ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་ཚེ། 

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་ཚེ།

ལྗང་མྱུག

 

སྔ་དུམ་རྒྱ་གར་དུ་མཛད་པ་གནང་བའི་སྐོར་དང་།  ཕྱི་དུམ་བོད་དུ་མཛད་པ་གནང་བའི་སྐོར།

སྔ་དུམ་རྒྱ་གར་དུ་མཛད་པ་གནང་བའི་སྐོར།

༈ དང་པོ། པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་ཨ་ཏི་ཤ་ཞེས་བྱ་བ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་ཡུལ་གྱི་བྷང་གྷ་ལའི་གྲོང་ཁྱེར་དུ་མཁན་ཆེན་ཞི་འཚོ་དང་སྐུ་རུས་གཅིག་པ་ཡབ་རྒྱལ་པོ་དགེ་བ་དཔལ་དང་། ལྕམ་དཔལ་མོ་འོད་ཟེར་ཅན་

གཉིས་ཀྱི་སྲས་སུ། བོད་ཆུ་རྟ་(ཕྱི་ལོ་༩༨༢)ལོར་སྐུ་འཁྲུངས། དེ་གཉིས་ལ་སྲས་པདྨའི་སྙིང་པོ་དང་། ཟླ་བའི་སྙིང་པོ། དཔལ་གྱི་སྙིང་པོ་སྟེ་སྐུ་མཆེད་གསུམ་བལྟམས་པ་ལས་ཇོ་བོ་ཁོང་ནི་འབྲིང་པོ་ཟླ་བའི་སྙིང་པོ་ཞུ་བ་དེ་ཡིན།སྐུ་ན་ཆུང་ངུའི་དུས་ནས་དགུང་ལོ་ཉེར་གཅིག་ཚུན་ལ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། བཟོ་གསོ་སྒྲ་ཚད་སོགས་ཕྱི་ནང་ཐུན་མོང་གི་རིག་པའི་གནས་མཐའ་དག་ལ་བྱང་ཆུབ་པར་བསླབས།ལྷག་པར་ཡབ་ཡུམ་གཉིས་ཀྱིས་བུ་ཆོས་སུ་གཤེགས་པར་དོགས་ནས། སྲིད་པའི་འདོད་ཡོན་སྣ་ཚོགས་ཀྱིས་ཁོང་གི་སེམས་བཟུང་བའི་ཆོ་ག་ཇི་སྙེད་བྱས་ཀྱང་མ་ཟིན་པར། ཚེ་རབས་ལས་ཀྱི་ཡི་དམ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུའི་སྣང་བ་འབྲལ་མེད་དུ་བྱུང་བའི་མཐུ་ལས།  རྒྱལ་སྲིད་ཀྱི་ཕུན་ཚོགས་ལ་ཆགས་པ་མེད་པར་བདེ་སྐྱིད་མཐའ་དག་གི་ཡང་སྙིང་ནང་སེམས་ཀྱི་ཞི་བ་འཚོལ་འདོད་ཀྱི་བསམ་པས་དྲངས་ཏེ་དགེ་བའི་བཤེས་གཉེན་འཚོལ་བ་ན། རི་བྲག་ཅིག་ནས་སློབ་དཔོན་ཛེ་ཏཱ་རི་དང་མཇལ་བས། བསྟན་པའི་བདག་པོ་ཉིད་དུ་བྱིན་གྱིས་བརླབ་གསུངས་ནས་སྐྱབས་འགྲོ་དང་སེམས་བསྐྱེད་གནང་།  ཁོང་གིས་ལུང་བསྟན་པ་བཞིན། ཆོས་གྲྭ་ཆེན་པོ་དཔལ་ན་ལེནྜ་རུ་ཕེབས་ནས། བླ་མ་བྱང་ཆུབ་བཟང་པོ་ལ་མཇལ་བས་སྒོ་གསུམ་ལས་རུང་དུ་བྱིན་གྱིས་བརླབས་ཤིང་སེམས་བསྐྱེད་ཀྱི་གདམས་པ་དུ་མ་གནང་། དེ་ནས་ཁོང་གིས་བཀའ་བསྩལ་པ་ལྟར། ན་ལེནྜའི་བྱང་ཕྱོགས་ན་གནས་པའི་མཁས་པ་རིག་པའི་ཁུ་བྱུག་གི་ཞབས་ལ་གཏུགས་ཚེ། ཐུགས་ཡིད་གཉིས་མེད་དུ་བྱིན་གྱིས་བརླབས་ཤིང་། སེམས་བསྐྱེད་ཀྱི་གདམས་ངག་དང་དེ་བཞིན་ཉིད་ཀྱི་དོན་བསྟན་པས། སྦྱོར་བའི་ལམ་རྙེད་ཅིང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་དབང་འབྱོར།དེ་ནས་རི་བོ་ནག་པོ་ཟོམ་གྱི་ལྷོ་ཕྱོགས་སུ་ཕྱིན་ནས། རིག་པའི་ཁུ་བྱུག་གི་ཐུགས་བུ་ཨ་ཝ་དྷུ་ཏི་པའི་ཞབས་པད་བསྟེན་ནས། སེམས་བསྐྱེད་དང་ཐེག་ཆེན་གྱི་དབང་ཞུས་ཤིང་། དབུ་མའི་ཆོས་སྐོར་རྣམས་ལ་བསླབས། གདན་ཐོག་གཅིག་ཏུ་ཐོས་བསམ་སྒོམ་གསུམ་བྱས་ཏེ། དགུང་ལོ་བཅུ་གཉིས་ནས་བཅོ་བརྒྱད་པར་ཁོང་གི་ཕྱགས་ཕྱིར་འབྲངས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའང་ལོ་གསུམ་ལ་མཛད། ཁོང་གིས་ལུང་བསྟན་པ་བཞིན་རི་ནག་པོའི་གཙུག་ལག་ཁང་དུ་བྱོན་ནས། དཔལ་ལྡན་ར་ཧུ་ལ་གུཔྟ་ལས་ཉིན་ཞག་བཅུ་གསུམ་གྱི་བར་དཔལ་དགྱེས་པ་རྡོ་རྗེའི་དབང་རྣམས་རྫོགས་པར་གསན་ཅིང་།  གསང་བའི་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས། རྒྱུད་ལུང་མན་ངག་དང་བཅས་པ་ཞུས། ལམ་རིམ་པ་གཉིས་ལ་བརྟན་པ་ཐོབ། དེ་ལྟར་དགུང་ལོ་ཉེར་དགུ་ཚུན་ཆད་ལ། མཆོག་གི་དངོས་གྲུབ་བརྙེས་པའི་ཚེ་རབས་ཀྱི་བླ་མ་མང་པོའི་སྤྱན་སྔར་གསང་སྔགས་ཀྱི་དགོངས་དོན་ལ་བསླབས་པས། གསང་སྔགས་ཀྱི་གྲུབ་པ་མཆོག་ཏུ་གྱུར།  རྒྱུད་གཞུང་མན་ངག་དང་བཅས་པའི་དོན་ལ་གཞན་དྲིང་མི་འཇོག་པའི་མཁས་སྙན་འབར།  དགུང་ལོ་ཉེར་དགུ་པ་ལ། འཁོར་ཉན་ཐོས་ཀྱི་ཚོགས་དང་ཐབས་གཅིག་ཏུ་བཞུགས་པའི་བསྟན་པའི་བདག་པོས་ཁོང་ལ་རྨི་ལམ་དུ་ཐུགས་སྐུལ་བགྱིས་པས།   འཁོར་བ་དང་རྒྱལ་སྲིད་ཀྱི་གནས་ལས་གཏན་དུ་གྲོལ་ཏེ།   རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་གཙུག་ལག་ཁང་དུ། ཉན་ཐོས་སྡེ་བཞི་ལས་ཕལ་ཆེན་སྡེ་བའི་ལུགས་ཀྱི་གནས་བརྟན་འདུལ་འཛིན་པ་ཆེན་པོ་སྦྱོར་ལམ་པ་ཤཱི་ལ་རཀྵི་ཏའི་དྲུང་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས།  མཚན་ལ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའམ། དཔལ་མར་མེ་མཛད་ཡེ་ཤེས་སུ་གསོལ། ( ཁོང་ཕལ་ཆེན་སྡེ་བའི་རྗེས་འཇུག་གི་དགེ་སློང་ཡིན་སྟབས། རྗེས་དུས་བོད་ནང་ནས་འདུལ་བའི་བཤད་པ་གནང་བ་ལས་རབ་བྱུང་ཕྱོགས་ཀྱི་སྡོམ་རྒྱུན་སྤེལ་མ་མྱོང་བའི་ཤོད་སྲོལ་འདུག་ལ། དེ་ནི་བོད་ན་ཡོད་སྨྲའི་ལུགས་འབའ་ཞིག་ལས་དར་མེད་པས། སྡེ་བ་གཞན་གྱི་ལུགས་སྤེལ་ན། བོད་ཀྱི་འདུལ་བའི་བསྟན་པ་འཆོལ་ཉོག་ཏུ་འགྲོ་བར་ཐུགས་དོགས་ནས་མ་གནང་བར་གྲགས།)དགུང་ལོ་སོ་གཅིག་བཞེས་པའི་བར་སྡེ་བ་བཞི་ཀའི་ནང་རིག་པའི་སྡེ་སྣོད་གོང་འོག་ལ་གསན་བཞེས་གནང་ཞིང་། ཁྱད་པར་བླ་མ་དྷརྨ་རཀྵི་ཏའི་དྲུང་ནསཉན་ཐོས་སྡེ་བཞིའི་ལྟ་བ་དང་། སྤྱོད་པ་སྟོན་པའི་སྡེ་སྣོད་བྱེ་བྲག་བཤད་མཛོད་ཆེན་མོར་ལོ་བཅུ་གཉིས་སུ་གསན།  (མཆིམས་ཀྱིས་ཁོང་ཐུགས་བརྩོན་ཆེ་བས་ལོ་བདུན་གྱིས་མཁྱེན་ཚུལ་གསུངས།)དེ་ནས། ཆོས་འཚོལ་བའི་སླད་དུ་དཀའ་ཁག་མཆིས་མིན་ལ་མ་ལྟོས་པར། འཇིགས་པ་སྣ་ཚོགས་ལ་མདུན་གཏད་ནས། ཟླ་བ་བཅུ་གསུམ་གྱི་བར་དུ་རྒྱ་མཚོ་བརྒལ་བའི་མཐར་ཉེ་ཞོ་མེད་པར་གསེར་གླིང་དུ་འབྱོར་ཅིང་། བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པའི་མདུན་ས་ནས། ལོ་བཅུ་གཉིས་ཀྱི་རིང་ལ་དབུ་སྔས་སྦྲེལ་ཏེ་ཐེག་ཆེན་ལམ་གྱི་རིམ་པའི་ལུགས་སྤྱི་དང་། ཡང་སྙིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་བའི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། (དུས་དེར་བླ་མ་གསེར་གླིང་པ་སེམས་ཙམ་རྣམ་རྫུན་པའི་ལྟ་བ་ལ་གནས་པའི་སྐབས་ཡིན་པས། ཇོ་བོ་རྗེ་ལས་ལྟ་བ་དམན་པར་སྣང་ནའང་ཇོ་བོའི་ཐུགས་རྒྱུད་ན་མངའ་བའི་བྱང་ཆུབ་ཀྱི་སེམས་དེ་བླ་མ་འདི་ལས་བྱུང་བ་ཡིན་པར་མ་ཟད།  གསེར་གླིང་པའི་སློབ་མ་མཆོག་བཞིའི་གཙོ་བོ་དང་། ཡོན་ཏན་རྫོགས་པའི་སློབ་མ་གཅིག་པུ་དེའང་ཁོང་ཡིན་པར་གྲགས།  ཁོང་གིས་སྔ་རྗེས་སུ་པཎ་གྲུབ་སུམ་ཅུ་སོ་བཞི་ཙམ་བསྟེན་ཀྱང་ཐུགས་ཀྱི་རྩེ་རུ་བཏགས་པ་ནི་གསེར་གླིང་པ་ཁོང་ཡིན་པར་སྐད།  བླ་མ་བརྒྱ་དང་ལྔ་བཅུ་རྩ་བདུན་བསྟེན་པར་གསུངས་པའང་འདུག སླད་ཆར་ཇོ་བོའི་མཐུ་ལས་ཁོང་གི་ལྟ་བ་ལ་འགྱུར་བ་ཐེབས་ཏེ་སྤྲོས་བྲལ་དབུ་མ་ཆེན་པོའི་ལུགས་འཛིན་པའི་སློབ་དཔོན་དུ་གྱུར།  དེའི་ཚུལ་ནི། འབྲོམ་གྱིས་མཛད་པའི་ཨ་ཏི་ཤའི་རྣམ་ཐར་ལས།  “ཨེ་མ་འདུ་ཤེས་མེད་ཀྱང་འདི་ལྟར་འགྲིག །ད་ནི་ལྟ་བ་གཉིས་སུ་མེད་པར་བྱ། །དཔེ་དོན་བཅུ་དྲུག་སེམས་ལ་གོམས་པར་བྱ། །དི་པཾ་དོན་ཆེ་ལྟ་བ་རྣམ་པར་དག །”ཅེས་གསུངས་པ་ལྟར། དེ་ནས་བཟུང་བླ་མ་གསེར་གླིང་པས་སྔར་གྱི་ལྟ་བ་བཏང་ནས་དབུ་མ་ཆེན་པོའི་ལྟ་བ་ལ་གནས་པར་སྐད། )སླར་ཡུལ་དབུས་སུ་ཕྱགས་ཕེབས་པ་ན། ཆོས་རྒྱལ་དག་དང་། པཎ་ཆེན་ལྔ་བཅུ་རྩ་གཉིས་དགེ་འདུན་གྱི་ཚོགས་དང་བཅས་པས་ནང་པ་སངས་རྒྱས་པའི་བསྟན་པ་ཡོངས་ཀྱི་བདག་པོ་ཆེན་པོར་མངའ་གསོལ།དེ་ནས་རྒྱལ་པོ་མ་ཧཱ་པ་ལས་སྤྱན་དྲངས་པ་བཞིན་ཕལ་ཆེར་བི་ཀྲ་མ་ལ་ཤཱི་ལར་གདན་འཇགས་ནས་གནས་བརྟན་ཆེན་པོའི་མཛད་པ་གནང་།  ཕྱི་ནང་གི་སྨྲ་བ་ངན་པའི་ཚོགས་རྣམས་རྩོད་པས་ཕམ་པར་མཛད་ཅིང་།  བསྟན་པ་ཕྱོགས་ཀུན་ནས་ཤིན་ཏུ་རྒྱས་པར་བྱས་པས་སྡེ་བ་གོང་འོག་གི་དབྱེ་བསལ་མེད་པར་ཤར་ནུབ་ཡུལ་དབུས་དང་བཅས་པའི་དགེ་འདུན་པ་ཀུན་གྱི་གཙུག་གི་རྒྱན་དུ་གྱུར།   མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱའི་གནས་མཐའ་དག་ལ་རྒྱ་གར་མཁས་པའི་ཁྲོད་དུ་ཁོང་གི་པཎྜི་ཏའི་མཚན་གནས་ཉི་ཟླ་ལྟར་ཤིན་ཏུ་མཐོ་ཞིང་། མཁས་བཙུན་བཟང་གསུམ་གྱི་མཚན་སྙན་ཕྱོགས་སུ་ཁྱབ་པར་བརྟེན།མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐུགས་ཡིད་དབང་མེད་དུ་དྲངས་ཤིང་། བོད་ཡུལ་ལུང་པ་འདི་རུ་ནང་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྣམ་པར་དག་པ་ཞིག་རྒྱས་པར་བྱེད་པ་ལ་ཇོ་བོ་གདན་དྲང་དགོས་པར་རྟོགས་ནས། སྲོག་དང་གསེར་ལ་ལྟོས་པ་མེད་པར་འབད་པ་ཆེན་པོའི་སྒོ་ནས་རྒྱ་བརྩོན་འགྲུས་སེང་གེ་གྲོགས་དང་བཅས་རྒྱ་གར་དུ་གདན་ཞུ་བར་མངགས་ཀྱང་སྤྱན་མ་འདྲོངས།སླར་ཡང་ཁོང་གི་ཞལ་ཆེམས་བཞིན་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་གདན་འདྲེན་པའི་ཕོ་ཉ་གཉིས་པ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དཔོན་གཡོག་རྒྱ་གར་དུ་བརྫངས།   ནག་ཚོ་ལོ་ཙཱ་བ་དང་རྒྱ་བརྩོན་སེང་གཉིས་མཐུ་བསྡོངས་ཏེ། ཇོ་བོ་ལ་ཤ་ཐང་ཐང་དུ་གནད་ལ་ཕོག་པའི་ཞུ་བ་ནན་ཏར་བགྱིས་པའི་མཐའ་ལ།  ཡི་དམ་རྗེ་བཙུན་སྒྲོལ་མ་སོགས་ལ་བརྟག་པ་བྱས་པའི་བཀའ་ལུང་གི་བདག་རྐྱེན་ལས།  གཞན་གྱི་དོན་ལ་རང་གི་བདེ་སྐྱིད་འདོར་བའི་ཁོང་གིས་སྐུ་ཚེ་ཐུང་མིན་ལ་མ་ལྟོས་པར་ཞལ་བཞེས་གནང་།

ཕྱི་དུམ་བོད་དུ་མཛད་པ་གནང་བའི་སྐོར།

ཁོང་བོད་དུ་བྱོན་པའི་དུས་ཚོད་ཐད་ལོ་རྒྱུས་རྣམས་སུ་ཤོད་ཚུལ་ཐ་དད་པ་རེ་འགའ་མཆིས་ལ། དེ་ཡང་དུང་དཀར་ཚིག་མཛོད་སོགས་སུ་ཇོ་བོ་དགུང་ལོ་ང་དགུ་པ་རབ་བྱུང་དང་པོའི་ལྕགས་འབྲུག་(༡༠༤༠)ལོར་བོད་དུ་ཕེབས་ནས་ལོ་གསུམ་སོང་བའི་ཆུ་རྟའི་(༡༠༤༢)ལོར་ཕྱིར་རྒྱ་གར་དུ་ཕེབས་རྩིས་མཛད་ཚུལ་གསུངས་མོད།   དེབ་སྔོན་ལས། “ཇོ་བོ་རྗེ་ནི་དགུང་སྙིང་ཆུ་ཕོ་རྟ་ཡིན་པས་ལྔ་བཅུ་རྩ་དགུ་པ་ལྕགས་འབྲུག་གི་ལོ་ལ་རྒྱ་གར་ནས་བཏེག  ལྕགས་མོ་སྦྲུལ་གྱི་ལོ་བལ་ཡུལ་དུ་བཞུགས། མངའ་རིས་སུ་ཆུ་ཕོ་རྟ་ལ་ཕེབས་པ་ཡིན།” ཞེས་དང་། དེ་མཚུངས། འབྲོམ་སྟོན་གྱི་ཇོ་བོའི་རྣམ་ཐར་ལས་ཀྱང་།  “དྲུག་ཅུའི་བར་དུ་རྒྱ་གར་ཆོས་ཀྱིས་བསྐྱངས། །ཆུ་ཕོ་རྟ་ལ་ཁ་བ་ཅན་དུ་བྱོན། །”ཞེས་དང་། གཞན་ཡང་བྱང་ཆུབ་འོད་ཀྱི་རྣམ་ཐར་ཞིག་ཏུའང་། “རབ་བྱུང་དང་པོའི་ཆུ་རྟ་ཕྱི་ལོ་ ༡༠༤༢ ལོར་ནག་ཚོ་ལོ་ཙཱ་བས་བཀའ་ལྟར་ཇོ་བོ་རྗེ་མངའ་རིས་གུ་གེར་སྤྱན་དྲངས།” ཞེས་ཚད་ལྡན་གྱི་ལོ་རྒྱུས་གསར་རྙིང་མང་པོས་ཆུ་རྟར་བཞེད་པའི་དགོངས་པ་དང་ཐ་དད་དུ་མ་སོང་བར་བྱས་ནས་ཞུ་བར་བགྱིད།(འོན་ཀྱང་།  དེབ་སྔོན་ལྟར་ལྕགས་འབྲུག་ལ་རྒྱ་གར་ནས་ཕྱགས་བཏེག་པར་བཞེད་ན། ལར་ནས་ཇོ་བོ་བོད་དུ་བཞུགས་པའི་དུས་ཚོད་ལོ་གསུམ་ལས་གནང་བ་མེད་ཁར། ལྕགས་འབྲུག་ལ་ཕེབས་རྡོག་ཐོན་ནས་ཆུ་རྟའི་བར་བོད་ནང་དུ་མ་སླེབས་པ་ཡིན་ན། མངའ་རིས་སུ་འབྱོར་སྐབས་ནས་ཕལ་ཆེར་ལོ་གཉིས་ལྷག་ཙམ་སོང་ཟིན་པས།   བོད་དུ་རིང་ནའང་ལོ་གཅིག་ལས་བཞུགས་པའི་དུས་ཚོད་མེད་ཀྱང་ལོ་གསུམ་ལ་བཞུགས་པར་བཞེད་སྟབས། རྒྱ་གར་ནང་ནས་ཐོན་ཏེ་ལོ་ངོ་ལྔ་ཙམ་གྱི་མཚམས་ལས་ཕྱིར་ཕེབས་རྩིས་མཛད་མེད་པ་གསལ།     དེ་ལྟ་ན་ཇོ་བོ་བོད་དུ་འབྱོན་ཁར་ལོ་གསུམ་གྱི་ཁོངས་སུ་རྒྱ་གར་ནང་ཕྱིར་འབྱོར་རྒྱུ་བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་དགེ་འདུན་དང་བཅས་པར་ནག་ཚོས་དམ་ཚིག་དཔང་དུ་བཞག་ནས་ཞལ་ཆད་བགྱིས་པ་དང་འགལ་བར་གྱུར་པས། དེ་ནི་དམ་སྡོམ་གཙིགས་སུ་འཛིན་པའི་ཁོང་གི་དགོངས་སྤྱོད་དང་ཅུང་མི་མཐུན་པ་ཞིག་མ་རེད་དམ་སྙམ་པ་ཞིག་འདུག)དེ་ཡང་དཔལ་ལྡན་ཨ་ཏི་ཤ་དགུང་ལོ་དྲུག་ཅུ་རེ་གཅིག་པ། བོད་ཆུ་རྟ་(ཕྱི་ལོ་ ༡༠༤༢)ལོར་བལ་ཡུལ་བརྒྱུད་ནས་བོད་ནང་དུ་ཕེབས་གནང་མཛད།  ལམ་བར་དུ་རྒྱ་བརྩོན་འགྲུས་སེང་གེར་མུ་སྟེགས་པའི་མཐུ་ཕོག་པས་སྐུ་མ་ཟིན་པར་ཡུལ་དེར་ཞི་བར་གཤེགས།  ཁོང་ནག་ཚོ་ལོ་ཙཱ་བ་སོགས་དང་མཉམ་དུ་མངའ་རིས་སྟོད་དུ་ཕྱགས་ཕེབས་པ་ན། བོད་ཀྱི་རྒྱལ་འབངས་ལྷ་དང་བཅས་པ་ཐམས་ཅད་ཀྱིས་ཕེབས་བསུ་ཐུགས་འཕྲོག་པ་ཞུས་ཤིང་། མཐོ་ལྡིང་གི་གཙུག་ལག་ཁང་དུ་གདན་དྲངས།  (དུས་དེ་ལྷ་བཙུན་པ་ཡེ་ཤེས་འོད་སྐུ་འདས་ནས་དབོན་བྱང་ཆུབ་འོད་ཀྱི་མངའ་ཐང་དར་བའི་སྐབས་ཡིན་ནོ། །)དེ་ནས། ཁོང་གིས་གདུལ་བྱ་ཡོངས་ལ་སོ་སོའི་བློ་དང་འཚམ་པའི་དམ་པ་ཆོས་ཀྱིས་བཀའ་དྲིན་གནང་བ་དང་།    བོད་ལ་སྔར་གྱི་མཁན་སློབ་ཚོའི་དུས་སུ་བྱུང་བའི་བསྟན་པའི་སྲོལ་ཉམས་པ་དག་བསྐྱར་གསོ་དང་། སྔ་ན་མེད་པ་རྣམས་གསར་དུ་བཙུགས་ཤིང་། ལོག་རྟོག་གི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ་བོད་བརྒྱུད་ནང་བའི་བསྟན་པ་འདི་ཉིད་དྲི་མ་དང་བྲལ་བར་མཛད། ཁྱད་པར་རང་ཅག་བོད་པའི་མི་རྣམས་ཆེད་དུ་བྱ་བའི་གདུལ་བྱར་བྱས་པའི་རྒྱ་གར་པཎ་ཆེན་གྱི་གཞུང་ཐོག་མའམ་གཅིག་པུ་ཡིན་པར་སྐད་པ།   བོད་པའི་ལམ་རིམ་གསར་རྙིང་ཀུན་གྱི་ཕྱི་མོ་ས་གསུམ་གྱི་རིན་པོ་ཆེ་གཅིག་པུ་《བྱང་ཆུབ་ལམ་གྱི་སྒྲོན་མ》ཞུ་བ་བརྩམས། ཇོ་བོས་མཛད་པའི་གཞུང་ལུགས་མང་དུ་མཆིས་ཀྱང་རྩ་བ་ལྟ་བུ་ནི་ལམ་སྒྲོན་ཡིན་ཏེ།“ མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་བསྟན་པས་བརྗོད་བྱ་མ་ཚང་བ་མེད་པ། སེམས་འདུལ་བའི་རིམ་པ་གཙོ་བོར་བསྟན་པས་ལག་ཏུ་བླངས་བདེ་བ། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའོ། །”ཞེས་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་ཡིིད་འཕྲོག་པས་བསྔགས་པ་དབང་མེད་དུ་ཐོན། དེ་ལྟ་བུའི་ལུགས་གཞན་ལས་ཁྱད་དུ་འཕགས་པའི་ཆེ་བ་གསུམ་དང་ལྡན་པའི་བསྟན་བཅོས་དེ་བརྩམས་གནང་མཛད་ཐོག   ཇོ་བོ་བཀའ་གདམས་པའི་གྲུབ་མཐའི་གཞི་གསར་དུ་བཏིང་། སླད་མར། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་རྒྱ་ཆེར་ཕྱེས་ཤིང་། པོ་ཏོ་བ་དང་། སྤྱན་སྔ་བ། ཕུ་ཆུང་བ་བཅས་སྐུ་མཆེད་གསུམ་སོགས་ཀྱིས་ཕྱིན་ཅི་མ་ལོག་པའི་བསྟན་པ་འདི་ཉིད་ཤིན་ཏུ་དར་ཞིང་རྒྱས་པར་མཛད།  ལྷག་པར། ཤ་ར་བའི་ཞལ་ནས། “ཇོ་བོ་རྗེ་ལྷ་གཅིག་བཀའ་དྲིན་ཆེ་ཟེར་བ་དེ་ཆོས་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་”ཞེས་ལམ་སྒྲོན་རྣམ་བཤད་ཚིག་དོན་རབ་གསལ་དུ་བྱུང་བ་བཞིན།  བྱང་ཆུབ་ལམ་གྱི་སྒྲོན་མའི་འཕྲིན་ལས་དང་བཀའ་དྲིན་ཁ་བ་ཅན་པ་ཐམས་ཅད་ལ་ཁྱབ་བདལ་དུ་འབྱམས། བསྟན་བཅོས་འདི་མཛད་པ་ན་ཇོ་བོའི་ཐུགས་བསྐྱེད་བཟང་བའི་མཐུ་ལས།  ཉི་མ་ཤར་བ་ན། འབྱུང་བོའི་བྱ་རྣམས་སྒྲ་མི་གྲག་པར་རང་གི་ཁུང་བུར་ངང་གིས་ཡིབ་པ་དང་མཚུངས་པར།  བོད་ལ་ཕྱི་དར་ཀྱི་དུས་སུ་བྱུང་བའི་བོད་སྟོན་བྱ་བའི་བོན་དང་གྲོང་སྔགས་ཆོས་ལོག་སྤེལ་སྒྲུབ་བགྱིད་པའི་རྩིང་སྤྱོད་པ་མང་དུ་མཆིས་པ་དག་ཀྱང་རེ་ཞིག་ནུབ་པར་གྱུར། དེ་ལྟར། མངའ་རིས་སུ་ལོ་གསུམ་བཞུགས་རྗེས། སྔར་ཇོ་བོ་བོད་ལ་ཕེབས་སྐབས་བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་གྱིས་དམ་ཚིག་བར་ལ་བཞག་ནས་ནག་ཚོ་ལ་ཇོ་བོ་ལོ་གསུམ་གྱི་ཁོངས་སུ་རྒྱ་གར་ལ་ཕྱིར་འབྱོར་བར་བགྱི་དགོས་པའི་བཀའ་ཡོད་སྟབས། བོད་ཤིང་སྤྲེལ་(༡༠༤༤)ལོར་ཕྱིར་རྒྱ་གར་དུ་ཕེབས་རྩིས་ཀྱིས་མངའ་རིས་པུ་ཧྲང་རྒྱ་ཞིང་ཟེར་བའི་གྲོང་དུ་འཁོད་པ་ན།  ཁོང་གི་གདམས་པ་མཐའ་དག་གི་སྲོག་འཛིན་པ་སྨོན་ལམ་གྱིས་འབྲེལ་བའི་འབྲོམ་སྟོན་པ་དང་ཐོག་མར་མཇལ་བས་འབྲོམ་སྟོན་པ་ལ་དབང་བསྐུར་སྲས་ཀྱི་ཐུ་བོར་བཟུང་། དེ་ནས་པུ་ཧྲེང་ནས་རིམ་གྱིས་ཆས་ཏེ་མང་ཡུལ་སྐྱིད་གྲོང་དུ་སླེབས། དེའི་ཚེ་ཁོང་གི་ཐུགས་བསྐྱེད་དང་བོད་པའི་བསོད་ནམས་ཀྱི་མཐུས་བལ་བོའི་མཐའ་མཚམས་སུ་དམག་འཁྲུག་བྱུང་བས་འབྱོན་ལམ་འགགས་ཏེ་ཕེབས་གནང་མཛད་མ་བཏུབ་པར་སྐྱིད་གྲོང་དུ་ལོ་གཅིག་བཞུགས། དེ་ནས་འབྲོམ་གྱིས་རྟིང་སྐུལ་བཞིན་དབུས་གཙང་གི་མཁས་པ་རྣམས་ཀྱིས་དབུས་གཙང་དུ་གདན་ཞུ་བགྱིས་པ་བཞིན། བསམ་ཡས། ཡར་ལུང་སོགས་སུ་ཟླ་ཤས་བཞུགས་མཐར་སྙེ་ཐང་དུ་ཕེབས་ནས་ཡུན་རིང་ལ་འགྲོ་དོན་གནང་། འཕན་པོ་དང་། ཡེར་པ། ལྷ་ས་སོགས་སུ་ལོ་འགར་བཞུགས།    མདོར་ན་ལོ་ངོ་བཅུ་གཉིས་ཙམ་ལ་ཆོས་གསུངས་པ་དང་། བསྟན་བཅོས་བརྩམས་པ། བསྒྱུར་བ། འགྱུར་བཅོས་པ་སོགས་བསྟན་པ་ཕྱི་དར་གྱི་བོད་བརྒྱུད་ནང་བའི་བསྟན་པ་ལ་ཕྱག་རྗེས་གསུབ་ཏུ་མེད་པ་བཞག་པས་ཁོང་གི་བཀའ་དྲིན་གྱི་ཁུར་ཤིན་ཏུ་ལྕི །(དུང་དཀར་ཚིག་མཛོད་སོགས་ལས་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ ལྷ་ས་སོགས་དབུས་གཙང་གཞན་དུ་ལོ་ལྔ་སྟེ་བོད་དུ་ལོ་བཅུ་བདུན་ལ་བཞུགས་པར་གསུངས་ཀྱང་།དགུང་ལོ་ང་དགུ་ལ་བོད་དུ་ཕེབས་ནས་དོན་གསུམ་ལ་སྐུ་འདས་པར་ཁོང་རྣམས་ཀྱིས་བཞེད་པས་དེའི་བར་ངོ་ལོ་བཅུ་བཞི་ལྷག་ལས་བརྩི་རྒྱུ་མེད་པས་དཔྱད་འཚལ།)ཁྱད་པར་བོད་ཀྱི་སྐལ་ལྡན་རྣམས་ལ་མདོ་སྔགས་སྤྱི་དང་། བསྟན་པའི་ཡང་སྙིང་སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་གཞག་རྩལ་དུ་བཏོན་ནས་འགྲོ་དོན་མཛད་པས། བླ་མ་སྐྱབས་འགྲོ་བ་དང་། ལས་འབྲས་པ་ཞེས་པའི་མཚན་ཡང་ཆགས། སྲས་ཀྱི་ཐུ་བོ་དགེ་བཤེས་འབྲོམ་སྟོན་པར། ཁོང་གི་སྐུ་ཆོས་དང་། ཏཱ་ལའི་ལོ་མར་བྲིས་པའི་རྒྱ་དཔེ་གཉིས་དང་། སེ་ཀ་ལི། བསིལ་ལྷམ་ཡ་གཅིག་བཅས་གནང་།   ཞལ་ཆེམས་དང་གདམས་ངག་ལུང་བསྟན་མང་དུ་གནང་བཞིན་ཁོང་གི་རྒྱལ་ཚབ་མཆོག་ཏུ་དབང་བསྐུར་བའི་རྟིང་མར།  དེབ་སྔོན་དུ།  “ཤིང་ཕོ་རྟའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་ལ་ཇོ་བོ་ཉིད་དགའ་ལྡན་དུ་གཤེགས། ཤིང་ཕོ་རྟ་ནི་འཆུག་མེད་དོ། །”ཞེས་འཁོད་པ་ལྟར། དགུང་ལོ་དོན་གསུམ་པ་རབ་བྱུང་དང་པོའི་ཤིང་རྟ་(ཕྱི་ལོ་ ༡༠༥༤ )ལོར་སྙེ་ཐང་དུ་སྐུ་དངོས་ཀྱི་གདུལ་བྱ་རེ་ཞིག་རྫོགས་པའི་ཚུལ་གྱིས་སྐུ་ཚེ་ཐ་མའི་མཛད་པ་བསྟན། (འབྲོམ་གྱི་ཇོ་བོའི་རྣམ་ཐར་ལས། “དེ་ལྟར་ང་ལ་བརྟེན་ནས་ལོ་དགུ་དང་། །ཁུ་ལ་བརྟེན་ནས་ཟླ་བ་བརྒྱད་དང་ནི། །བབ་མལ་རྣམས་སུ་ཟླ་བ་བཞི་ཙམ་དང་། །གཙང་གི་ཕྱོགས་སུ་ལོ་གཉིས་ཉེ་བར་འདས། །དྲིལ་བས་དགུང་ལོ་བདུན་ཅུ་དོན་གཉིས་པའི། །རྟ་ལོ་དབྱུག་གི་ཚེས་གཅིག་ནས་བརྩམས་ནས། །”ཞེས་དང་།  “དབྱུག་གུའི་གྲལ་ཚེས་བཅོ་བརྒྱད་གྱུར་པ་ན། །འཇིག་རྟེན་མགོན་པོ་དགའ་ལྡན་གནས་སུ་གཤེགས། །”ཞེས་བོད་དུ་ལོ་བཅུ་གཉིས་ཉེ་བར་འགྲོ་དོན་མཛད་མཐར་དགུང་ལོ་དོན་གཉིས་པ་རྟའི་ལོར་སྐུ་གཤེགས་ཚུལ་གསུངས་འདུག་ཀྱང་དོན་གཉིས་པར་གཤེགས་པ་ཡིན་ན་ལོ་ཁམས་ཤིང་རྟ་ཡིན་མི་འོས་པ་འདྲ་བས་དཔྱད་པར་འཚལ། )སྐུ་གདུང་སྙེ་ཐང་ན་མོ་ཆེར་ཞུགས་ལ་ཕུལ། ཕྱི་ལོར་ཇོ་བོའི་ཐུགས་དམ་གྱི་རྟེན་དུ་འབྲོམ་སྟོན་པས་སྙེ་ཐང་སྒྲོལ་མ་ལྷ་ཁང་བྱ་བ་གསར་དུ་བཞེངས་པ་སོགས། དངོས་སློབ་རྣམས་ཀྱིས་བཤད་སྒྲུབ་ལས་གསུམ་གྱིས་ཁོང་གི་དགོངས་པ་ཡོངས་སུ་རྫོགས་པར་བྱས་སོ།།

བོད་ཆུ་སྟག་ལོའི་ཟླ ༨ པའི་ཚེས ༡༨ ཁོང་གི་འདས་མཆོད་དུས་ཆེན་ཉིན་བྲིས་པ་ལ་སླར་སྣོན་འཕྲི་ཅུང་ཙམ་བགྱིས་ཏེ་སྤེལ། དགེ་བར་གྱུར་ཅིག །

Leave a Reply

Your email address will not be published. Required fields are marked *