྣམ་པར་གྲུབ་པའི་དུས་ནི་དུས་རབས་ལྔའི་འགོ་བརྩམས་པ་ཡིན་དགོས། རྒྱུ་མཚན་གང་ཡོད་ཅེ་ན། རྒྱའི་བཙུན་པ་“ཆོས་ཀྱི་སྣང་བ་ (法显) སྤྱི་ལོ་ ༣༩༩ ལོར་རྒྱ་ནག་ཁྲང་ཨན་ནས་ལམ་དུ་ཆས་ཏེ་སིང་ག་ལ་དང་རྒྱ་གར་སོགས་སུ་གནས་གཟིགས་སུ་ཕྱིན་ནས་སྤྱི་ལོ་ ༤༡༦ ལོར་ཕྱིར་ཁྲང་ཨན་དུ་འབྱོར་བའི་ལམ་ཡིག་ཏུ། ད་ལྟའི་ནཱ་ལེནྡྲཱ་ཆགས་པའི་གནས་དེར་མྱང་འདས་ཀྱི་མཆོན་རྟེན་འགའ་ལས་དགོན་པ་ཞིག་ཡོད་རབས་གཏན་ནས་གླེང་མེད་པའི་ཕྱིར་དང་། རྒྱའི་བཙུན་པ་“ཞན་ཙང་ (玄奘) གིས་ནཱ་ལེནྡྲ་ཐོག་མར་གསར་བཞེངས་མཛད་པའི་སྐབས་ལ་རོགས་རམ་མཛད་མཁན་ཟླ་བ་སྦས་པ་གཉིས་པ་ཡིན་ཞེས་གསུངས་པ་སོགས་ལ་བསམས་ན་དུས་རབས་ལྔ་པའི་འགོ་ཙམ་ན་ཡིན་པར་མཁས་པ་བྱིངས་ཀྱིས་བཞེད།
ལར་དཔལ་ནཱ་ལེནྡྲའི་འགོ་ཚུགས་པའི་ལོ་དེ་དུས་རབས་ལྔ་པའི་སྟོད་ཙམ་ན་ཡིན་ན་ཟླ་བ་སྦས་པ་གཉིས་པ་དེ་དུས་རབས་དང་དུས་ཚོད་གང་ཞིག་ལ་འཁྲུངས་ཤེ་ན། ཁང་དཀར་ཚུལ་ཁྲིམས་དཀར་བཟང་གིས། «དེབ་སྔོན་གསར་མ་»ལས། “དེ་ནས་ཟླ་བ་སྦས་པ་གཉིས་པ་ (Candragupta) (༣༧༥-༤༡༤) དང་”སྒོ་ཤེར་ནས་“ཟླ་བ་སྦས་པ་གཉིས་པ་ (༤༡༤-༤༥༥) གསུངས་པ་དང་། ཚེདབང་བཀྲ་ཤིས་ཀྱིས། “ཟླ་བ་སྦས་པ་གཉིས་པ་ (༣༨༠-༤༡༤) བར་ཡིན་གསུངས་པས། དེ་དག་ཆེས་གསལ་ཆ་ཆེ་ས་ནི་ཨ་ཁུ་སྒོ་ཤེས་གསུངས་པ་མད་པར་གྱུར། རྒྱུ་མཚན་རྒྱའི་བཙུན་པ་ཆོས་སྣང་གི་ལམ་ཡིག་དང་ཞན་ཙང་གིས་ཟླ་བ་སྦས་པ་གཉིས་པ་ཡིན་པ་སོགས་ལ་བསམས་ན་སྒོ་ཤེས་ཀྱི་དགོངས་པ་ཕྱོགས་ཀུན་ནས་ཐོད་ཐུག་གོ །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༠ ལ་སྦྱར་རོ།།
ཡོང་ཁུངས། ལུག་ཚང་དཔལ་ཡོན།
Post Views: 1