༣༽ བི་ཀྲ་མ་ལ་ཤཱི་ལ་རྒྱལ་པོ་སུས་བཞེངས་མིན།
དེ་ཡང་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[1]།
ཕྱིས་སུ་དྷརྨ་པཱ་ལས་བཞེངས་པ་ཡི། །
རྣམ་གནོན་ཚུལ་གྱིས་བསྔགས་པའི་གཙུག་ལག་ཏུ། །
ཞེས་གསུངས་པ་ལྟར་རྒྱ་གར་འཕགས་ཡུལ་དུ་ཐེག་པ་ཆེ་ཆུང་གི་ཆོས་གྲྭ་དཔག་ཏུ་མེད་པ་བྱུང་ཡང་། སྔགས་ཀྱི་ཆོས་གྲྭ་ཡོངས་སུ་གྲགས་པ་ནི་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྣམས་རྫོགས་པའི་རྗེས་སུ་རྒྱ་གར་ཤར་ཕྱོགས་སུ་པཱ་ལའི་རིགས་ཅན་གྱི་རྒྱལ་པོ་བཅུ་བཞིའམ།
ལ་ལར་བཅུ་དགུ་བྱུང་བར་གསལ་བའི་བཞི་པ་རྒྱལ་པོ་དྷརྨ་པཱ་ལ་ (775-800) ཞེས་མངའ་ཐང་ལོངས་སྤྱོད་ཤིན་ཏུ་ཆེ་བ་ཞིག་བྱུང་བ་གང་དེས། དུས་རབས་བརྒྱད་པའི་ནང་མ་ག་དྷ་དང་ཆུ་མོ་གངྒཱའི་བྱང་ཕྱོགས་ངོས་ཀྱི་ལྷའི་ཆུ་བོར་གྲགས་པའི་གངྒཱའི་ཉེ་འགྲམ་དུ་རི་དེའུ་ (རི་དེའུ་ནི་རི་འབུར་ཆུང་ངུ་ཞེས་པའི་དོན།) ཞིག་གི་རྩེ་མོར་བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ཚུལ་གྱིས་བསྔགས་པའི་གཙུག་ཁང་འདི་ཉིད་བཞེངས་པར་གསུངས་སོ།།
དེ་བཞིན་རཀཿབཀྲས་མཐོང་ཐུབ་བསྟན་ཆོས་དར་ (1925-2012) མཆོག་ནས་བརྩམས་པའི་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་ཡིག་རྙིང་ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག་ནས་བཏུས་པ་ལས[2]། དེ་ནས་ནག་ཚོ་བི་ཀ་མ་ལ་ཤཱི་ལར་ཕེབས་སྐོར་ཇོ་བོའི་ལམ་ཡིག་ཏུ་གསལ་ཞིང་། བི་ཀ་མ་ཤཱི་ལའི་སྐོར་བཤད་ཚུལ་མང་ཡང་། པཾ་རཱ་ཧུལ་སཱཾ་གྱི་ཆོས་འབྱུང་ལྟར་ན། ཅནྡདྲ་གུཔྟ་བྲིཀྲམ་གཞོན་དུས་ཅཾ་པའམ་འདུལ་བར་ཨང་གའི་ཡུལ་གྱི་བདག་པོའི་སྐབས། དེང་དུས་སུལ་ཏཱན་གཾཇའི་རི་གཉིས་ཀྱི་སྟེང་དུ་ལྷ་ཁང་ཁ་ཤས་བཞེངས་པའི་མིང་བི་ཀ་མ་ལ་ཤི་ལཱ་ཞེས་རབ་ཏུ་གྲགས་ཞེས་བཤད། སུལ་ཏན་ནི་པར་ཤེ་ཡའི་སྐད་ལ་རྒྱལ་པོ་དང་། གཾཇ་བར་མཛོད་ཡིན་པས། རྒྱ་གར་ལ་མུ་སུལ་མན་ཁ་ཆེ་སླེབས་རྗེས་སུ་མིང་བསྒྱུར་བའི་གྲས་ཡིན་ལ། ཅམ་པ་ནི་སྔ་མོ་ཨཾ་ག་དང་མ་ག་དྷ་ཟེར་བའི་ཨཾ་གའི་རྒྱལ་ས་ཆེ་ཤོས་དེ་ཡིན་པར་བཤད། ཅེས་གསལ་ཞིང་། ཨངྒ་དང་ཅམ་པ་སོགས་ཀྱི་སྐོར་མཁན་ཆེན་ཞི་འཚོའི་རྣམ་ཐར་རྒྱས་པའི་ནང་བཀོད་ཟིན་པས་དེར་གཟིགས་པར་འཚལ།།
བསྟན་རྩིས་ཀ་ཕྲེང་ལག་དེབ་ལས[3]། བྲི་ཀ་མ་ཤཱི་ལ། (བི་ཀྲ་མ་ཤི་ལ་བི་ཧཱ་ར།) དུས་རབས་བརྒྱད་པའི་མཇུག་ལ། རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལ་ (ཧ་ལམ་ཕྱི་ལོ་ 770-810) ཡིས་བཏབ། རབ་བྱུང་ ༣ པའི་ལྕགས་བྱ་ (ཕྱི་ལོ་ 1201) ལོར་ཀླ་ཀློའི་དམག་གིས་བཅོམ། (སུམ་པ། སི་ཏུའི་རང་རྣམ།) རབ་བྱུང་ ༣ པའི་ཆུ་ཕག་ (ཕྱི་ལོ་ 1203) ལོར་བི་ཀྲ་མ་ཤཱི་ལ་བི་ཧཱ་ར་བཅོམ། ཞེས་བྱུང་བ་ལྟར། ཕྱི་ལོའི་དུས་རབས་བརྒྱད་པའི་ནང་རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལས་བཞེངས་པར་གསལ་ལ། མདོ་སྡེ་དྲན་པ་ཉེར་བཞག་གི་འགྱུར་བྱང་དུ། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤཱི་ལ་ནའང་། དེ་བ་པཱ་ལས་བཞེངས་པར་གསལ་བས་བཞེད་པ་མི་མཐུན་པ་ལྟར་སྣང་ཡང་། དོན་དུ་རྒྱ་གར་ཆོས་འབྱུང་ལས་རྒྱལ་པོའི་བྱུང་རིམ་ལྟར་སྨོས་ན། རྒྱལ་པོ་དེ་བ་པཱ་ལས་གཙུག་ལག་ཁང་གི་རྨང་གཞི་བཏིང་ཞིང་། རྒྱལ་པོ་དྷརྨ་པཱ་ལས་དར་རྒྱས་སུ་མཛད་པ་ཞིག་ཡིན་འདུག་སྙམ།
བེན་གྷལ་གྱི་རྒྱལ་རབས་ཞིབ་འཇུག་བྱེད་པ་པོ་ (Nihar Ranjan Ray) གི་གསུང་རྩོམ་བྷེན་གྷལ་གྱི་ལོ་རྒྱུས་ཞེས་པ་ལྟར་ན། པཱ་ལའི་རྒྱལ་རབས་ལ་རྒྱལ་པོ་བཅུ་བདུན་ཡོད་པའི་ནང་ནས་རྒྱལ་པོ་གཉིས་པ་དེ་རེད། གང་ལྟར་རྒྱ་བོད་གཉིས་པོའི་ཡིག་ཆའི་ནང་དུ་པཱ་ལའི་རྒྱལ་རབས་རྣམས་ཀྱི་རྒྱལ་པོའི་གྲངས་དང་གོ་རིམ་སོགས་ལ་ཅུང་ཟད་མི་མཐུན་ཡང་བི་ཀྲ་མ་ཤཱི་ལ་ཐོག་མར་བཞེངས་མཁན་ནི་དྷརྨ་པཱ་ལ་ཡིན་པ་ཕལ་མོ་ཆེ་མཐུན་པ་སྟེ། དེ་ཡང་དབྱངས་ཅན་དགའ་བློའི་ (1740-1827) ལམ་རིམ་བརྡ་བཀྲོལ་ལས[4]། འདི་བཞེངས་པ་པོ་ནི། སློབ་དཔོན་སེང་གེ་བཟང་པོའི་སྦྱིན་བདག་ཆོས་རྒྱལ་དྷརྨ་པཱ་ལ་ (773-820) ཞེས་པ་དེ་ཡིན་པར་ཆོས་འབྱུང་དང་ལོ་རྒྱུས་མང་པོ་ལས་བཤད་དོ། །ཞེས་བྱུང་ལ། རྒྱ་གར་ཆོས་འབྱུང་དུའང་རྒྱལ་པོ་དྷརྨ་པཱ་ལ་སྟེ་དཔལ་ལྡན་ཆོས་སྐྱོང་གི་སྐུ་དུས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ཐོག་མར་བྱུང་བར་གསུངས་སོ།།
རྒན་གྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་བཤུལ་ལམ་ལས[5]། བྲི་ཀཱ་མ་ལ་ཤཱི་ལ་ཞེས་པར། དགའ་ལྡན་པར་རྙིང་དང་འབྲས་ཧོར་དུ། བྲི་ཀ་མ་ལ་ཤི་ལ་ཞེས་རིང་ཆ་མེད་ལ། འདི་ཇོ་ནང་པའི་རྒྱ་གར་ཆོས་འབྱུང་དུ་བྷངྒ་ལའི་པཱ་ལ་རྒྱལ་རབས་གསུམ་པའམ་བཞི་པ་རྒྱལ་པོ་ཆོས་སྐྱོང་གིས་བཞེངས་པར་བཤད་ཅིང་། དྲན་པ་ཉེར་བཞག་གི་འགྱུར་བྱང་སྟེ། སྡེ་བཀའ་མདོ་མང་ ༼ཤ༽ པའི་ ༢༢༨བ༧ ལས། མ་ག་དྷཱའི་ཡུལ་སྨད་ན། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤཱི་ལ་ཞེས། པཱ་ལའི་རྒྱལ་རབས་བཅོ་བརྒྱད་པ་ར་མ་པཱ་ལས་སྲིད་སྐྱོང་སྐབས་ (ཕྱི་ལོ་ ༡༡༣༠-༡༡༦༥) གཙུག་ལག་ཁང་ཆེན་མོ་དེར་དངོས་སུ་སློབ་སྦྱོང་གནང་ཞིང་། སྡེ་བསྟན་རྒྱུད་ ༼ཕུ༽ ༼བུ༽ གཉིས་སུ་བཞུགས་པའི་སྒྲུབ་ཐབས་བརྒྱ་རྩ་སྒྱུར་མཁན་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་གསུངས་ཤིང་། དེ་ལྟར་ན་པཱ་ལའི་རྒྱལ་རབས་གཉིས་པའི་རིང་ (ཕྱི་ལོ་ ༧༣༠-༧༧༧) བཞེངས་པ་ཡིན་ནོ།།
གསེར་ཐང་དུ། དྷརྨ་པཱ་ལ་རྒྱལ་རབས་གཉིས་པ་དང་། གོ་པཱ་ལའི་སྲས་སུ་བཤད་པ་དང་། དེ་བ་པཱ་ལ་ཆོས་སྐྱོང་གི་སྲས་སུ་བཤད་པ་དང་། བྲི་ཀ་མ་ལ་ཤཱི་ལ་གོ་པཱ་ལ་ཟེར་བ་ཞིག་གིས་བཞེངས་པ་བོད་ལ་གྲགས་ཚུལ་དང་། རྒྱལ་རབས་དེར་གོ་པཱ་ལ་གསུམ་བྱུང་ཚུལ་བཤད་པ་སོགས་ནི་རེ་ཞིག་བཞག་ཅིང་། ཇོ་བོའི་རྣམ་ཐར་རྒྱས་པ་ཡོངས་གྲགས་མར་ཡང་དཔལ་ལྡན་ཆོས་སྐྱོང་གིས་བཞེངས་པར་བཤད། ནམ་འཇིག་པ་མི་གསལ་ཡང་། ཕྱི་ལོ་ ༡༢༣༦ ལོ་ཙམ་ལ་ཆག་ལོ་བོད་དུ་ཕེབས་སྐབས་ཨོ་ཏནྟ་དང་འདི་གཉིས་ཁ་ཆེའི་དམག་གིས་གཏོར་ཚར་བས། ཆག་ལོའི་རྣམ་ཐར་དུ་གནས་དེ་གཉིས་ཀྱི་རྒྱུ་མཚན་གསུངས་མེད། ནག་ཚོའི་ཇོའི་བསྟོད་དུ། བི་ཀཱ་མ་ནི་ཤཱི་ལ་ན། །ཞེས་ཐེངས་གཉིས་འབྱུང་བས་དེ་ལྟར་བྱེད་ཅིང་། ཇོ་རྣམ་ཡོངས་གྲགས་མ་ལྟར་ན་ཚུལ་ཁྲིམས་ཀྱི་དྲི་ངད་ལྡན་པ་དང་། གནོད་སྦྱིན་མནན་པའི་གཙུག་ལག་ཁང་ཞེས་པ་ཡིན་སྐད་དང་། གཞན་མང་པོས་རྣམ་པར་གནོན་པའི་ངང་ཚུལ་དང་། སྦྱིན་པས་མི་ངོམས་པ་དང་། མི་ཆོག་སྦྱིན་སོགས་སུ་བསྒྱུར་ལ། དེང་སང་གངྒཱའི་འགྲམ་དུ་པ་ཐར་གྷ་ཌ་ཟེར་བ་ཞིག་ཡོད་པ་དེ་ཡིན་པ་དང་། བྷ་གྷལ་པུར་ནས་སྤྱི་ལེ་བཅུ་གཉིས་ཙམ་ཡོད་སྣང་། ཞེས་གསལ་ལོ།།
དེ་ལྟར་རྒྱལ་པོ་ཆོས་སྐྱོང་སྟེ། གཽ་པཱ་ལའི་སྲས་ཆོས་སྐྱོང་གིས་མ་ག་དྷའི་ཡུལ་དེར་བི་ཀྲ་མ་ཤཱི་ལ་ཞེས་པའི་ནང་པའི་གཙུག་ལག་ཁང་གསར་བཞེངས་གནང་ཞིང་། གཙུག་ལག་ཁང་དེའི་བསླབ་གཞི་གཙོ་བོ་མངོན་པ་དང་། གཏན་ཚིགས་རིགས་པ། བརྡ་སྤྲོད། སྔགས་དང་ཆོ་ག་སོགས་ཡིན། རྒྱལ་པོ་དེའི་སྐབས་སློབ་གཉེར་བ་རྣམས་ལ་ཕྱག་ཁྱེར་ཕུལ་བ་སོགས་མཛད་ཡོད། རྒྱལ་པོ་ཆོས་སྐྱོང་གིས་ཆོས་སྡེ་ལྔ་བཅུ་ལྷག་བཙུགས་གནང་བ་དང་། དེ་དག་ཏུ་ཤེར་ཕྱིན་གྱི་གཙོས་ལྟ་གྲུབ་སློབ་གཉེར་གྱི་བསླབ་གཞི་བཙུགས་གནང་མཛད་ཡོད། སློབ་གཉེར་ཁང་དེ་ནས་ཐོན་པའི་སློབ་གཉེར་བ་གཟེངས་སུ་ཐོན་པ་ནི། དཔལ་མར་མེ་མཛད། ཞི་བ་འཚོ། སཱ་ར་ཧ། ཏི་ལོ་པ། དྲི་མེད་བཤེས་གཉེན། བདེ་གཤེགས་དཔལ། འཇམ་དབྱངས། གྲོལ་བའི་བཤེས་གཉེན་སོགས་ཡིན།[6]
གཞན་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) མཆོག་གིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[7]། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་དུས་ཀྱི་རྒྱ་གར་བའི་པཎྜི་ཏ་དེ་དག་ཕལ་ཆེར་པཱ་ལའི་རྒྱལ་ཁམས་ནས་བྱོན་པ་ཡིན་ཅིང་། ཨོ་ཏནྟ་པུ་རི་དང་། བི་ཀྲ་མ་ཤི་ལ་ཡང་རྒྱལ་བརྒྱུད་དེ་དག་གི་སྐབས་སུ་བརྩིགས་ཤིང་། ཐེག་ཆེན་ཤིན་ཏུ་དར་བའི་དུས་སུ་གྲགས། ཞེས་གསལ་ལ། ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་ (1729-1783) གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས[8]། ཇོ་བོ་ཆེན་པོ་དེ་ཉིད་ཀྱི་སྙན་པའི་གྲགས་པས་འཕགས་ཡུལ་ཀུན་ཏུ་ཁྱབ་སྟེ། དེའི་ཚེ་མ་ག་དྷ་དང་། ཨོ་ཏནྟ་ཏ་པུ་རི་དང་། སོ་མ་པུ་རི་དང་། ནཱ་ལེནྡྲ་དང་། བི་ཀྲ་མ་ཤཱི་ལའི་གནས་གཞི་རྣམས་ནི་པཎྜི་ཏ་དང་གྲུབ་ཐོབ་ཤིན་ཏུ་མང་ཡང་། ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་བཞུགས་པའི་དུས་སུ། རྒྱལ་པོ་དྷརྨ་པཱ་ལས། ཇོ་བོ་རྗེ་རྡོ་རྗེ་གདན་ནས་བི་ཀྲ་མ་ཤཱི་ལར་སྤྱན་དྲངས་ནས་བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་ཏེ། སྐབས་འདིར་བི་ཀྲ་མ་ཤཱི་ལ་བཞེངས་པའི་ལོ་རྒྱུས་ཅུང་ཟད་བཤད་ན། ནཱ་ལེནྡྲ་ན་སློབ་དཔོན་ཆེན་པོ་ཀམྤ་ལ་བྱ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཞིག་བཞུགས་པ་དེས། ཆུ་བོ་གངྒཱའི་འགྲམ་ན་བྲག་དེའུ་ཞིག་ཡོད་པ། དེའི་སྟེང་དུ་གཙུག་ལག་ཁང་བརྩིགས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེ་བར་མངོན་ཤེས་ཀྱིས་གཟིགས་ནས། དེ་བརྩིག་པ་ལ་རབ་ཏུ་བྱུང་བ་ལས་རྒྱལ་པོའི་རྟེན་ནུས་པ་ཆེ་བར་དགོངས་ཏེ། རྒྱལ་པོ་གཽ་པ་ལའི་སྲས་དེ་ཝ་པ་ལ་བྱ་བ་མངའ་རིས་ཕུན་སུམ་ཚོགས་པ་དང་ལྡན་པ་དེའི་བཙུན་མོའི་རྨི་ལམ་དུ། སྣམ་སྦྱར་དམར་སེར་གྱོན་པ་ལྷུང་བཟེད་དང་འཁར་གསིལ་ཐོགས་པ་ཞིག་གནས་གཡར་ཟེར་བ་རྨིས་ཏེ། རྒྱལ་པོས་བརྗོད་པ། དོ་ནུབ་ཀྱང་བྱུང་ན་གནས་བཏང་གི་གྱིས་གསུངས། ཡང་བྱོན་པ་ལ་དེ་ལྟར་བྱས་པས། རྒྱལ་པོ་དེའི་སྲས་སུ་སྐུ་སྐྱེ་བ་བཞེས་པ་རྒྱལ་པོ་དྷརྨཱ་པཱ་ལ་བྱ་བ། ཡུལ་དབུས་མ་ག་དྷཱ་ཐམས་ཅད་ལ་དབང་བསྒྱུར་བ་དེས་བྲག་དེའུ་དེའི་ཁར་གཙུག་ལག་ཁང་བཞེངས་ཏེ་བི་ཀྲ་མ་ཤཱི་ལ་བྱ་བར་གྲགས་ཏེ། བོད་སྐད་དུ། ཚུལ་ཁྲིམས་ཀྱི་ངད་དང་ལྡན་པ་བྱ་བར་འོང་བར་བཤད། དེར་རྩ་བའི་སྡེ་བཞིའི་[9]དགེ་སློང་ཚང་བར་བཞུགས་ཤིང་། འཚོ་བ་ཡང་རྒྱལ་པོས་སྦྱོར་བ་དང་། རིག་པའི་གནས་ལྔའི་འཆད་ཉན་དར་བས་དེར་བཞུགས་པའི་རབ་བྱུང་ཕལ་ཆེ་བ་པཎྜི་ཏ་ཤ་སྟག་ཡིན་ནོ། །ཞེས་གསུངས་པ་ལྟར་རྒྱལ་པོ་དྷརྨ་པཱ་ལས་བཞེངས་པའོ།།
འོན་ཀྱང་གསུང་ཚུལ་གཞན་ཞིག་ནི། དངོས་སུ་ཞབས་ཀྱིས་བཅགས་མྱོང་བའི་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས། མདོ་སྡེ་དྲན་པ་ཉེར་བཞག་གི་འགྱུར་བྱང་ལས[10]། གཞན་ཡང་ཡུལ་དབུས་མ་ག་དྷཱ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྟེན་མང་དུ་བཞུགས་ཤིང་། སངས་རྒྱས་པའི་སྐྱེ་བོ་དཀོན་མཆོག་གསུམ་ལ་དད་པས་ཡུལ་གང་བའི་མ་གའི་ཡུལ་སྨད་ན། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤི་ལ་ན་ཡང་མཁས་པའི་སྐྱེ་བོ་མང་དུ་ཟིན་ཀྱང་། ཞེས་བྱུང་བ་དང་། དེ་བཞིན་ལྷོ་བྲག་ཆོས་འབྱུང་ལེའུ་བཞི་པ་རྒྱ་གར་གྱི་རྒྱལ་རབས་སུའང་། གཙུག་ལག་ཁང་འདི་རྒྱལ་པོ་དེ་ཝ་པཱ་ལས་བཞེངས་པར་གསུངས་པས། རྒྱལ་པོ་དྷརྨ་པཱ་ལས་བཞེངས་པ་དང་། རྒྱལ་པོ་དེ་ཝ་པཱ་ལས་བཞེངས་པ་བཅས་བཞེད་པ་མི་མཐུན་པ་གཉིས་སུ་སྣང་བས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་འདི་ཉིད་ཐོག་མར་རྒྱལ་པོ་དེ་ཝ་པཱ་ལས་རྨང་གཞི་བཏིངས་ཤིང་། ཕྱིས་སུ་དྷརྨ་པཱ་ལས་རྒྱ་སྐྱེད་མཛད་པ་ཞིག་མིན་ནམ་སྙམ་པས་དཔྱད་དགོས་སོ།།
མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[11]། དེ་ནས་དཔལ་ནཱ་ལེནྡྲ་ན་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་བཞུགས་པའི་དུས་སུ་བསྟན་པ་དར་བས། གཙུག་ལག་ཁང་ཆེན་པོ་བཅུ་བཞི། ཆུང་ངུ་དགུ་བཅུ་གོ་བཞི་ཡོད། དགེ་སློང་པཎྜི་ཏ་ལྔ་བརྒྱ། དགེ་ཚུལ་པཎྜི་ཏ་ལྔ་བརྒྱ། སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ། བྷ་ལིང་ཨ་ཙརྱ་ལ་སོགས་པ་གཏོར་མའི་ཀུ་སུ་ལུ་ལྔ་བརྒྱ་བཞུགས། དེའི་དུས་སུ་བཤད་སྒྲུབ་ཀྱི་བསྟན་པ་དར་བས། མུ་སྟེགས་པས་ཕྲག་དོག་བྱས་ནས་དམག་ཆེན་པོ་དྲངས་པས། སྒྲོལ་མ་བརྒྱད་དང་མགོན་པོ་བརྒྱད་ཀྱི་ལྷ་ཁང་བཤིག་ནས་དམས་པར་བྱས་སོ། །དེ་ནས་རིང་ཞིག་ན། ཡུལ་དབུས་སུ་རྣལ་འབྱོར་པ་ཞིག་གིས་ལྷ་མོ་འོད་ཟེར་ཅན་ཆུ་བོ་གངྒཱའི་འགྲམ་དུ་བསྒྲུབས་པས་ཞལ་མཐོང་ནས། དངོས་གྲུབ་ཅི་འདོད་ཟེར། ང་རྒྱལ་པོ་གཅིག་ཐོབ་པར་འདོད་བྱས་པས། བ་གླང་རྫིའི་གྲོང་ཞིག་ན་མ་མད་གསུམ་ངུ་བ་མཐོང༌། ཁྱོད་ཅི་ལ་མ་དགའ་ཞེས་དྲིས་པས། ངའི་བུ་ལ་རྒྱལ་པོའི་རེས་མོས་བབས་ཟེར་ནས། དེ་ལ་ངུ་རྒྱུ་ཅི་ཡོད་དྲིས་པས། དོ་ནུབ་འཆི་བ་ཡིན་ཟེར། ང་ཡིས་ཁྱེད་ཀྱི་བུའི་ཚབ་བྱའམ་བྱས་པས། འོ་ན་རུང་སྟེ་ཟེར་ནས་གྲོང་ཁྱེར་དེ་ཉིད་དུ་རྣལ་འབྱོར་པ་དེ་རྒྱལ་པོར་དབང་བསྐུར་རོ། །དེའི་ནུབ་མོ་རྒྱལ་པོའི་མལ་དུ་བཙུན་མོ་ཀླུ་རུ་སྤྲུལ་པ་དེས་སྦྲུལ་གཅིག་ཏུ་བྱས་ནས་ཟ་རུ་བྱུང་བས་ལྷ་མོ་འོད་ཟེར་ཅན་གྱིས་རྡོ་རྗེའི་དབྱུག་པས་སྦྲུལ་དེ་མགོ་བོ་བཅོམ་ནས་བསད་དོ། །ནངས་པར་སྐྱེ་བོ་ཐམས་ཅད་རོལ་མོ་དང་བཅས་ཏེ་རྒྱལ་པོའི་སྤུར་འབྱིན་དུ་བྱུང་བས་རྒྱལ་པོ་ཅང་མ་ཉེས་པར་བཞུགས་པ་མཐོང་བས། དེ་རྣམས་ན་རེ། ངེད་ཀྱི་རྒྱལ་པོ་རེས་མོས་བབ་ན་ནུབ་རེ་ལ་འཆི་བ་ཡིན་ན། ཁྱོད་མ་ཤི་བ་ཇི་ཙུག་ཡིན་བྱས་པས། དེས་སྔར་རྒྱལ་པོ་ཀླུས་བསད་འདུག །མདང་ངས་ཀླུ་བཏུལ་ཡོད་པས། ད་རྒྱལ་པོ་མི་འཆི་ཡིས་ཁྱེད་རང་རྣམས་རྒྱལ་པོར་གང་འོས་པ་སྐོས་ཤིག་བྱས་པས། ད་ཁྱོད་རང་ལ་རྒྱལ་པོ་ཞུ་ཟེར་ནས། དེར་དེས་རྒྱལ་པོ་མཛད་པ་ལ་བཙུན་མོ་བརྒྱ་ཐམ་པ་ཁབ་ཏུ་བླངས་དབང་བསྐུར་རོ། །དེའི་མཚན་ཡང་གཽ་བོ་པཱ་ལ་ཞེས་བྱའོ། །དེའི་བཙུན་མོ་དམ་པ་ཞིག་གི་རྨི་ལམ་དུ་དགེ་སློང་ཞིག་གནས་གཡར་ཟེར་བས་དེ་རྒྱལ་པོའི་སྙན་དུ་གསོལ་བས། གནས་གཡར་དུ་ཆུགས་ཤིག །རྒྱལ་བུ་བཙའ་བའི་བརྡའ་ཡིན་གསུངས། དེའི་དུས་སུ་དགེ་སློང་སྦྱངས་པའི་ཡོན་ཏན་དཔལ་ལྡན་པ། གྲུབ་པ་ཐོབ་པའི་རྣལ་འབྱོར་པ། ས་ལུ་བྱ་བ་ཞིག་ཡོད་པས། དེའི་ཐུགས་དགོངས་ལ། འཛམ་བུའི་གླིང་དུ་ཐེག་པ་ཆེན་པོའི་ཆོས་དར་བར་བྱ། དེ་ལ་ང་སྐྱེ་བ་ལ། འཛམ་བུའི་གླིང་དུ་ཐེག་པ་ཆེན་པོའི་ཆོས་དར་བར་བྱ། དེ་ལ་ང་སྐྱེ་བ་ལ་དབང་ཐོབ་པས་དབུས་གྱུར་གྱི་ཚལ། ཤར་ཕྱོགས་ཀྱི་མུ་ཁྱེར་རི་པ་རི་ཞེས་བྱ་བའི་རྒྱུད་འདི་ལ་བསིལ་བ་གངྒཱའི་ཆུ་བོ། ལྷོ་ན་ནགས་ལ་སོགས་པ་ཡོན་ཏན་དུ་མ་དང་ལྡན་པ་འདིར། རྡོ་ལེབ་འདིའི་སྟེང་དུ་དགེ་འདུན་སྡེ་པ་བཞི་ལས་གྱེས་པ་བཅོ་བརྒྱད། ཐེག་པ་ཆེན་པོ་གཅིག །བསམ་གཏན་པའི་གཅིག་སྟེ། ཉི་ཤུ་ཐམ་པ་འཚོ་བའི་གཞིས་གཅིག་ཡོད་ན་དགའ་བ་ལ་སྙམ་དུ་དགོངས་སོ། །དེ་ཡང་ད་ལྟ་ང་ལ་ནུས་པ་མི་འདུག་པས་རྒྱལ་པོ་འདིའི་སྲས་སུ་གྱུར་ན་རུང་བ་ལ་སྙམ་ནས། མུ་ཏིག་ཧབ་རྩེ་གཅིག་ཡོད་པ་དེ་བཙུན་མོ་དམ་པ་ལ་བཅོལ་བས། རྒྱལ་པོ་ལ་ཞུས་པས་ཚགས་བྱ་གསུངས་སོ། །དེར་རྒྱལ་པོ་ལ་ཞུས་པས། ཟུངས་གསུངས་པས་བཟུང་ངོ༌། །དགེ་སློང་དེས་དཀོན་མཆོག་ལ་མཆོད་པ་ཕུལ། རྒྱལ་པོའི་སྲས་སུ་སྐྱེ་བ་དང༌། གཙུག་ལག་ཁང་རྩིག་པར་སྨོན་ལམ་རྣམ་པར་དག་པ་བཏབ་བོ། །དེ་ནས་སྐྱེ་གནས་བཟང་པོར་འཕོ་བ་བྱས་སོ། །དེར་བཙུན་མོ་ལྟོ་བ་སྦྲུམ་མར་གྱུར་ཏོ། །སྔར་རྒྱལ་པོ་ལ་སྲས་མེད་པས་ཤིན་ཏུ་དགྱེས་ཏེ། བཙུན་མོའི་ལུས་པོའི་རིམ་གྲོ་ཆེར་བྱས་སོ། །དེར་སྲས་རྒྱལ་བུ་ཞིག་བཙས་པ་དང༌། མཚན་ཡང་ར་མ་པ་ལ་ཞེས་བཏགས་སོ། །དེ་ཆེར་སྐྱེས་ཀྱང་སྨྲར་མ་འདོད་ནས། དུས་ལན་གཅིག་གི་ཚེ་བཙུན་མོ་ཡུམ་ལ། བདག་གི་མུ་ཏིག་ཧབ་རྩེ་དེ་གསོལ་ཞེས་ཟེར་རོ། །དེར་བཙུན་མོ་ཧ་ལས་ཏེ། རྒྱལ་པོ་ལ་ཞུས་པ། སྔོན་དགེ་སློང་གིས་མུ་ཏིག་ཧབ་རྩ་བཅོལ་བ་དེ་ལས་གཞན་འོས་མེད་དོ་གསུངས། རྒྱལ་བུ་དེ་མཚན་དང་ལྡན་ཞིང་བློ་སྦྱོང་ལ་སོགས་པ་ལ་ཚེགས་མེད་དེ། མཁས་ཤིང་དྲན་པ་དང་ལྡན་པར་གྱུར་ཏོ། །དེ་ནས་སྨོན་ལམ་བཏབ་པའི་སར་གནས་བརྩིགས་པས་གནོད་སྦྱིན་གྱིས་ཡང་ཡང་བཤིག་གོ །དེ་དམག་མིས་བསྲུངས་ཀྱང་མ་ཐུབ་པར་བཤིག་གོ །ཡང་སླར་བརྩིགས་ཏེ་རྒྱལ་བུ་རང་གིས་བསྲུངས་པས་ཡང་གནོད་སྦྱིན་དེ་བཤིག་ཏུ་བྱུང་ངོ༌། །དེར་གནོད་སྦྱིན་ལ་འཐབ་པས་རྒྱལ་པོ་རྒྱལ་བར་གྱུར་ཏོ། །དེར་གནོད་སྦྱིན་ན་རེ། རྒྱལ་བུ་ཁྱོད་ངའི་གནས་འཕྲོག་ཏུ་བྱུང་བས་བཤིག་པ་ཡིན། ད་ངས་ཁྱོད་ཀྱི་སྦྱིན་བདག་བྱ་ཡིས་མིང་དེ་ངའི་མིང་དང་མཐུན་པར་ཐོགས་ཟེར་བས། འབྲི་ཀ་མ་ལ་ཤཱི་ལ་བྱ་བར་བཏགས་ཏེ། ཚུལ་ཁྲིམས་ཀྱི་དྲི་ངད་དང་ལྡན་པ་ཡིན་ནོ། །དེའི་རབ་གནས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་དོ། །དེ་ནས་ཇོ་བོ་ཤཱཀྱ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དེ་དེར་བཞུགས་སུ་གསོལ་ལོ། །ཞེས་གསལ་བར་བྱུང་ལ། རྒྱ་བཟའ་ཀོང་ཇོས་གདན་དྲངས་ཤིང་། ད་ལྟ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་རྟེན་གཙོར་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནེ་སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དེ་ཉིད་ཀྱང་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་མྱོང་བར་གསལ་ལོ།།
འབི་ཀྲ་མ་ཤཱི་ལ་དང་། ཚ་བ་གསུམ། སོ་མ་པུ་རིའི་གཙུག་ལག་ཁང་ཇི་ལྟར་བཞེངས་པའི་ཚུལ་ནི། མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལས[12]། འབི་ཀྲ་མ་ཤཱི་ལར་ཇི་ལྟར་མཛད་པ་ནི། རྒྱ་གར་གྱི་ཡུལ་དཔལ་ཤྲཱི་ན་ལེནྟྲ་ན་སློབ་དཔོན་ཆེན་པོ་ཀམ་པ་ལ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་ཞིག་བཞུགས་པའི་ཐུགས་དགོངས་ལ། ཆུ་བོ་གངྒཱའི་འགྲམ་ན་བྲག་དེའུ་ཞིག་ཡོད་པའི་སྟེང་དུ་གཙུག་ལག་ཁང་ཞིག་བརྩིགས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་མངོན་ཤེས་ཀྱིས་གཟིགས་ཤིང་། རྩིག་པ་ལ་རབ་ཏུ་བྱུང་བ་བས་རྒྱལ་པོའི་རྟེན་ནུས་པ་ཆེ་བར་གཟིགས་སོ།།
དེ་ཡང་ཡུལ་དབུས་ཀྱི་རྣལ་འབྱོར་པ་ཞིག་རྒྱལ་པོའི་དངོས་གྲུབ་འདོད་ནས་རྒྱ་གར་ལྷོ་ཕྱོགས་ན་འོད་ཟེར་ཅན་གྱི་སྐུ་གཅིག་བཞུགས་པའི་སར་ཕྱིན་ནས་ས་རྡེ་བཙུགས་ནས་བདག་ལ་རྒྱལ་སྲིད་ཀྱི་འབྱོར་པ་ལ་མངའ་བརྙེས་པའི་རྒྱལ་པོ་ཞིག་ཏུ་འགྱུར་བའི་དངོས་གྲུབ་སྩོལ་ཅིག་ཅེས་གསོལ་བ་བཏབ་པ་གྲུབ་ནས་རྒྱལ་པོ་འདོད་ན་རྒྱ་གར་ཤར་ཕྱོགས་སུ་སོངས་ཤིག་གསུངས། རིམ་གྱིས་ཕྱིན་པས་གྲོང་ཁྱེར་ཞིག་ན་རྒྱལ་པོ་རེ་མོས་བྱེད་པ་ཞིག་གདའ་སྐད། དེའི་རེས་མོས་བ་ལང་རྫི་མ་སྨད་གཉིས་ཡོད་པའི་བུ་ལ་བབས་ནས་མ་དེ་ཡིད་མི་བདེ་ཞིང་ངོ་ལོག་པ་རྣལ་འབྱོར་པས་མཐོང་ནས་ཅི་ཉེས་དྲིས་པས་ངའི་བུ་དེ་རྒྱལ་པོའི་རེས་མོས་བབ་ཟེར། དེ་དགའ་མ་ཡིན་ནམ་བྱས་པས། རྒྱལ་པོའི་རེས་མོས་བབས་པ་ཐམས་ཅད་འཆི་རེས་བབས་པ་ཡིན་ཟེར། འོ་ན་ཁྱེད་ཀྱི་རྒྱལ་པོའི་རེས་མོས་ངས་བྱའམ་བྱས་པས། མ་སྨད་གཉིས་དགའ་ནས་རྣལ་འབྱོར་པ་དོད་པོར་བྱས་ཏེ་རྒྱལ་སར་དབང་བསྐུར་རོ།།
སྔར་གྱི་རྒྱལ་པོ་ཐམས་ཅད་རྒྱལ་པོའི་བཙུན་མོ་ཀླུ་མོ་གདུག་པ་ཅན་དུ་སྐྱེས་པ་ཞིག་གིས་བཟོས་ནས་གདའ་སྐད། རྣལ་འབྱོར་པ་དེས་དེའི་ནུབ་མོ་རལ་གྲི་ཞིག་ཐོགས་ནས་འོད་ཟེར་ཅན་གྱི་བསྐྱེད་རིམ་བསྒོམས་ཏེ་སྙིང་པོ་འགྲང་ཞིང་བསྡད་པ་དང་། བཙུན་མོ་དེ་རྣལ་འབྱོར་པ་དེ་ཡང་བཟའ་བའི་ཕྱིར་སྦྲུལ་ཆེན་པོ་ཞིག་ཏུ་བྱས་ནས་བྱུང་བ་ལ། ལྷ་མོ་འོད་ཟེར་ཅན་གྱི་ང་རྒྱལ་གྱིས་ཚར་བཅད་དོ། །དེ་ནས་ནངས་པར་རྒྱལ་པོའི་རོ་དུར་ཁྲོད་དུ་སྐྱེལ་དུ་འོངས་པ་ལ་རྒྱལ་པོ་དེ་མ་ཤི་བར་འདུག་པས། ཐམས་ཅད་ངོ་མཚར་སྐྱེས་ནས་དེ་ཉིད་ལ་རྒྱལ་པོ་ཞུས་སྐད། དེ་བ་ལང་རྫི་དངོས་མ་ཡིན་ཡང་དོད་པོ་ཡིན་པས་མིང་གཽ་པཱ་ལ་ཞེས་བཏགས་ཏེ་བ་ལང་སྐྱོང་ཞེས་བྱ་བ་ཡིན། དེས་བྷ་ག་ལ་ཙམ་མངར་འདུས་པ་ཞིག་བྱུང་སྐད། རྒྱལ་པོ་དེ་ལ་བཙུན་མོ་ལྔ་བརྒྱ་ཡོད། བཙུན་མོ་རེ་ལ་མཆོད་གནས་དགེ་སློང་མ་ལྔ་བརྒྱ་ལྔ་བརྒྱ་ཡོད་པ་ལས། བཙུན་མོའི་ནང་གི་ཆུང་ཤོས་རྒྱལ་པོ་དང་མ་འཕྲད་ནས་མཆོད་གནས་དགེ་སློང་མ་གཅིག་གིས་རྒྱལ་པོ་དང་འཕྲད་པའི་སྨན་སྦྱར་བ་ལས་རྒྱལ་པོ་ལ་མ་ཐེངས་གཞན་ལ་སོང་ནས་རིགས་ལྡད་པས་དེ་ན་མཚོ་ཞིག་ཡོད་པའི་ནང་དུ་བླུགས་པས་མཚོ་དེའི་ཀླུ་རྒྱལ་པོར་རྫུས་ཤིང་འོང་པས་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་པ་རྒྱལ་པོས་གསན་ནས་ཀླུ་དེ་བཟུང་ནས་དྲིས་པས་ང་ལ་དབང་མེད་སྨན་དེའི་ནུས་པ་ཡིན། སྨན་དེ་བཙུན་མོ་ལ་བྱིས་པ་ཞིག་ཡོད་པ་ཡང་རྒྱལ་པོ་ལ་འབུལ་ཟེར་ནས་ཕུལ་བའི་སྲས་དེ་ཝ་པཱ་ལ་ཞེས་བྱ་བ་ཡིན། མངའ་རིས་ཀྱང་ཤིན་ཏུ་ཆེ་བར་གྱུར།
དེའི་དུས་ན་ཇོ་མོ་སྒྲོལ་མ་སྒྲུབ་པའི་རྣལ་འབྱོར་པ་ཞིག་ཡོད་པའི་ཐུགས་དགོངས་ལ་ཤར་ཕྱོགས་བྷ་ལེནྟྲ་ན་མུ་སྟེགས་ཀྱི་ལྷ་རྟེན་མང་པོ་ཡོད་པ་བཤིག་པར་འདོད་ནས། སྒྲོལ་མ་ལ་གསོལ་བ་བཏབ་པས་རྒྱལ་པོ་དེ་ཝ་པཱ་ལ་ལ་ཞུས་གསུངས། རྣལ་འབྱོར་པ་དེས་རྒྱལ་པོ་ལ་ས་རྡེ་བཙུགས་ནས་ཞུས་པས་གནང་སྟེ་བྷ་ག་ལ་པ་ཐམས་ཅད་དམག་ཏུ་སྦྲན་ནས་འགྲོ་བའི་ལམ་དུ། སྔོན་མ་ཐག་མི་རིང་མི་ཐུང་བར་མི་འབུལ་མི་མགྱོགས་པར་མི་ནག་པོ་ཞིག་སོང་སྐད། རྒྱལ་པོས་མི་བཏང་ནས་ཁྱོད་སུ་ཡིན་དྲིས་པས། མགོན་པོ་མཧཱ་ཀ་ལ་བྱ་བ་ཡིན། ཁྱེད་གང་འགྲོ་ཟེར། བྷ་ལེནྟྲ་ན་མུ་སྟེགས་པའི་རྟེན་མང་པོ་ཡོད་པ་འཇིག་ཏུ་འགྲོ་བ་ཡིན་བྱས་པས། དེ་ཁྱེད་ཀྱིས་མི་ཤིགས་ཟེར། འོ་ན་ཁྱེད་ལ་ཐབས་ཡོད་དམ་ངེད་ཀྱི་གྲོགས་བྱེད་དགོས་བྱས་པས། ངས་ཟེར་བ་ཉན་ན་གྲོགས་བྱེད། མི་ཉན་ན་གནོད་པ་སྐྱེལ་ཟེར། དེ་རྒྱལ་པོ་ལ་གསོལ་བས་ཉན་པར་ཞལ་གྱིས་བཞེས་ནས་ཐབས་ཞུས་པས། མི་ནག་པོ་ན་རེ། བྱེ་མའི་ཕུང་པོ་འདིའི་འོག་ན་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་ཞིག་ཡོད་པས་འདི་སོལ། རྟེན་གཤིག་པའི་དུས་སུ་དམག་ཐམས་ཅད་ཀྱིས་ཁྲིམས་སུ་བཅའ་བ་གྱིས་ལ། རོལ་མོའི་སྒྲ་དུས་གཅིག་ལ་དཀྲོལ་ཅིག་ཟེར་ནས་མི་སྣང་བར་གྱུར་སྐད།
དེར་རྒྱལ་པོའི་དམག་མི་རྣམས་ཀྱིས་བྱེ་མ་བསལ་བས་གཙུག་ལག་ཁང་ཞིག་བྱུང་། དེའི་ཉན་ཐོས་འགོག་པ་བ་ཞིག་མི་མང་པོའི་ཐུག་སྒྲས་སད་ནས་སངས་རྒྱས་འོད་སྲུང་གང་ན་བཞུགས་རྒྱལ་པོ་ཀྲི་ཀྲི་གང་ན་བཞུགས་གསུངས། དེར་རྒྱལ་པོས་སངས་རྒྱས་འོད་སྲུང་མྱ་ངན་ལས་འདས་ནས་མི་བཞུགས། དེའི་བསྟན་པ་ཡང་མི་ཡིན་འདི་ནི་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་བྱས་པས། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བཞུགས་གསུངས། དེ་ཡང་མྱ་ངན་ལས་འདས་བྱས་པས། སངས་རྒྱས་ཤཱཀྱ་ཐུབ་པའི་འཁོར་གྱི་ཐོག་མ་ཞིག་བསམ་པ་ཡིན་པ་ལ་གསུངས་ནས་མི་སྣང་བར་གྱུར་སྐད། གཙུག་ལག་ཁང་དེ་ནི་ཏྲི་ཀ་ཏུ་ཀའམ་རྒྱ་མཚོ་སྦས་པའམ། གྷོ་སོ་མ་པུ་རིའི་གཙུག་ལག་ཁང་ཞེས་བྱ་སྟེ་སྒོ་སྲུང་གི་པཎྜི་ཏ་ཆེན་པོ་བཞི་ཡང་དེ་ན་ཡོད་གསུངས། མི་ནག་པོ་དེ་གཙུག་ལག་ཁང་དེའི་ཆོས་སྐྱོང་ཡིན་སྐད་དེ། དེར་རྒྱལ་པོ་འཁོར་དང་བཅས་པས་ལྷ་རྟེན་གྱི་མཐའ་མ་བསྐོར་ཞིང་རོལ་མོ་དཀྲོལ་བས་རང་ཞིག་པར་གྱུར་ཏོ། །དེ་བས་ན་གཏོར་མ་གཏོང་བའི་དུས་སུ་རོལ་མོའི་སྒྲ་བྱེད་པ་ཡང་མགོན་པོའི་འཕྲིན་ལས་ཀྱི་གྲོགས་ཡིན་གསུངས། དེར་རྒྱལ་པོ་དེའི་མངའ་རིས་སུ་བྷ་ལེནྟྲ་པ་ཐམས་ཅད་འདུས་སྐད།
དེའི་ཚེ་སློབ་དཔོན་ཀམ་པ་ལ་རྒྱལ་པོ་དེའི་སྲས་སུ་འཁྲུངས་པར་བཞེད་ནས་བཙུན་མོའི་རྨི་ལམ་དུ་དགེ་སློང་ཆོས་གོས་དམར་སེར་གྱོན་པ་ལག་ན་ལྷུང་བཟེད་དང་འཁར་བསིལ་ཐོགས་པ་ཞིག་གནས་གཡར་ཟེར་བ་ནུབ་དྲུག་ཏུ་རྨིས། རྒྱལ་པོ་ལ་བཟླས་པས་དོ་ནུབ་ཀྱང་རྟོགས་ལ་བྱུང་ན་བྱོན་པས་ཆོག་གནས་བཏང་གིས་གྱིས་ཤིག་གསུངས། ཡང་བྱུང་ནས་བཙུན་མོས་གནས་བཏང་གིས་བྱས་པས་དེའི་སྲས་སུ་སྐྱེ་བ་བཞེས་ནས་རྒྱལ་པོ་དེ་ཝ་པཱ་ལ་ཞེས་བྱ་བར་གྱུར་ཏེ། མངའ་ཐང་ཡང་ཤིན་ཏུ་ཆེ། ཡུལ་དབུས་མ་ག་དྷ་ཡང་མངའ་རིས་སུ་འདུས་སོ།།
དེར་རྒྱལ་པོ་དེས་ཆུ་བོ་གངྒཱའི་འགྲམ་གྱི་བྲག་དེའུ་དེའི་སྟེང་དུ་གཙུག་ལག་ཁང་བཞེངས་ཏེ། དེ་ལ་ཕྱོགས་བཞིར་མིང་བཞིར་གྲགས་པ་ལས་བྱང་ཕྱོགས་སུ་གྲགས་པ་ནི་བི་ཀྲ་མ་ཤཱི་ལ་ཞེས་བྱ་བ་ཡིན་ཏེ། ཚུལ་ཁྲིམས་ཀྱི་དྲི་ངད་ལྡན་པ་ཡིན་སྐད། ཁ་ཅིག་ནི་དེའི་གནོད་སྦྱིན་ཞིག་གི་མིང་ཡིན་ཏེ་གནོད་སྦྱིན་མནན་པའི་གཙུག་ལག་ཁང་ཞེས་བྱ་བ་ཡིན་ཞེས་ཟེར་རོ། །དེར་རྒྱལ་པོས་རྩ་བའི་སྡེ་བཞི་ལ་དགེ་སློང་ཉི་ཤུ་རྩ་བདུན་ཏེ་བརྒྱ་རྩ་བརྒྱད་ཀྱི་འཚོ་བླ་ནས་སྦྱར། གཞན་ཡང་འགྲོན་པོ་གློ་བུར་བ་བཅུ་གཉིས་ཀྱི་ས་ཀྲ་དང་སྒྲ་དང་ཚད་མ་པའི་ས་ཀྲ་དང་བྷ་ལིང་ཨཱ་ཙརྱ་ཞེས་པ་གཏོར་མ་མཁན་གྱི་ས་ཀྲ་ལ་སོགས་པ་ས་ཀྲ་དུ་མ་ཡོད།
སྤྱིར་རབ་ཏུ་བྱུང་བ་བརྒྱ་ཕྲག་གཉིས་ལ་ལོངས་ཙམ་ཡོད། གང་ཡོད་རྣམས་ནི་པཎྜི་ཏ་ཤ་སྟག་ཏུ་ཡོད་གསུངས། ཡོངས་སུ་གྲགས་པའི་པཎྜི་ཏ་བཅུ་བདུན་ཡོད། དེ་རྣམས་ཐམས་ཅད་ཀྱིས་གཙུག་ལག་ཁང་གི་ནོར་བུར་བཀུར་བའི་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་དེ་རྒྱལ་པོ་དེ་ཝ་པཱ་ལའི་གདུང་རྒྱུད་དུ་གྱུར་པ་རྒྱལ་པོ་མཧཱ་པཱ་ལ་ཞེས་བྱ་བས་རྡོ་རྗེ་གདན་ནས་འབི་ཀྲ་མ་ཤཱི་ལར་སྤྱན་དྲངས་ཏེ་གཙུག་ལག་ཁང་གི་སྔ་གདོང་གཡས་ན་སློབ་དཔོན་ཀླུ་སྒྲུབ། གཡོན་ན་ཇོ་བོ་བྲིས་ནས་ཡོད་དེ་སློབ་དཔོན་ཀླུ་སྒྲུབ་དང་མཉམ་པ་ཡིན་སྐད། དེའི་ངོས་གཅིག་ན་པཎྜི་ཏ་རྣམས་བྲིས། ངོས་གཅིག་ན་གྲུབ་ཐོབ་རྣམས་བྲིས་ནས་ཡོད་པ་ལ་ཇོ་བོ་གཉིས་ཀ་ན་བྲིས་ནས་ཡོད་སྐད་དོ། །ཞེས་ཞལ་གསལ་དུ་བྱུང་བ་ལྟར་རོ།། །།

༼བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་རྗེས་ཤུལ།༽
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཤེས་བྱ་ཀུན་ཁྱབ། ༼ཨེ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༦/༢༡༤
[2] ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག །དེབ་གཟུགས། ཤོག་གྲངས་ ༡༣
[3] བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༣༦༩
[4] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༥
[5] བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་། ༼༢༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༣༤
[6] རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཆེན་མོའི་དཔྱད་རྩོམ། དགའ་ལྡན། ༢༠༡༩ ལོ། ཤོག་ ༧༠༣
[7] གཏམ་རྒྱུད་གསེར་གྱི་ཐང་མ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་ ༣༦༢
[8] བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༤༨
[9] གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། མང་པོས་བཀུར་བ། ཕལ་ཆེན་པ། གནས་བརྟན་པའི་སྡེ་པ་བཅས་སོ།།
[10] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཤ༽ དེབ་ཨང་། ༧༡ པ། ཤོག་གྲངས་ ༥༣༩
[11] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་ ༦༤
[12] ཇོ་བོ་རྗེའི་རྣམ་ཐར། སྣར་ཐང་གསེར་ཕྲེང་། པོད། ༼༡༽ བྲིས་མ། དཔེ་ཐུང་། ཤོག་གྲངས་ ༨༡བ༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩༡ ནས་ ༡༠༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།