༣༽ ཐོགས་མེད་ཀྱི་སྡོམ་རྣམ་གཉིས།
གཉིས་པ་སྡོམ་རྣམ་གཉིས་ནི། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་པ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡོམ་ཐེག་ཆེན་བསྡུས་པ་གཉིས་ཡིན་ནོ།། །།
༡) མངོན་པ་ཀུན་ལས་བཏུས་པ།
དེ་ཡང་སེམས་ཙམ་པའི་གྲུབ་མཐའི་སྲོལ་འབྱེད་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱིས་ལེགས་པར་གཏན་ལ་ཕབ་ཅིང་། བརྡ་སྦྱོར་བའི་ཚུལ་གསུམ་དང་ལྡན་པའི་གཞུང་མཆོག་ཅིག་སྟེ། མངོན་པ་ཀུན་བཏུས་ཞེས་པ་ནི།
བཏུས་པ་པོ་ཕལ་པས་བཏུས་པ་མ་ཡིན་པར་དོན་དམ་པའི་ཆོས་མངོན་དུ་གྱུར་པའི་སྒོ་ནས་བཏུས་པས་ན་མངོན་པ་ཀུན་བཏུས་སམ། ཕྱོགས་རེ་ཙམ་བཏུས་པ་མ་ཡིན་པར་ཆོས་མངོན་པའི་དོན་མཐའ་དག་བཏུས་པས་ན་མངོན་པ་ཀུན་བཏུས། དགོས་མེད་དུ་བཏུས་པ་མ་ཡིན་པར་ཆོས་མངོན་པ་རང་རྒྱུད་ལ་མ་སྐྱེས་པ་སྐྱེ་བ་དང་། སྐྱེ་བ་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་བཏུས་པས་ན་མངོན་པ་ཀུན་བཏུས་ཞེས་བྱ་ཞིང་། དེ་དག་གི་དོན་བསྡུས་ནས་རིགས་ཅན་གསུམ་གའི་ལམ་འབྲས་བུ་དང་བཅས་པ་གཏན་ལ་འབེབས་པ་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་མཛད་དོ། །
མངོན་པ་ཀུན་བཏུས་ནི། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཆེ་ཆུང་གི་ཐུན་མོང་གི་མངོན་པའི་སྡེ་སྣོད་ཀྱི་དགོངས་འགྲེལ་ཏེ་གཞུང་ཆེན་གསུམ་པ་དེ་ཡིན་ལ། བམ་པོ་ལྔ་དང་ལེའུ་ལྔ་ཡོད་པ་ལ། རྒྱ་ནག་འགྱུར་ལ་བམ་པོ་བདུན་དང་ལེའུ་བརྒྱད་དུ་ཕྱེ་ཞིང་། ནང་གསེས་ཀྱི་ཆོས་ཚན་བཅུ་གསུམ་དུ་ཕྱེའོ། ། ༡༽ མཚན་ཉིད་ཀུན་ལས་བཏུས་པ་དང་། ༢༽ བདེན་པ་རྣམ་པར་ངེས་པ། ༣༽ ཆོས་རྣམ་པར་ངེས་པ། ༤༽ འཐོབ་པ་རྣམ་པར་ངེས་པ། ༥༽ འབེལ་བའི་གཏམ་རྣམ་པར་ངེས་པ་བཅས་ཀུན་ལས་བཏུས་པ་ལྔའོ།།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[1]ཀྱང་། ཀུན་ལས་བཏུས་པ། བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུའི་ནང་གསེས་སྡོམ་རྣམ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། ཐེག་པ་ཐུན་མོང་གི་སྡོམ་ཆོས་མངོན་པ་ཀུན་ལས་བཏུས་པ་ཞེས་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་བམ་པོ་ལྔའི་བདག་ཉིད་ཅན་གྱི་བསྟན་བཅོས་ཤིག །དེའང་ཉན་ཐོས་པ་དང་ཐུན་མོང་དུ་ཕྱི་རོལ་གྱི་རྣམ་པར་བཞག་པ་དང་། རྣལ་འབྱོར་སྤྱོད་པ་དང་ཐུན་མོང་དུ་མཚན་ཉིད་རྣམ་པ་གསུམ་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་ལ་སོགས་པའི་རྣམ་པར་གཞག་པ་གསུངས་པའི་ཕྱིར་ཐེག་པ་ཐུན་མོང་གི་སྡོམ་ཞེས་པ་དང་། བརྗོད་བྱ་མཚན་ཉིད་ཀུན་ལས་བཏུས་པ་དང་། བདེན་པ་རྣམ་པར་ངེས་པ་དང་། ཆོས་རྣམ་པར་ངེས་པ་དང་། ཐོབ་པ་རྣམ་པར་ངེས་པ་དང་། འབེལ་གཏམ་རྣམ་པར་ངེས་པ་སྟེ་བམ་པོ་ལྔར་བསྡུས་ནས་སྟོན། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པའོ། །ཞེས་དང་། ཡང་དེ་ཉིད་ལས་[2]། མངོན་པ་ཀུན་བཏུས་ཀྱི་བརྗོད་དོན་བསྡུས་པ་རྣམ་པ་བཅུ་གཅིག་ནི། མཚན་ཉིད་ཀྱིས་བསྡུས་པ། ཁམས་ཀྱིས་བསྡུས་པ། རིགས་ཀྱིས་བསྡུས་པ། གནས་སྐབས་ཀྱིས་བསྡུས་པ། གྲོགས་ཀྱིས་བསྡུས་པ། ཕྱོགས་ཀྱིས་བསྡུས་པ། དུས་ཀྱིས་བསྡུས་པ། ཕྱོགས་གཅིག་གིས་བསྡུས་པ། མཐའ་དག་གིས་བསྡུས་པ། གཅིག་གིས་བསྡུས་པ། དོན་དམ་པས་བསྡུས་པའོ། །ཞེས་གསུངས་པ་ལྟར་རོ།། །།
༢) ཐེག་པ་ཆེན་པོ་བསྡུས་པ།
སྤྱིར་ཐེག་པ་ཆེ་ཆུང་གི་དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་མཛད་ཅིང༌། ཞེས་འཕགས་པ་ཐོགས་མེད་ཀྱིས་སྤྱིར་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གསུམ་གྱི་གཞུང་མང་དུ་མཛད་པར་གསུངས་ལ། ཁྱད་པར་དུ་མངོན་པའི་སྡེ་སྣོད་ཀྱི་ཁུངས་སུ་གཏོགས་པའི་གཞུང་ཆེན་ས་སྡེ་ལྔ་དང་། སྡོམ་རྣམ་གཉིས་བཅས་མངོན་པའི་གཞུང་ཆེན་གསུམ་མཛད་པ་བསྟན་པར་བཞེད་ནས། ཁྱད་པར་དུ་ཐེག་པ་ཆེན་པོའི་ཆོས་མངོན་པའི་དགོངས་འགྲེལ་ཐེག་པ་ཆེན་པོ་བཏུས་པ་དང༌། ཞེས་པས་ནི། གཞུང་ཆེན་དང་པོ་ཐེག་ཆེན་བསྡུས་པ་དེ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་མངོན་པའི་སྡེ་སྣོད་ཀྱི་དགོངས་འགྲེལ་ཡིན་པར་གསུངས་ཏེ། ཐེག་པ་ཆེན་པོའི་བསྡུས་པ་ལ་ལེའུ་བཅུ་ཡོད་ཅིང་། བམ་པོ་བཞིའི་བདག་ཉིད་ཅན་ཞིག་ཡིན་ལ། དེ་ལ་ལེའུ་བཅུ་ལས། ༡༽ ཤེས་བྱའི་གནས་བསྟན་པ། ༢༽ ཤེས་བྱའི་མཚན་ཉིད་བསྟན་པ། ༣༽ ཤེས་བྱའི་མཚན་ཉིད་ལ་འཇུག་པ་བསྟན་པ། ༤༽ འཇུག་པའི་རྒྱུ་དང་འབྲས་བུ་བསྟན་པ། ༥༽ རྒྱུ་དང་འབྲས་བུ་སྒོམ་པ་རབ་ཏུ་དབྱེ་བ་བསྟན་པ། ༦༽ ལྷག་པའི་ཚུལ་ཁྲིམས་བསྟན་པ། ༧༽ ལྷག་པའི་སེམས་བསྟན་པ། ༨༽ ལྷག་པའི་ཤེས་རབ་ཀྱི་ཁྱད་པར་བསྟན་པ། ༩༽ སྤོང་བའི་ཁྱད་པར་བསྟན་པ། ༡༠༽ ཡེ་ཤེས་ཀྱི་ཁྱད་པར་བསྟན་པ་བཅས་སོ།།
འདིའི་བོད་འགྱུར་ལ་བམ་པོ་བཞི་ཡོད་ཅིང་། ལེའུའི་མཚན་ནི་ལེའུ་གཉིས་པ་ལ་མ་གཏོགས་མེད་ཀྱང་ཚན་པ་སོ་སོར་ཕྱེ་ན་དེ་ལྟར་རོ། །དེ་ཡང་རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ་དང་ཤཱི་ལེནྡྲ་བོ་དྷི་དང་། བནྡེ་ཡེ་ཤེས་སྡེས་བསྒྱུར་བ་དེ་ཡིན་ནོ། །རྒྱ་འགྱུར་རྙིང་པ་ལ་བམ་པོ་གཉིས་དང་། རྒྱ་གར་གྱི་ལོ་ཙཱ་བ་དོན་དམ་པ་སྟེ། ཁྲན་ཀྲན་ཏིང་དང་། ཞོན་ཙང་གི་འགྱུར་གཉིས་ལ་བམ་པོ་གསུམ་རེ་གསུམ་རེ་ཡོད་པ་བཅས་སོ།།[3] །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༧༩
[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༧༦༢
[3] འཕགས་པ་ཐོགས་མེད་ཀྱི་རྣམ་པར་ཐར་པ་རྒྱ་བོད་ཀྱི་མཁས་པའི་གཞུང་དུ་མ་དང་བསྟུན་ཏེ་ལེགས་པར་གཏན་ལ་ཕབ་པ་སྔོན་མེད་ལེགས་བཤད་ཀྱི་དགའ་སྟོན་ཞེས་བྱ་བ་འདི་ནི་ལི་ཐང་བཞག་པ་རིན་པོ་ཆེས་བརྩམས་པ་ལས་སྙིང་བཏུས་བཀོད་པའོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༠༥ ནས་ ༦༠༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།