སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བསྟོད་པ།

༄༅། །སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བསྟོད་པ།

༼༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད།༽

 

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །
ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །
གྲུབ་མཐའ་སྲོལ་བཏོད་ཡོངས་རྫོགས་པཎྜི་ཏ། །
སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །

ཟབ་མོའི་དོན་ལ་སྐྲག་པ་སྤངས་པའི་ཕྱིར། །
རང་བཞིན་མི་འགོག་ཐུན་མིན་སྡོད་ལུགས་ཚུལ། །
བཀག་ནས་འཕགས་པའི་དགོངས་པ་རང་རྒྱུད་དུ། །
འགྲེལ་མཛད་ཟླ་བྲལ་སློབ་དཔོན་ལེགས་ལྡན་འབྱེད། །

ཆོས་འདུལ་བཅས་པས་བསྟན་པའི་གཞི་མ་ཟིན། །
རྨད་བྱུང་དབུ་མའི་ལེགས་བཤད་དུ་མ་མཛད། །
ཕྱག་རྡོར་ཞལ་གཟིགས་རིག་འཛིན་གནས་གཤེགས་པ། །
མཁས་པའི་མཁས་པ་དེ་ལ་བསྟོད་པར་བགྱིད། །

དེ་ལྟར་བསྟོད་པའི་དགེ་བས་འགྲོ་བ་ཀུན། །
ཐབས་མཁས་དབུ་མའི་ལམ་གྱི་རིམ་པ་ཡིས། །
ལྷན་སྐྱེས་བློས་བྱས་འཛིན་པ་ཀུན་སྤངས་ནས། །
རྣམ་ཀུན་མཁྱེན་པའི་ས་ལ་མྱུར་རེག་ཤོག །
ཅེས་པ་འདི་ནི་གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ནས་པཎ་གྲུབ་བཅུ་བདུན་ལས་གཞན་རྣམས་ཀྱི་བསྟོད་པ་མཆིས་མོད་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བསྟོད་པ་ཞིག་མི་འདུག་པས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཀྱི་གཙོ་བོ་དཔལ་ལྡན་རྩ་བ་ཤེས་རབ་ཀྱི་དགོངས་པ་རང་རྒྱུད་དུ་འགྲེལ་མཛད་ཐོག་མ་སློབ་དཔོན་འདི་ཉིད་དུ་གྲགས་ཤིང༌། དབུ་མའི་གཞུང་ལ་དོན་གཉེར་ཅན་རྣམས་ལ་ཁོང་གི་ལེགས་བཤད་རྣམས་མེད་མི་རུང་བར་མཐོང་ཞིང༌། དགོས་པ་གཞན་ཡང་དུ་མ་ཞིག་ཡོད་སྟབས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ཟླ་ ༡༠ ཚེས་ ༩ ཕྱི་ལོ་ ༢༠༢༠ ཟླ་༡༡ ཚེས་ ༢༣ ཉིན་སྦྱར་བའོ།། །།

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས། སྟོད་ཆ་ ༼ཀ༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༧ ནས་ ༣༦༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *