༄༅། །རྡོ་རྗེ་ཁྲོ་བོ་གཏུམ་པོ་ལྷ་ལྔ་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག།
༄༅༅། །རྒྱ་གར་སྐད་དུ། ཙཎྜ་བཛྲ་ཀྲོ་དྷ་དེ་བ་པཉྩ་ནཱ་མ་མཎྜལ་བི་དྷིཿ། བོད་སྐད་དུ། རྡོ་རྗེ་ཁྲོ༌[1]བོ་གཏུམ་པོ་ལྷ་ལྔ་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གཏུམ་པོ་ཁྲོས་པས་ཞེ་སྡང་འཇོམས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེ་འཆང་ལ་རབ་བཏུད་ནས། །དེ་ཡི་དཀྱིལ་འཁོར་ཆོ་ག་བཤད། །དུར་ཁྲོད་ལ་སོགས་གནས་ཆེན་དུ། །གཟའ༌[2]སྐར་དུས་ཚེས་བཟང་པོ་ལ། །བསྙེན་པ་རྫོགས་པའི་སློབ་དཔོན་གྱིས། །
ས་བརྟག་པ་དང་བསླང་བ༌[3]དང་། །མེ་ཏོག་སྔོན་པོ་ལྔ་དོར་ཞིང་། །བྱིན་དང་མ་བྱིན་ལྟས་ཀྱང་བརྟག །ཕན་ཚུན་མང་ཉུང་ཨུཏྤལ་ཁ། །ཨོཾ་བཛྲ་པཱ་ཎི་པུཥྤ་པཱུ་ཛ་ཧཱུཾ། །སྔགས་དེར་བསྐྱར༌[4]ཞིང་མེད་དང་མཚུངས། །བཙོ་མ་གསེར་མདོག་རིན་ཆེན་ལ། །རྔན་པ་བྱིན་ལ་བརྐོ་བར༌[5]བྱ། །ས་སྦྱང་བ་དང་བསྲུང་བྱ་སྟེ། །དྲི་ཡི་ཐིག་ལེ་མེ་ཏོག་ཁར། །དམ་ཚིག་ལྷ་མོ་བསྐྱེད་བྱས་ལ། །ཡེ་ཤེས་ལྷ་མོ་དགུག་གཞུག་བསྟིམ། །ས་ཡི་ཆོ་ག་རྫོགས་བྱས་ལ། །[6]དེ་ནས་ལྷ་ཡི་སྟ་གོན་ནི། །མཎྜལ་ཡིད་འོང་དྲི་མེད་ཁར། །དྲི་ཡི་ཐིག་ལེ་མེ་ཏོག་ལྔ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཁཾ་དག་ལས། །དམ་ཚིག༌[7]འཁོར་ལོ་བསྐྱེད་བྱས་ཏེ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ལ། །མཆོད་གཏོར་བསྟོད་པས་མཉེས་བྱས་ལ། །བདུག་པ་ལག་ཐོགས་པུས་བཙུགས་ཏེ། །དྲིལ་བུའི་སྒྲ་སྒྲོགས་ལྔ་ལྡན་ཧཱུཾ། །དེ་ནས་གསོལ་བ་གདབ་བྱ་བ། །བཅོམ་ལྡན་རྡོ་རྗེ་འཛིན་པའི་མཆོག །རིག་སྔགས་རྒྱལ་པོ་དགེ་བའི་མགོན། །གཟུངས་སྔགས་གསང་སྔགས་ཀུན་གྱི་གཙོ། །གསང་བའི་བདག་པོ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །དཀྱིལ་འཁོར་བདག་ཉིད་འདྲི་བར་འཚལ། །
སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་མཉེས་པར་མཆོད་ཕྱིར་དུ། །བཅོམ་ལྡན་བདག་ཉིད་གུས་པ་ལ། །དེ་ཡི་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་དོན་བྱས་དོན་གསོལ། །བྱང་ཆུབ་སེམས་དང་གསང་སྔགས་ལྷ།[8] །འཇིག་རྟེན་སྐྱོང་དང་མཐུ་ཆེན་དང་། །ཡང་དག་རྡོ་རྗེའི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་རྣམས་ལ། །བདག་མིང་འདི་ཞེས་བྱ་བ་ཡིས། །རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་བས་བྲི༌[9]ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །ར་བ་དྲ་བས་མཚམས་བཅད་དོ། །ཧཱུཾ་ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་བཅོམ་ལྡན་གཏུམ་པོ་ཡིན། །ང་ཡི་བཀའ་ལས་མ་འདའ་ཞིག །ང་ཡི་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཁྲོ་བོས་མགོ་འགེམས་སོ། །མ་འདུག་སོང་ཤིག༌[10]ལོག་འདྲེན་ཚོགས། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ༌[11]ཧོ། བྷ་ག་བཱན་བཛྲ་པཱ་ཎི་ཧཱུཾ། །ཨཱརྱ་ཏེ་ཙར་ཧི་ན་ཧཱུཾ་ཕཊ། དེ་ནས་བུམ་པའི་སྟ་གོན་ནི། །གསེར་ལ་སོགས་པའི་བུམ་པ་ནི། །ལྟོ་བ༌[12]ཆེ་ལ་མགྲིན་པ་རིང་། །སྐྱོན་ལ་སོགས་པ་དང་བྲལ་བས། །ལས་ཀྱི་བུམ་པ་མ་གཏོགས་པ། །ཡོན་ཏན་ལྡན་པས་ལྷ་གྲངས་བསྟུན། །ནས་དང་གྲོ་དང་སོ་བ་འབྲས། །ཏིལ་དང་ལན་ཚྭ་བུ་རམ་དང་། །མར་དང་སྦྲང་རྩི་རྣམ་པ་ལྔ། །གསེར་དངུལ་ཟངས་ལྕགས་མུ་ཏིག་དང་། །བྱཱ་གྷྲ་སིང་ཧ་ཧ་ས་དེ་བ་དང་། །ཀཎྜ་ཀ་རི༌[13]ནི་དྲ་སྨན་ལྔ་དང་། །དྲི་ཆེན་དྲི་ཆུ་དམར་ཟིལ་མདངས། །མི་རྟ་ཁྱི་བྱ་གླང་པོའི༌[14]ཤ །དམར་སེར་འོ་མ་གཞོན་ནུའི་ཆུས། །ཕྱེད་མཐོ་ཙམ་དུ་དགང་བར་བྱ། །ཁ་ཚར་མ་ཉམས་རས་ཀྱིས་བཅིངས། །འབྲས་བུ་ཅན་གྱིས༌[15]ཁ་བརྒྱན་ཏེ། །དྲིས་བདུག་མཎྜལ་ཁར་བཞག་ལ། །མི་དམིགས་བྷྲཱུཾ་བཾ་བདུད་རྩི་ཡི། །རྒྱ་མཚོའི་དབུས་སུ་རི་རབ་ཆེ། །སྤྲིན་སྒྲ་བསྣོལ་བས་སྣ་ཚོགས་སྒྲ། །ལྟེ་བར་བྷྲཱུཾ་ལས་གཞལ་ཡས་ཁང་། །[16]བཾ་ལས་ཆུ་སྐྱེས་དམ་ཚིག་བསྐྱེད། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ལ། །ཕྱག་རྒྱ་བཞི་ཡིས་གཉིས་མེད་བསྟིམ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །སྤྱན་ལ་སོགས་པས་དབང་བསྐུར་རོ། །མཆོད་དང་གཏོར་མས་བསྟོད་བྱས་ལ། །གཟུངས་ཐག་ལྡན་པས་བསྙེན་པ་འབུམ། །དེ་ནས་སློབ་མའི་སྟ་གོན་ནི། །རྡོ་རྗེ་སློབ་མ་ཁྲུས་བྱས་ལ། །སློབ་མ་སྒོ་ཡི་དྲུང་གནས་ནས། །དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ནི་སྩལ་དུ་གསོལ། །བྱང་ཆུབ་སེམས་ནི་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། ། དཀོན་མཆོག་གསུམ་ནི་སྩལ་དུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །དེ་ལྟར༌[17]ལན་གསུམ་གསོལ་བཏབ་ནས། །སློབ་དཔོན་གཙོ་བོའི་ཏིང་འཛིན་ཞུགས། །ཚིགས་བཅད་འདིས་ནི་གསང་སྔགས་སྦྱིན། །བུ་ཚུར་ཐེག་པ་ཆེན་པོ་ཡི།[18] །གསང་སྔགས་ཚུལ་སྤྱོད་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །རྡོ་རྗེ་གསང་སྔགས་རབ་བསྒོམས་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བསྐྱེད། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་པར་རྟོགས་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་སྐྱབས་འགྲོ་སྡིག་བཤགས་བྱ། །བླ་མ་རྡོ་རྗེ་སློབ་དཔོན་གྱི། །མཉམ་ཉིད་ཐུགས་ལ་ཕྱག་འཚལ་ལོ། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོར་གནས་པས། །གསང་བའི་བདག་པོ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། །བདག་ཡིད་དང་བས་ཕྱག་འཚལ་ལོ། །བདག་གིས༌[19]ཐོག་མཐའ་མེད་པ་ནས། །སྡིག་པ་བགྱིས་པ་མ་ལུས་ཀུན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི།[20] །སྤྱན་སྔར་ད་ལྟར༌[21]མཐོལ་ཞིང་བཤགས། །བླ་མ་དཀོན་མཆོག་གསུམ་པོ་དང་། །གསང་སྔགས་ཀུན་བདག་རྡོ་རྗེ་ཅན། །དེ་རིགས་འཛིན་པའི་རྣལ་འབྱོར་ཀུན། །དགེ་བ་མཛད་ལ་རྗེས་ཡི་རང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །གསང་སྔགས་བདག་པོར་དབང་བསྐུར་ལ། །གསང་སྔགས་འཁོར་ལོ་བསྐོར་བར་བསྐུལ། །སྐྱོན་བྲལ་མཐུ་ལྡན་ཁྱེད་རྣམས་ལ། །སྐྱེ་རྒ་ན་འཆི་མི་མངའ་ཡང་། །འགྲོ་བའི་དོན་དུ་སྐུ་སྤྲུལ་ལ། །མཐུན་འཇུག་མྱ་ངན་མི་འདའ་གསོལ། །བདག་གིས་དགེ་བ་ཅི་བསགས་ཀུན། །གཅིག་ཏུ་བསྡུས་ཏེ་བསྡོམས༌[22]ནས་སུ། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། ། སེམས་ཅན་ཀུན་གྱི་དོན་དུ་བསྔོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །བླ་མ་རྡོ་རྗེ་སློབ་དཔོན་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཉིད། །སངས་རྒྱས་བྱང་ཆུབ་སེམས་དཔའི་མཆོག །ཀུན་ནས་དང་བས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་སུ་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་གནས་ཀྱི་བར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །ཕ་མ་སྤུན་དང་མིང་སྲིང་སེམས། །བུ་ཕོ་བུ་མོའི་སེམས་བསྐྱེད་དེ། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་བགྱི། །སྲིད་པ་ཆགས་པ་ཞི་ལ་སྒྲོལ། །སྦྱིན་པའི་ཕ་རོལ་ཕྱིན་པ་བཏང་། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བསྲུང་། །བཟོད་པའི་ཕ་རོལ་ཏུ༌[23]ཕྱིན་པ་བསྒོམ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་སྤྱད། །བསམ་གཏན་ཕ་རོལ་ཕྱིན་པར་གནས། །ཤེས་རབ་ཕ་རོལ་ཕྱིན་པར༌[24]ཕྱིན། །ཕ་རོལ་ཕྱིན་པ་འདི་དྲུག་པོ། །མཐར་གྱིས་བསླབ༌[25]དང་མཐར་གྱིས་སྤྱོད།[26] །མཐར་གྱིས་བསྒྲུབ་ལ་ནན་ཏན་བྱ། །དེ་ནས་སྡོམ་པ་དཔོག་བྱ་བ། །སྲོག་ཆགས་རྣམས་ནི་གསད༌[27]མི་བྱ། །མ་བྱིན་པ༌[28]ཡང་བླང༌[29]མི་བྱ། །འདོད་པ་དག་ནི་སྤྱད་མི་བྱ། །རྫུན་པ་དག་ཀྱང་ཡང༌[30]མི་སྨྲ། །ཉེས་པ་ཀུན་གྱི་རྩ་བ་ཡིན།[31] །ཆང་ནི་མྱོས་པར་བཏུང་མ་ཡིན། །སེམས་ཅན་གདུལ་བྱ་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་མཉེས༌[32]བྱས་ཤིང་། །རྣལ་འབྱོར་ཅན་ལ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པ་ཡིས་རྗེས་སུ་བསྲུང་། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །ཐེག་པ་དམན་ལ༌[33]དོར་མི་བྱ། །འཁོར་བ་དག་ཀྱང་ཡོང་མི་སྤང་། །རྟག་ཏུ་མྱ་ངན་འདའ་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །དེ་ལ་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་བགོམ་པར་མི་བྱའོ། །བླ་མ་ལ་གུས་བཀའ་མི་འདའ། །སྟོང་ཉིད་སྙིང་རྗེ་རབ་བསྒོམ་ཞིང་། །མདོར༌[34]ན་རྩ་བ་ཡན་ལག་གི །དམ་ཚིག་ཉིན་མཚན་གྲངས་ཀྱིས་བསྲུང་། །དེ་ནས་བླ་མས་གསུངས་པ་ཡི། །སྡོམ་པ་ལེགས་པར་བསྲུང་བར་བྱ། །ཚུལ་ཁྲིམས་ཞེས་བྱ་སོགས་པ་ནས། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །བདག་ནི་རབ་ཏུ་སྡོམ་པར་བགྱིད། །དེ་ནས་སློབ་མའི་གནས་གསུམ་དུ། །རྡོ་རྗེ་ཁུ་ཚུར་དྲི་ཡི༌[35]ཆུས། །ཐིག་ལེ་ཉི་ཟླ་པད་སྟེངས་སུ། །ཡི་གེ་གསུམ་གྱི་སྦྱོར་བ་ལས། །སྐུ་གསུང་ཐུགས་ཀྱིས༌[36]བྱིན་གྱིས་བརླབས།[37] །ལས་ཀྱི་ཆུ་ཡིས་གཏོར་ཞིང་བསྲུང་། །ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཕཊ། མཆོད་པ་ལྔ་ཡིས་ལེགས་མཆོད་དེ། །སྤྱི་བོར་མེ་ཏོག་སྤོས་བྱིན་ལ། །མར་མེ་དྲི་ནི་སྙིང་གར་རོ། །
དྲིལ་བུ་དཀྲོལ་ཞིང་བཤོས་གཙང་མདུན། །དེ་ནས་ཚིགས་བཅད་སྔགས་འདིས་སྦྱིན། །དུས་འདི་ནས་ནི་བཟུང་ནས་སུ། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཀུན་དང་ལྡན་པ་ཡི། །དུས་ཀུན་དུ་ནི་བདེ་ལེགས་ཤོག །ཨོཾ་པཉྩ་ལིངྒ་ཨ་བྷི་ཥིཉྩཱ་མི། དེ་ནས་སོ་ཤིང་སྦྱིན་པར་བྱ། །འོ་མ་ཅན་གྱི་ཤིང་དག་ལ། །སོར་བརྒྱད་དང་ནི་བཅུ་གཉིས་པ། །མེ་ཏོག་ཅན་ནི་དོར་བར་བྱ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ༌[38]ན་ནི་འབྱུང་འགྱུར་རམ། །ཞེས་པ་ལ་སོགས་ཆོས་བཤད་བྱ། །ཨོཾ་ཏྲ་ཀི་སྟི་བ་ཧྲཱི་ཤུདྡྷ་སརྦ་དྷརྨཱ་སྭབྷཱ་བ༌[39]བཛྲ་ཨཱཏྨ་ཀོ྅ཧཾ། དེ་ནས་སྲུང༌[40]སྐུད་སྔོན་པོ་ཡིས། །མདུད་པ་ལྔ་ལྡན་བྱིན་བརླབས་ཅན། །དཔུང་པ་གཡས་གཡོན་དག་ཏུ་བཅིང་།[41] །ཀུ་ཤ་སྟན་གདིང་མཚན་མ་གདབ། །ངན་ན་ཕུར་བུའི་སྦྱིན་སྲེག་བྱ། །བཟང་ན་མཁའ་འགྲོའི་གཏོར་མ་བཏང་། །དེ་ནས་ཐིག་ནི་གདབ་བྱ་བ། །མ་དང་ཏཾ་གི་ཏིང་འཛིན་གྱིས། །བསྙེན་པའི་དཀྱིལ་འཁོར་མཁའ་ལ་བཏེག །གཞོན་ནུས་སྲད་བུ་བཀལ་བ་ལ། །ཁ་དོག་དཀར་པོའི་ཐིག་གདབ་སྟེ། །མཛེས་པའི་སྣོད་དུ་བཅུག་ནས་ཀྱང་། །ལས་ཀྱིས་བསང༌[42]ཞིང་ལྷར་བསྐྱེད་ལ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་མཆོད། །ཉིས་འགྱུར་ཚད་ལ་སྲད་བུ་བསྟིམ། །རང་ཉིད་རྡོར་འཛིན་ལྷར་སྤྲུལ་ནས། །བྱིན་གྱིས་བརླབ་དང་བསྲུང་བའི༌[43]ཕྱིར། །བདེ་གཤེགས་མཆོད་ཕྱིར་ནམ་མཁར་གདབ། །སྒོ་དབྱེ་གསལ་ཕྱིར་ས་ཐིག་གདབ། །ཚངས་ཐིག་གདབ་སྟེ་བགེགས་བསྐྲད་དོ། །ཨོཾ་བཛྲ་རཀྵ་ཧཱུཾ་ཕཊ། སློབ་དཔོན་ཤར་བལྟས་སློབ་མ་ནུབ། །ཛ་གསུམ་བརྗོད་ལ་ལག་ཏུ་གཏད། ། དང་པོ་ནུབ་སྟེ་དེ་ནས་ནི། །ལྷོ་བྱང་གདབ་སྟེ་དེ་ནས་ཤར། །ནུབ་བྱང་ལྷོ་ནས་མཚམས་བཞིར་ཐིག །རིམ་པ་བཞིན་དུ་གདབ་པར་བྱ། །ཆ་བཞི་ཆ་བརྒྱད་རིམ་བཞིན་དུ། །དབྱེ་བ་ལ་སོགས་ཤེས་པར་བྱ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཁྱམས་འདོད༌[44]པ་དང་མི་འདོད་པ། །དེ་དག་ཐམས་ཅད་ཤེས་པར་གྱིས། །སྔགས་འདིས་ཐིག་ནི་གདབ་པར་བྱ། །ཨོཾ་བཛྲ་ས་མ། དམར་སེར་སྨིན་མ་སྨ་ར་ཁྲོ། །ཁམ་ནག་གྱེན་བརྫེས༌[45]དབུ་ཡི་སྐྲ། །ཟླ་ཚེས་མཆེ་དཀར་ལྗགས་གློག་འཁྱུག །ལྟོ་འགྲོས་བརྒྱན་ཅིང་སྟག་ཤམ་ཅན། །ཡུམ་དང་གཉིས་མེད་ཐུགས་ལས་འཁྱུད། །སྤྲུལ་པ་གདུག་པའི་ཚོགས་རྣམས་འཇོམས། །བགེགས་ཆེན་བསྣོལ་བའི་གདན་ལ་བཞུགས། །དྲག་པོ་མེ་དཔུང་དབུས་ན་འཕྲོ། །བཅོམ་ལྡན་ཐུགས་ཀྱི་སྤྲུལ་པ་ལས། །རིགས་བཞི་གཏུམ་པོ་རང་ཉིད་དོ། །ཤར་དུ་རྡོ་རྗེ་གཏུམ་པོ་ནི། །བདུད་ལས་རྒྱལ་བྱེད་དྲི་ཟའི་གདན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །སྤྱན་གསུམ་མཆེ་གཙིགས་ཞབས་བགྲད་པ། །སྐྲ་བརྫེས་ལྟོ་འགྲོ་སྟག་གིས་བརྒྱན། །གཡས་པ་རྡོ་རྗེ་བསྣུན་པའི་ཚུལ། །གཡོན་པ་སྡིགས༌[46]མཛུབ་རབ་ཏུ་གདེངས། །མེ་དཔུང་འབར་བའི་རྣམ་པ་ཅན། །ཐུགས་ལ་རྡོ་རྗེའི་ཁྱུང་སྤྲུལ་ལོ། །ལྷོ་རུ་རིན་ཆེན་གཏུམ་པོ་ནི། །གཟི་བརྗིད་འབར་བ་གཤིན་རྗེའི་གདན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །སྤྱན་གསུམ་ཞབས་བགྲད་མཆེ་བ་ཅན། །སྐྲ་བརྫེས་ལྟོ་འགྲོ་སྟག་གིས་བརྒྱན། །གཡས་པ་རྡོ་རྗེ་བསྣུན་པའི་ཚུལ། །གཡོན་པ་སྡིགས༌[47]མཛུབ་རབ་ཏུ་གདེངས།[48] །མེ་རི་འབར་བའི་རྣམ་པ་ཅན། །ཐུགས་ལས་རིན་ཆེན་ཁྱུང་སྤྲུལ་ལོ། །
ནུབ་ཏུ་པདྨ་གཏུམ་པོ་ནི། །རྔམ་པའི་སྒྲ་སྒྲོགས་ཀླུ་དབང་གདན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །སྤྱན་གསུམ་མཆེ་གཙིགས་ཞབས་བགྲད་པ། །སྐྲ་བརྫེས༌[49]ལྟོ་འགྲོ་སྟག་གིས་བརྒྱན། །གཡས་པ་རྡོ་རྗེ་བསྣུན་པའི་ཚུལ། །གཡོན་པ་སྡིགས༌[50]མཛུབ་རབ་ཏུ་གདེངས།[51] །མེ་དཔུང་འབར་བའི་རྣམ་པ་ཅན། །ཐུགས་ལས་པདྨའི་ཁྱུང་སྤྲུལ་ལོ། །བྱང་དུ་ལས་ཀྱི་གཏུམ་པོ་ནི། །བདུད་རྩི་འཁྱིལ་པ་གནོད་སྦྱིན་གདན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །སྤྱན་གསུམ་ཞབས་བགྲད༌[52]མཆེ་བ་ཅན། །སྐྲ་བརྫེས་ལྟོ་འགྲོ་སྟག་གིས་བརྒྱན། །གཡས་པ་རྡོ་རྗེ་བསྣུན་པའི་ཚུལ། ། གཡོན་པ་སྡིགས༌[53]མཛུབ་རབ་ཏུ་གདེངས།[54] །མེ་རི་འབར་བའི་རྣམ་པ་ཅན། །ཐུགས་ལས་ལས་ཀྱི་ཁྱུང་སྤྲུལ་ལོ། །དེ་ལྟར་དམ་ཚིག་བསྐྱེད་བྱས་ལ། །ཛཿཧཱུཾ་བཾ་ཧོཿས་ཕྱག་རྒྱ་བཞི། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས། །རྗེས་སུ་ཡི༌[55]རང་བསྐུལ་ཞིང་གསོལ། །དགེ་བ་ཅི་བསགས་ཐམས་ཅད་ཀུན། །བྱང་ཆུབ་ཐོབ་ཕྱིར་བདག་གིས་བསྔོ།[56] །ཕྱག་རྒྱ་བཞི་ཡིས་གཉིས་མེད་བསྟིམ། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །སྤྱན་ལ་སོགས་པས་དབང་བསྐུར་རོ། །དེ་ནས་སློབ་མ་ཁྲུས་བྱས་ལ། །ཡོལ་བས་བར་བཅད་གདོང༌[57]གཡོགས་བཅིངས། །སྔགས་འདི་ཡིས་ནི་ཕྱག་བྱེད་གཞུག །ཨོཾ་བཛྲ་ན་མ་མི་ཧཱུཾ། ཨོཾ་བཛྲ་ན་མ་སྟེ༌[58]ཧཱུཾ། ཨོཾ་བཛྲ་ན་མོ༌[59]ན་མ༌[60]ཧཱུཾ། བདེ་བ་འདོད་པ་སུ་ཞིག་ཡིན། །བླ་མས་དོན་ནི་བྲི་བར༌[61]བྱ། །སྐལ༌[62]ལྡན་བདེ་ཆེན་བདག་ཅག་ལགས། །སློབ་མས་ལན་ནི་གདབ་པར་བྱ། །དེ་ནས་བླ་མས་བདེ་བའི་གླུ། །དགྱེས་པས་བླང་བར་བྱ་བ་འདི། །ཨོཾ་ཨ་ནུཏྟ་རདྡྷ་པཱུ་ཛ་མེ་གྷ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭ་ཧཱ། དེ་ནས་སློབ་མས་གསོལ་གདབ་པ། །སྟོན་པ་ཁྱོད་ལ་བདག་དགའོ། །བླ་མ་དམ་པ༌[63]དགོངས་སུ་གསོལ། །བྱང་ཆུབ་ཆེན་པོར༌[64]ཚུལ་བསྟན་པའི། །བྱང་ཆུབ་སེམས་ནི་བདག་ལ་གསོལ།[65] །དེ་ཉིད་དམ་ཚིག་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ནི་བདག་ལ་སྩོལ། །ལུས་དང་ལོངས་སྤྱོད་འདི་བཞིས༌[66]ལ། །དབང་བསྐུར་དམ་པ་མཛད་དུ་གསོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ཡི་ལན་ནི་སྦྱིན་བྱ་བ། །བུ་ཚུར་ཐེག་པ་ཆེན་པོའི་སྣོད། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །ཚུལ་ཆེན་ཁྱོད་ཀྱིས་ཤེས་པར་གྱིས།[67] །དཀྱིལ་འཁོར་དམ་པར་དབང་བསྐུར་གྱིས། །བུ་ཡི་བློ་གྲོས་བརྟན་པར་བྱོས། །དེ་ནས་ཡང༌[68]ནི་སྡིག་པ་བཤགས། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ། །མྱ་ངན་མི་འདའ༌[69]གསོལ་བ་གདབ། །བྱང་ཆུབ་སེམས་བསྐྱེད་ལུས་ཕུལ་ལ།[70] །སྡོམ་པ་ཕོག་སྟེ་གཟུང་དུ་གཞུག །བསླབ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་ནས༌[71]བཟུང༌[72]སྟེ་གཟུང་བར༌[73]བྱ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ༌[74]ཕྱག་རྒྱ་དག །ཡང་དག་ཉིད་དུ་གཟུང༌[75]བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར༌[76]བགྱི། ། རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས༌[77]དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །ཡང་དག་ཉིད་དུ་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི།[78] །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར༌[79]བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ནས་རྡོ་རྗེའི་ལམ་ཁྲིད་ལ། །ཚིགས་བཅད་སྔགས་འདིས་དམ་ཆུ་བླུད། །སྤྱི་བོར་བཅོམ་ལྡན་བསྐྱེད་བྱས་ལ། །བདུད་རྩིའི་ཆུ་ནི་བླུད་པར་བྱ། །འཐུངས་ཤིག་རྡོ་རྗེ་བདུད་རྩིའི་ཆུ། །དམ་ལས་འདས་ན་དམྱལ་བར་བསྲེག །དམ་ཚིག་བསྲུངས་ན་དངོས་གྲུབ་འབྱུང་། །རྡོ་རྗེ་བདུད་རྩིའི་ཆུ་ཡིས་གྲུབ།[80] །ཨོཾ་བཛྲ་སཏྭཱ་ཧཱུཾ། ལས་ཀྱི་ཆུ་ཡིས་བགེགས་བསྐྲད་དེ། །ཕྲེང་བས་མགུལ་ནས་བཅིང་བར་བྱ། །ཨོཾ་བཛྲོད༌[81]ཀ་ཧཱུཾ། རྡོ་རྗེ་ཐུགས་ཀར་བཟུང་བྱས་ནས། །དམ་ཚིག་ཁྲོ་བོའི་ང་རྒྱལ་གྱིས། །ཚིགས་བཅད་སྔགས་འདི་བརྗོད་པར་བྱ། །དེ་རིང་ཕན་ཆད་ཁྱོད་ཀྱིས་ནི། །ཕྱག་ན་རྡོ་རྗེ་ང་ཡིན་པས། །ང་ཡི་བཀའ་ཉན་གསུང་སྡོད་པས། །ཁྱོད་ཀྱིས་བྱས་ན་དངོས་གྲུབ་འབྱུང་། །མ་བྱས་རྡོ་རྗེ་དམྱལ་བར་ལྟུང་། །དེ་ཕྱིར་བཀའ་ཉན་གསུང་སྡོད་ཅིག །ཨོཾ་བཛྲ་ས་མ་ཡེ་ཧཱུཾ། དེ་ནས་རྡོ་རྗེ་སྤྱི་བོར་གཞག །[82]ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་འདིའི། །དེ་ཉིད་མ་མཐོང་མི་རྣམས་མདུན། །དུས་ཀུན་དུ་ནི་མ་སྨྲ་ཞིག །[83]མ་སྨྲས་དངོས་གྲུབ་མྱུར་བ་ཡིན། །སྨྲས་ན་ཁྲོ་བོས་མགོ་འགེམས་སོ། །ཨོཾ་བཛྲ་ཀྲོ་དྷ་ཡ་ཧཱུཾ་ཕཊ། དེ་ནས་སྔགས་འདིས་ཡོལ་བ་བསལ། །ཨོཾ་བཛྲ་པྲ་ཏཱིཙྪ་ཧོ། །ལན་གསུམ་བརྗོད་ལ་མཐོང་ངམ་དྲི། །དབང་ཐོབ་ཕྱིར་ན་ཡོན་ཀྱང་འབུལ།[84] །སྔགས་འདིས༌[85]མེ་ཏོག་དཀྱིལ་འཁོར་དོར། །ཨོཾ་སརྦ་ཏ་ཐཱ་ག་ཏེ་པུཥྤ་པཱུ་ཛ་ཧཱུཾ། །སྔགས་འདིས་སློབ་མའི་མགོ་ལ་གདགས། །ཨོཾ་རཏྣ་མེ་ལ་ཨ་བྷི་ཥིཉྩཱ་མི། བླ་མ་རྡོ་རྗེ་སློབ་དཔོན་གྱིས། །ལྷ་ཡི་འཁོར་ལོ་བསྐུལ་བྱས་ལ། །སློབ་མའི་སྙིང་གར་གཞུག་པར་བྱ། །ཨོཾ་མཎྜལ་དེ་བ་བ་ཏིཥྛ་ལྷན། །ཚིགས་བཅད་སྔགས་འདིས་གདོང་གཡོགས་བཀྲོལ།[86] །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལིང་ཐོག༌[87]བསལ་བ་ལྟར། །དེ་བཞིན་དེ་རིང་བུ་ཁྱོད་ཀྱི། །མ་རིག་ལྡོངས་པའི་མུན་པ་བསལ། །ཨོཾ་བཛྲ་པཱ་ཤ་ཧཱུཾ། ཡེ་ཤེས་ཁྲོ་བོའི་ཏིང་འཛིན་གྱིས། །ལྕགས་ཀྱུའི་ཕྱག་རྒྱས་དགྲོལ་བར༌[88]བྱ།[89] ། དེ་རྣམས་ལས་ཀྱི་བླ་མས་བྱ། །ལྷ་ངོ་བསྟན་ལ་དབང་བསྐུར་རོ། །ཇི་ལྟར་དུས་གསུམ་སངས་རྒྱས་ལ། །རྡོ་རྗེ་སེམས་དཔས༌[90]དབང་བསྐུར་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །བདེ་གཤེགས་བུམ་པའི་དབང་མཆོག་སྩོལ། །དེ་སྐད་གསོལ་བ་གདབ་པར་བྱ། །ཡབ་ཡུམ་སྙོམས་ཞུགས་འོད་ཟེར་ལས། །བདེ་གཤེགས་འོད་བསྐུལ་བུམ་པར་ཐིམ། །ཆ་འདྲེས་འོད་ཞུ་བདུད་རྩི་དེ།[91] །སྤྱི་བོ༌[92]ཆུ་ཡི་དབང་བསྐུར་རོ། །མི་བསྐྱོད་པ་ཡི༌[93]སྤྲོ་བསྡུ་ཡིས། །ཚིགས་བཅད་སྔགས་འདིས་བུམ་པ་སྦྱིན། །ཧཱུཾ་སྐུ་གསུམ༌[94]དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །མི་བསྐྱོད་པ་ཡི་དབང་བསྐུར་རོ། །ཨོཾ་བཛྲ་ཨཱ་དཪྴ་ཤཱུ་ནྱ་ཏཱ་ཛྙཱ་ན། ཨ་བྷི་ཥིཉྩཱ་མི། རིན་ཆེན་འབྱུང་ལྡན་སྤྲོ་བསྡུ་ཡིས། །ཚིགས་བཅད་སྔགས་འདིས་ཅོད་པན་སྦྱིན། །ཏྲཱཾ་སངས་རྒྱས་ཀུན་གྱི་རྒྱལ་སྲིད་དོ། །དབུ་རྒྱན་རིན་ཆེན་བླ་ན་མེད། །དབུ་རྒྱན་རིན་ཆེན་མཆོག་འགྲོ་བ། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ས་མཱ་ཏཱ་ཛྙཱ་ན་རཏྣ་མ་ཧཱུཾ་ཏ་ཡ་ཨ་བྷི་ཥིཉྩཱ་མི། འོད་དཔག་མེད་ཀྱི་སྤྲོ་བསྡུ༌[95]ཡིས། །ཚིགས་བཅད་སྔགས་འདིས་རྡོ་རྗེ་སྦྱིན། །ཧྲཱིཿསངས་རྒྱས་ཀུན་གྱི་རྡོ་རྗེའི༌[96]དབང་། །མི་ཕྱེད་རྡོ་རྗེ་གསལ་བ་ལས། །ཆོས་རྣམས་ཀུན་གྱི་སྒོར་གྱུར་པ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་པྲཛྙཱ་ཨཱ་བེ་ཤ་ཡ་ས་མནྟ་ཛྙཱ་ན་པ་ནེ་བཛྲ་ཨ་བྷི་ཥིཉྩཱ་མི། དོན་རྣམས་གྲུབ་པའི་སྤྲོ་བསྡུ་ཡིས། །ཚིགས༌[97]བཅད་སྔགས་འདིས་དྲིལ་བུ་སྦྱིན། །ཧཱུཾ་ཐབས་དང་ཤེས་རབ་ལྡན་པ་ཡི།[98] །འགྲོ་དོན་མཉམ་མེད་བྱེད་པ་དང་། །མཆོད་པའི་ལས་རྣམས་རྫོགས་བྱེད་པ། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ཨོཾ་ཀྲི་ཏ་ཨ་ནུཥྛཱ་ན་ཛྙཱ་ན་པ་ནེ་བཛྲ་ཨ་བྷི་ཥིཉྩཱ་མི། རྣམ་སྣང་མཛད་ཀྱི་སྤྲོ་བསྡུ་ཡིས། །ཚིགས་བཅད་སྔགས་འདིས་མིང་སྦྱིན་ནོ། །ཨོཾ་རྡོ་རྗེའི་མིང་དུ་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཆོད༌[99]མི་ཤིགས་པར། །རྡོ་རྗེའི་མིང་དུ་རབ་སྒྲོགས༌[100]ཤིག །ཨོཾ་པ་རི༌[101]ཤོ་དྷ་དྷ་རྨ་ཛྙཱ་ན་ནཱ་མ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི། ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །མེ་ལོང་གི་ནི་གཟུགས་བརྙན་བཞིན། །རང་གི་ལྷ་ནི་ཤེས་པར་གྱིས། །ཨོཾ་ཨཱཿཧཱུཾ། མེ་ལོང་དག་གི་དབང་ཡིན་ནོ། །རྡོ་རྗེ་བརྟུལ་ཞུགས་དབང་བསྐུར་བ། །ཕྲེང་བ་ཆེན་པོ་སྐེ༌[102]ལ་སྐོན།[103] །འོད་ཟེར་འཕྲོ་འདུས་བྱིན་བརླབས་ལ། །ཚིགས་བཅད་སྔགས་འདིས་སྦྱིན་པར་བྱ། །མ་སྐྱེས་རྡོ་རྗེ་གསང་བའི་ཐུགས། །འགག་མེད༌[104]ཤེས་རབ་དྲིལ་བུའི་གསུང་། ། གཉིས་མེད་ཡེ་ཤེས་ཆོས༌[105]ཀྱི༌[106]སྐུ། །འདི་ནི་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་རྡོ་རྗེ་འཛིན་པ་འཆང་། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་འཆང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་ཨ་ཨཱ། ཨི་ཨཱི། ཨུར་ཨཱུར། ཨུ་ཨཱ་ཨུ་ཨཱ་ཨལ་ཨཱལ། བེ་ཤ་ན་ཡ་ན་གྲེ་བྷ་བེ་ཤུདྡྷ་ནི་སྭཱ་ཧཱ། བཛྲ་པཱ་ཎི་ཧཱུཾ་ཕཊ། དེ་ནས་ལུང་བསྟན་དབང་བསྐུར་ནི། །ཡོན་གྱིས་བླ་མ་མཉེས་བྱས་ལ། །ཕྱག་འཚལ་ནས་ནི་གསོལ་བ་གདབ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་མཛད་པ། །བདག་ལ་གདུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་གསོལ། །བུ༌[107]དེ་སེང་གེའི་ཁྲིར་བཞག་ལ། །རྡོ་རྗེ་དྲིལ་བུ་ལག་བྱིན་ཏེ། །འོད་ཟེར་སྤྲོ་བསྡུ་ཏིང་འཛིན་བྱ། །དེ་ནས་ཚིགས་བཅད་སྔགས་འདིས་སྦྱིན། །བུ་ཚུར་རྡོ་རྗེའི་སློབ་དཔོན་གྱིས།[108] །དེ་བཞིན་གཤེགས་པའི་འཁོར་ལོ་བསྐོར། །རྡོ་རྗེ་རིན་ཆེན་པདྨ་ལས། །འགྲོ་བའི་དོན་དུ་ཁྱོད་ཀྱིས་བསྐོར། །ཨོཾ་ཧཾ་ཀྵ་དྷརྨ་ཙ་ཀྲ་པྲ་པརྟ༌[109]ཀ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་དྷརྨ་ཙ་ཀྲ་ཨ་བྷི་ཥིཉྩཱ་མི། །དེ་ནས་གསང་བའི་དབང་བསྐུར་ནི། །སྟེགས་བུ་བདུད་རྩི་ལྔ་ཡིས་བྱུག །པི་པ་རྟ་འམ་ཞིང་གི་ཁར། །མཚན་ལྡན་རིག་མའི་བྷ་ག་ལ། །དཔའ་བོ་སེང་གེ་བཞིན་དུ་རོལ། །ཙཎྜ་ལཱི་ནི་རབ་སྦར་བས། །ཨེ་ཝཾ་ཟླ་བ༌[110]ཧཾ་ལས་འཛག །སྤྲོ་བསྡུ་བྱང་ཆུབ་སེམས་དེ་སྦྱིན། །བུ་ཡིས་མགོན་ལ་འདི་སྐད་གསོལ། །རྒྱལ་བ་ཐམས་ཅད་རོལ་པ་ཡིས། །སངས་རྒྱས་ཆུ་བོ་རྒྱུན་བབ༌[111]སྟེ། །ཉོན་མོངས་སྡིག་པ་སྦྱངས་པ་བཞིན། །བདག་ལ་བྱང་ཆུབ་སེམས་དཔའ༌[112]སྩོལ། །བྱེ་བ་ཕྲག་བརྒྱས་གངྒཱའི་ཀླུང་། །ཇི་སྙེད་མགོན་པོ་ཐམས་ཅད་ཀྱི། །གཉིས་མེད་སྦྱོར་བའི་བདུད་རྩི་རྒྱུན། །མགོན་པོ་བདག་གི་གསུང་ལ་གསོལ། །ཚིགས་བཅད་སྔགས་འདིས་བུ་ལ་སྦྱིན། །ཡབ་ཡུམ་སྙོམས་ཞུགས་བདེ་བའི་རྒྱུན། །གཉིས་མེད་སེམས་ཀྱི་རོས༌[113]གང་བ། །ཐབས་དང་ཤེས་རབ་བདུད་རྩིའི་མཆོག །བུ་ཡི་ངག་ལ་སྦྱིན་པར་བྱ། །ཨོཾ་ཨ་མྲྀ་ཏ་གུ་ཧྱ་ཨ་བྷི་ཥིཉྩཱ་མི། མགྲིན་པར་གསུང་ལ་སྦྱིན་པར་བྱ། །དེས་ཀྱང་ཨ་ཧོ་སུ་ཁས༌[114]བཏུང་། །དེ་ནས་ཤེས་རབ་ཡེ་ཤེས་དབང་། །མཎྜལ་དྲིས་བྱུགས་དྲི་མེད་ཁར། །བདུད་རྩི་དཀར་དམར་ཐིག་ལེ་གདབ། །སྟེང་དུ་སྟག་གི་ཤམ་ཐབས་ཁར། །མཚན་ལྡན་རིག༌[115]མ་ཁྲུས་བྱས་གཞག །[116]གནས་ལྔ་རུ་ནི་ལྷ་ལྔ་དགོད། །སྤྱན་དྲངས་བསྟིམ་ཞིང་མཆོད་བསྟོད་བྱ། །དེ་ནས་སློབ་མས་གསོལ་བ་གདབ། །ཕྱོགས་དུས་བཞུགས་པའི་སངས་རྒྱས་ཀུན། །ཤེས་རབ་ཕ་རོལ་ཕྱིན་པས་འགྲུབ། ། བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །གསུམ་པའི་དཀྱིལ་འཁོར་བསྟན་དུ་གསོལ། །མགོན་པོས་ཀྱང་ནི་ལན་སྦྱིན་པ། །བུ་ཚུར་ཤོག་ཅིག་རིགས་ཀྱི་བུ། །གང་ལ་དགའ་བའི་དངོས་གྲུབ་ནི། །ཤེས་རབ་མ་ལ་བརྟེན་པས་གྲུབ།[117] །རྟག་ཏུ་ཤེས་རབ་དོན་འདོད་པས། །ཐབས་ལ་སྐྲག་པར་མི་བྱ་ཞིང་། །པདྨའི་སྟེང་དུ་ལྕེ་ཡིས་རེག །དྲི་ཆེན་དྲི་ཆུ་བཟའ་བར་བྱ། །ཁུ་བ་དཀར་དམར་བདུད་རྩི་མཆོག །ལྕེ་ཡི་དབུས་སུ་བརྟན་པར་བཟུང་། །དཀའ་ཐུབ་མེད་ཅིང་བརྟུལ་ཞུགས་ཆེ། །འདི་དང་ལྡན་ན་འགྲུབ་པར་འགྱུར། །དེ་ནས་སློབ་མའི་མིག་ཕྱེ་སྟེ། །ཡུམ་གྱི་གསང་བའི་དཀྱིལ་འཁོར་བལྟ། །རྟག་ཏུ་གཅེར་བུའི་ཚུལ་གྱིས་ནི། །རྡོ་རྗེ་དྲིལ་བུ་ཁ་ཕྱེ་ནས། །མཐོང་བའི་བློས་ནི་གསོལ་བ་གདབ། །རྨད་བྱུང་བཙུན་མོའི་བྷ་ག་མཆོག །ཡེ་ཤེས་ཐམས་ཅད་བསྐྱེད་པའི་གནས། །མ་སྨིན་མ་གྲོལ་བ་ཡི་སར། །ཡེ་ཤེས་དམ་པ་བསྐྱེད་དུ་གསོལ། །ཤེས་རབ་ཡུམ་གྱི་བྷ་ག་ལ། །སློབ་མ་དཔའ་བོའི་ཚུལ་དུ་རོལ། །སྙོམས་པར་ཞུགས་པའི་བདེ་བ་ཡིས། །ཨཱ་ལི་ཀཱ་ལི་གཉིས་མེད་ལས། །རྐྱང་མས་རོ་མ་མནན་པ་བསྟན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ནི། །གཏུམ༌[118]མོས་རི་བོང་ཅན་ཧཾ་འཛག །དཀྱིལ་དྲངས༌[119]བཟློག་དང་དགྲམ་ཞིང་བསྟིམ། །དགའ་བཞི་གཉུག་མ་ཉམས་སུ་མྱོང་། །ཤེས་རབ་གསལ་བའི་ངང་ལ་གནས། །ཚིགས་བཅད་སྔགས་འདིས་བྱིན་གྱིས་བརླབ། །ཧཱུཾ་ཐབས་དང་ཤེས་རབ་གཉིས་མེད་པས། །ཡེ་ཤེས་ཆེན་པོ་མཆོག་གི་ལམ། །སྲིད་དང་ཞི་ལས་རབ་གྲོལ༌[120]པའི། །བདེ་བ་ཆེན་པོ་བདེ་བའི་མཆོག །ཡུམ་ལ་བརྟེན་པའི་བདེ་བ་འདིས། །བུ་ལ་བྱིན་བརླབས་དབང་བསྐུར་རོ། །ཨོཾ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི། སངས་རྒྱས་ཀུན་གྱི་ཐབས་ཆེན་པོ། །བདེ་བ་ཆེན་པོ་ཟབ་མོའི་ཆོས། །དངོས་གྲུབ་དམ་པ་བདག་གིས་བླང་། །ཨོཾ་ཛྙཱ་ན་སིདྡྷི་ཧཱུཾ། དེ་ཡི་དངོས་གྲུབ་དམ་པ་བླང་། །བཞི་པ་ཆོས་ཉིད་མངོན་རྟོགས་དབང་། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །མཚོན་དུ་ཡོད་པ་མ་ཡིན་ཏེ། །སྲིད་དང་མྱ་ངན་འདས་ལས༌[121]གྲོལ། །དེ་ནས་བཀྲ་ཤིས་སྨོན་ལམ་གདབ། །སྔགས་འདིས་བཟོད་པ་གསོལ་བར་བྱ། །ཨོཾ་བཛྲ་ཙཎྜ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཙཎྜ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ།[122] ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམྨེཾ་པྲ་ཡཙྪ། སརྦ་ཀརྨ༌[123]སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ།[124] མ་ཧཱ་ས་མ་ཡ་སཏྭ་ཨཱཿ། བུམ་པའི་ལྷ་དང་དཀྱིལ་འཁོར་ལྷ། །སྤྱན་དྲངས་ནམ་མཁར་གཤེགས་སུ་གསོལ། །དམ་ཚིག་འཁོར་ལོ་རང་ལ་བསྡུ། །དེ་ནས་སྤྱོད་ལམ་རྣམ་བཞི་ནི། །འགྲོ་བའི་དོན་དུ་དགེ་བ་སྤྱད། །གཉིས་པོ་མི་འབྲལ་ང་རྒྱལ་ལྡན། ། འདི་བརྩམས་པ་ཡིས༌[125]དགེ་བ་གང་། །ཟླ་བ་རྒྱས་པ་དྲི་མེད་བཞིན། །འགྲོ་བ་དུག་ཅན་ཐམས་ཅད་ནི། །ཞིང་མཆོག་གཙང་མར་སྐྱེ་བར་ཤོག །ཕྱག་ན་རྡོ་རྗེ་གཏུམ་པོ་ལྷ་ལྔ་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་ཀླུ་སྒྲུབ༌[126]ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །[127]
བསྡུར་མཆན།
[1] རྡོ་རྗེ་ཁྲོ་ ༼སྣར། པེ།༽ ཁྲོ་
[2] གཟའ་ ༼སྣར། པེ།༽ བཟའ་
[3] བསླང་བ་ ༼སྣར། པེ།༽ སླང་བ་
[4] བསྐྱར་ ༼སྣར། པེ།༽ སྐྱར་
[5] བརྐོ་བར་ ༼སྣར། པེ།༽ བསྐོ་བར་
[6] ལ། ། ༼སྣར། པེ།༽ །། །།
[7] དམ་ཚིག་ ༼སྣར། པེ།༽ དམ་ཚིག་དག་ལས་
[8] ལྷ། ༼སྣར། པེ།༽ ལྔ།
[9] བྲི་ ༼སྣར། པེ།༽ འདྲི་
[10] སོང་ཤིག་ ༼སྣར། པེ།༽ སོང་ཞིག་
[11] ཡ་ ༼སྣར། པེ།༽ ཡཱ་
[12] ལྟོ་བ་ ༼པེ།༽ ལྟོ་བོ་
[13] རི་ ༼སྣར། པེ།༽ ར་
[14] གླང་པོའི་ ༼སྣར། པེ།༽ གླང་པོ་
[15] ཅན་གྱིས་ ༼སྣར། པེ།༽ ཅན་གྱི་
[16] ཁང་། ། ༼སྣར། པེ།༽ དྲག །
[17] དེ་ལྟར་ ༼སྣར། པེ།༽ དེ་ལྟ་
[18] ཆེན་པོ་ཡི། ༼སྣར། པེ།༽ ཆེན་པོ་ཡིས།
[19] བདག་གིས་ ༼སྣར། པེ།༽ བདག་གི་
[20] རྡོ་རྗེ་ཡི། ༼སྣར། པེ།༽ རྡོ་རྗེ་ཡིས།
[21] ད་ལྟར་ ༼སྣར། པེ།༽ ད་ལྟ་
[22] བསྡོམས་ ༼སྣར། པེ།༽ སྡོམས་
[23] ཕ་རོལ་ཏུ་ ༼སྣར། པེ།༽ ཕ་རོལ་
[24] ཕྱིན་པར་ ༼སྣར། པེ།༽ ཕྱིན་པས་
[25] བསླབ་ ༼སྣར། པེ།༽ བརླབ་
[26] སྤྱོད། ༼སྣར། པེ།༽ སྤྱད།
[27] གསད་ ༼སྣར། པེ།༽ བསད་
[28] བྱིན་པ་ ༼སྣར། པེ།༽ བྱིན་པར་
[29] བླང་ ༼སྣར། པེ།༽ སླང་
[30] ཀྱང་ཡང་ ༼སྣར། པེ།༽ ཀྱང་ཡོང་
[31] ཡིན། ༼སྣར། པེ།༽ ཡི།
[32] མཉེས་ ༼སྣར། པེ།༽ གཉེར་
[33] དམན་ལ་ ༼སྣར། པེ།༽ དམན་པ་
[34] མདོར་ ༼པེ།༽ འདོར་
[35] དྲི་ཡི་ ༼པེ།༽ དྲི་ཡིས་
[36] ཐུགས་ཀྱིས་ ༼སྣར། པེ།༽ ཐུགས་ཀྱི་
[37] བརླབས། ༼སྣར། པེ།༽ བརླབ།
[38] བརྒྱ་ལམ་ ༼སྣར། པེ།༽ རྒྱ་ལམ་
[39] བ་ ༼སྣར། པེ།༽ ཝ་
[40] སྲུང་ ༼སྣར། པེ།༽ བསྲུང་
[41] ཏུ་བཅིང་། ༼སྣར། པེ།༽ ཏུ་ཅིང་།
[42] བསང་ ༼སྣར།༽ གསང་
[43] བསྲུང་བའི་ ༼སྣར། པེ།༽ བསྲུང་བ་
[44] ཁྱམས་འདོད་ ༼སྣར། པེ།༽ འཁྱམས་འཁོད་
[45] བརྫེས་ ༼སྣར། པེ།༽ རྫེས་
[46] སྡིགས་ ༼སྣར། པེ།༽ རྫེས་
[47] སྡིགས་ ༼སྣར། པེ།༽ སྡིག་
[48] གདེངས། ༼སྣར། པེ།༽ གདེང་།
[49] བརྫེས་ ༼སྣར།༽ རྫེས་
[50] སྡིགས་ ༼སྣར། པེ།༽ སྡིག་
[51] གདེངས། ༼སྣར། པེ།༽ གདེང་།
[52] བགྲད་ ༼སྣར། པེ།༽ བསྒྲད་
[53] སྡིགས་ ༼སྣར། པེ།༽ སྡིག་
[54] གདེངས། ༼སྣར། པེ།༽ གདེང་།
[55] ཡི་ ༼སྣར། པེ།༽ ཡིད་
[56] བསྔོ། ༼པེ།༽ སྔོ།
[57] གདོང་ ༼སྣར།༽ གདོངས་
[58] ན་མ་སྟེ་ ༼སྣར། པེ།༽ ན་མོ་ཏེ་
[59] ན་མོ་ ༼སྣར། པེ།༽ ན་མ་
[60] མ་ ༼སྣར། པེ།༽ མོ་
[61] བྲི་བར་ ༼སྣར། པེ།༽ དྲི་བར་
[62] སྐལ་ ༼སྣར། པེ།༽ བསྐལ་
[63] དམ་པ་ ༼སྣར། པེ།༽ དམ་པས་
[64] ཆེན་པོར་ ༼པེ།༽ ཆེན་པོ་
[65] གསོལ། ༼སྣར། པེ།༽ སྩོལ།
[66] བཞིས་ ༼སྣར། པེ།༽ བཞེས་
[67] ཤེས་པར་གྱིས། ༼སྣར། པེ།༽ ཤེས་པར་བགྱིས།
[68] ནས་ཡང་ ༼སྣར། པེ།༽ ཡིས་ནང་
[69] འདའ་ ༼པེ།༽ མདའ་
[70] ལུས་ཕུལ་ལ། ༼སྣར། པེ།༽ ལུས་ལ་ཕུལ།
[71] དེ་ནས་ ༼སྣར། པེ།༽ དེང་ནས་
[72] བཟུང་ ༼སྣར། པེ།༽ གཟུང་
[73] གཟུང་བར་ ༼སྣར། པེ།༽ བཟུང་བར་
[74] དྲིལ་བུ་ ༼སྣར། པེ།༽ དྲིལ་བུའི་
[75] གཟུང་ ༼སྣར། པེ།༽ བཟུང་
[76] བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་ ༼པེ།༽ བར་
[77] ནི་དུས་ ༼སྣར། པེ།༽ ནམ་དུས་
[78] ཆེན་པོ་ཡི། ༼སྣར། པེ།༽ ཆེན་པོ་ཡིས།
[79] གཟུང་བར་ ༼སྣར། པེ།༽ བཟུང་བར་
[80] གྲུབ། ༼སྣར། པེ།༽ བཀྲུ།
[81] བཛྲོད་ ༼སྣར། པེ།༽ བཛྲོཏྟ་
[82]གཞག ། ༼སྣར། པེ།༽ བཞག །
[83]ཞིག ། ༼སྣར། པེ།༽ ཅིག །
[84] འབུལ། ༼སྣར། པེ།༽ དབུལ།
[85] འདིས་ ༼སྣར། པེ།༽ འདི་
[86] བཀྲོལ། ༼པེ།༽ དཀྲོལ།
[87] ལིང་ཐོག་ ༼སྣར། པེ།༽ ལིང་ཏོག་
[88] དགྲོལ་བར་ ༼སྣར། པེ།༽ བཀྲོལ་བར་
[89] བྱ། ༼སྣར། པེ།༽ བྱའོ།
[90] སེམས་དཔས་ ༼སྣར། པེ།༽ སེམས་དཔའ་
[91] དེ། ༼སྣར། པེ།༽ དེས།
[92] སྤྱི་བོ་ ༼སྣར། པེ།༽ སྤྱི་བོར་
[93] བསྐྱོད་པ་ཡི་ ༼སྣར། པེ།༽ བསྐྱོད་པ་ཡིས་
[94] གསུམ་ ༼སྣར། པེ།༽ གསུང་
[95] བསྡུ་ ༼སྣར། པེ།༽ སྡུ་
[96] རྡོ་རྗེའི་ ༼སྣར། པེ།༽ རྡོ་རྗེ་
[97] ཚིགས་ ༼སྣར།༽ ཚིག་
[98] ལྡན་པ་ཡི། ༼སྣར། པེ།༽ ལྡན་པ་ཡིས།
[99] ཆོད་ ༼སྣར། པེ།༽ ཚུགས་
[100] སྒྲོགས་ ༼སྣར། པེ།༽ གྲགས་
[101] རི་ ༼སྣར། པེ།༽ ཏི་
[102] སྐེ་ ༼སྣར། པེ།༽ སྐྱེ་
[103] སྐོན། ༼སྣར། པེ།༽ སྐྱོན།
[104] འགག་མེད་ ༼སྣར། པེ།༽ འགག་པའི་
[105] ཡེ་ཤེས་ཆོས་ ༼སྣར། པེ།༽ ཡེ་ཤེས་
[106] ཀྱི་ ༼སྣར། པེ།༽ ཀྱི་ཆོས་
[107] བུ་ ༼པེ།༽ བུད་
[108] སློབ་དཔོན་གྱིས། ༼སྣར།༽ སློབ་དཔོན་བགྱིས།
[109] པྲ་པརྟ་ ༼སྣར། པེ།༽ པྲ་པ་ཏུ་
[110] ཟླ་བ་ ༼སྣར། པེ།༽ དེ་བ་
[111] རྒྱུན་བབ་ ༼སྣར། པེ།༽ རྒྱུ་ཕབ་
[112] དཔའ་ ༼སྣར། པེ།༽ དབང་
[113] ཀྱི་རོས་ ༼སྣར། པེ།༽ ཀྱིས་རོ་
[114] ཁས་ ༼སྣར། པེ།༽ ཀས་
[115] རིག་ ༼སྣར། པེ།༽ རིགས་
[116]གཞག ། ༼སྣར། པེ།༽ བཞག །
[117] གྲུབ། ༼སྣར། པེ།༽ འགྲུབ།
[118] གཏུམ་ ༼སྣར། པེ།༽ གསུམ་
[119] དྲངས་ ༼སྣར། པེ།༽ དྲང་
[120] གྲོལ་ ༼སྣར། པེ།༽ རོལ་
[121] འདས་ལས་ ༼སྣར། པེ།༽ འདས་པ་
[122] བ། ༼སྣར། པེ།༽ ཝ།
[123] ཀརྨ་ ༼སྣར། པེ།༽ དྷརྨཱ་
[124] བ། ༼སྣར། པེ།༽ ཝ།
[125] བརྩམས་པ་ཡིས་ ༼སྣར། པེ།༽ བརྩམས་པ་ཡི་
[126] སྒྲུབ་ ༼སྣར། པེ།༽ གྲུབ་
[127] སོ། ། ༼སྣར། པེ།༽ ། །འདི་བྲིས་དགེ་བའི་རྩ་བ་ཡིས། །གོས་སྔོན་གོ་འཕང་མྱུར་ཐོབ་ཤོག །
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།