༢༽ བསྟན་པའི་མཛེས་རྒྱན་མངོན་པ་མཛོད།
དེ་ཡང་མཁས་པའི་དབང་པོ་ལྡན་མ་དགེ་བཤེས་སྟོང་དཔོན་རིན་པོ་ཆེ་རྗེ་བཙུན་ངག་དབང་ཆོས་གྲུབ་ (1889-1949) མཆོག་གིས་མཛད་པའི་གཞུང་བཀའ་པོད་ལྔ་ཡི་སྨོན་ལམ་མཁས་པའི་ཡིད་འཕྲོག་ལས[1]།
ཤེས་བྱའི་གཞི་ལྔའི་གཏམ་གྱི་དབྱིག་འཛིན་པ། །
ཆོས་མངོན་རྒྱ་མཚོ་ཐོགས་མེད་རྒྱས་པའི་གཉེན། །
སྨན་མཆོག་ལེགས་སྒྲུབ་དམ་པའི་མཛོད་ཆེན་དུ། །
རྟག་ཏུ་ལེགས་ཞུགས་སྐྱེ་ཕྲེང་སྤེལ་གྱུར་ཅིག །
ཅེས་གསུངས་པ་ལྟར་མངོན་པ་མཛོད་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་གཞུང་ལོགས་སུ་མེད་ཀྱང་། ཐོར་བུར་གསུངས་པ་དག་ཕྱོགས་གཅིག་ཏུ་བསྡུས་ནས་དགྲ་བཅོམ་པ་དབྱིག་བཤེས་སོགས་ཀྱིས་མངོན་པ་སྡེ་བདུན་དང་། དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བྱེ་བྲག་བཤད་མཛོད་ཆེན་མོ་བརྩམས། དེ་རྗེས་ཀུན་མཁྱེན་གཉིས་པར་གྲགས་པའི་སློབ་དཔོན་དབྱིག་གཉེན་གྱིས་དེ་དག་ལས་སྙིང་བཏུས་ཀྱིས་མངོན་པ་མཛོད་ལྗགས་རྩོམ་མཛད་པ་ནི་མངོན་པའི་རྩ་བར་བྱེད། འདི་ནི་འཁོར་ལོ་དང་པོ་ལྟ་བའི་ཆ་འགྲེལ་བ་ཡིན་ལ། གྲུབ་མཐའི་གཞུང་ནི་བྱེ་བྲག་སྨྲ་བ་ལྟར་ཡིན།
དེ་བཞིན་སུ་མ་ཏི་དྷརྨ་དྷ་རས་མཛད་པའི་བཀའ་པོད་རྣམ་ལྔའི་བཤད་སྒྲུབ་སོགས་ཆོས་སྲིད་དགེ་མཚན་སྤེལ་བའི་བྱིན་འབེབས་གསོལ་འདེབས་པདྨ་རཱ་གའི་དོ་ཤལ་ལས[2]།
མངོན་པའི་མདོ་དང་བསྟན་བཅོས་མདའ་གཞུ་སྦྱར། །
ཤེས་བྱ་གཞི་ལྔའི་རང་སྤྱིའི་མཚན་ཉིད་ལ། །
ཀུན་རྨོངས་དགྲ་བོའི་གནད་ལ་བསྣུན་པ་ཡིས། །
བླང་དོར་ཚུལ་བཞིན་བྱེད་པའི་ཕྱྭ་གཡང་སྩོལ། །
ཞེས་གསུངས་པ་ལྟར། དེ་ལྟ་བུའི་མངོན་པའི་གཞུང་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[3]། བཀའ་པོད་ལྔའི་གྲས་མངོན་པ་གོང་འོག་གཉིས་[4]ཀྱི་བཤད་རྒྱུན་ནི། རྒྱ་གར་དུ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་ཐེག་ཆེན་གྱི་མངོན་པའི་བསྟན་བཅོས་མངོན་པ་ཀུན་བཏུས༌མཛད་ཅིང་། སློབ་དཔོན་རྒྱལ་བའི་སྲས་ཀྱིས་ཀྱང་མངོན་པ་ཀུན་བཏུས་ཀྱི་འགྲེལ་པ༌རྒྱས་བསྡུས་གཉིས་མཛད་པ་བསྟན་འགྱུར་མདོ་ཕྱོགས་པོད་ ༼ར༽ ༼ལི༽ གཉིས་སུ་ལེ་ཚན་གསུམ་བཞུགས་ཤིང་། བོད་ལྗོངས་སུ་བསྟན་པ་ཕྱི་དར་གྱི་སྐབས་སུ་བྲང་ཏི་དར་མ་སྙིང་པོ་དང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མངོན་པ་ཀུན་བཏུས༌ལ་འཆད་ཉན་གཙོ་བོར་མཛད་དེ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མངོན་པ་ཀུན་བཏུས་ཀྱི་འགྲེལ་པ༌ཞིག་ཀྱང་མཛད་ཅིང་། གཞན་ཡང་འགྲེལ་པ་མཛད་མཁན་འགའ་ཞིག་བྱུང་། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་ཚུགས་རྗེས་མངོན་པ་ཀུན་བཏུས་ཀྱི་སློབ་གཉེར་དེ་ཕར་ཕྱིན་དང་དབུ་མ་རྣམ་འགྲེལ་བཅས་ཀྱི་སློབ་གཉེར་དང་ཆབས་ཅིག་མཛད་པ་མ་གཏོགས། མངོན་པ་ཀུན་བཏུས་ལ་ཆེད་གཉེར་གྱིས་སློབ་སྦྱོང་མཛད་སྲོལ་མ་དར་ཞིང་། མཁས་པ་འགའ་ཞིག་གིས། མངོན་པ་འོག་མ་མཛོད་ལ་གཙོ་བོར་སློབ་གཉེར་གནང་སྟེ། མངོན་པ་ཀུན་བཏུས༌ཀྱི་སློབ་གཉེར་ཞོར་ལྕོགས་ལྟ་བུར་གནང་སྲོལ་འདུག།
མངོན་པ་གོང་འོག་གཉིས་ཀྱི་ནང་གསེས་མངོན་པ་མཛོད་ཀྱི་བཤད་རྒྱུན་ནི། རྒྱ་གར་དུ་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད༌དང་དེའི་རང་འགྲེལ་བཅས་མཛད་ཅིང་། ཁོང་གི་སློབ་མ་གང་བ་སྤེལ་དང་། དེའི་སློབ་མ་པཎྜི་ཏ་དཱ་ན་ཤི་ལ་དང་། ཛི་ན་མི་ཏྲ་གཉིས་ཡིན། ཁོང་གཉིས་བསྟན་པ་སྔ་དར་གྱི་དུས་བཙན་པོ་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་སྐབས་བོད་དུ་བྱོན་ནས་མངོན་པ་གོང་འོག་གཉིས་ཀའི་བཤད་རྒྱུན་སྤེལ། མངོན་པ་མཛོད་ཀྱི་སྐོར་ལ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ་རྣམས་བསྟན་འགྱུར་མདོ་ཕྱོགས་པོད་ ༼ཨི༽ ནས་པོད་ ༼ཐུ༽ པ་བར་པོད་བཅུ་གཅིག་ལ་ལེ་ཚན་རྣམས་གྲངས་བཅུ་གཅིག་ཡོད།
བོད་ལྗོངས་འདིར་བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་དབྱིག་གཉེན་གྱི་ཡང་སློབ་པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤི་ལ་གཉིས་བཙན་པོ་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་སྐབས་བོད་དུ་བྱོན་ནས་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ཀྱིས་མངོན་པ་གོང་འོག་གི་བཤད་པ་གསན་པ་ནས་བསྟན་པ་ཕྱི་དར་མ་ཚུགས་བར་དུ་བཤད་རྒྱུན་མ་ཉམས་པར་བྱུང་བའི་ནང་ཁྱབ་ཆེ་བ་ནི་འབན་དཀོན་མཆོག་རྡོ་རྗེ་དང་། རོག་ཆོས་ཀྱི་བརྩོན་འགྲུས་གཉིས་ཀྱི་བཤད་རྒྱུན་ཡིན། འབན་དཀོན་མཆོག་རྡོ་རྗེའི་བཤད་རྒྱུན་ནི། ས་སྐྱའི་རྗེ་བཙུན་རེད་མདའ་བའི་བར་བརྒྱུད་པ་མང་དུ་བྱུང་ཞིང་། རྗེ་བཙུན་རེད་མདའ་བ་ལས་རྗེ་ཙོང་ཁ་པས་གསན་ཏེ་དགེ་ལུགས་ཕྱོགས་ལ་དར་སྤེལ་བྱུང་། རོག་ཆོས་ཀྱི་བརྩོན་འགྲུས་ཀྱི་བཤད་རྒྱུན་ནི། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བར་དུ་བརྒྱུད་པ་གྲངས་ལས་འདས་པ་བྱུང་ཞིང་། བུ་སྟོན་རིན་པོ་ཆེ་ནས་སློབ་མ་དང་ཡང་སློབ་ཧ་ཅང་མང་པོ་བྱུང་སྟེ་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་མངོན་པ་མཛོད་ཀྱི་འགྲེལ་པ་དང་དོགས་གཅོད་སོགས་མཛད་པའི་ནང་ནས་བོད་ཀྱི་མཁས་པ་ཡོངས་ཀྱིས་སྤྱི་ཁྱབ་ཏུ་ཚད་མར་འཛིན་ཅིང་གྲགས་ཆེ་བ་ནི། དུས་རབས་བཅུ་བཞི་པའི་འགོར་སྣར་ཐང་མཁན་ཆེན་མཆིམས་འཇམ་དཔལ་དབྱངས་ (ཡོངས་གྲགས་སུ་འཇམ་དགག་པཀྴི་ཟེར་བ་བཅོམ་ལྡན་རིག་པའི་རལ་གྲིའི་སློབ་མ་དེ་ཡིན།) ཀྱིས་མཛད་པའི་འགྲེལ་པ་མངོན་པའི་རྒྱན༌ཏེ་ཡོངས་གྲགས་སུ་མཆིམས་མཛོད་ཅེས་འབོད་པ་དེ་ཡིན་ནོ།།
དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་ལས[5]།
གཞི་ལྔའི་རང་སྤྱིའི་མཚན་ཉིད་ཀུན་སྟོན་པའི། །
ཐོགས་མེད་སྐུ་མཆེད་ཞབས་ཀྱི་གཞུང་ལུགས་ལ། །
ངེས་པ་གཏིང་ནས་རྙེད་པའི་ལུང་རིགས་ཀྱིས། །
ཆོས་མངོན་རྒྱ་མཚོའི་ཕ་རོལ་སོན་པར་ཤོག །
ཅེས་གསུངས་པ་ལྟར། སྐབས་བབས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་དབང་དུ་བྱས་ཚེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་འཕགས་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་རྣམ་པར་འགྲེལ་པ་དང་། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཆོས་མངོན་པ་ཀུན་ལས་བཏུས་པ། གཅུང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་། དེའི་རང་འགྲེལ་ཆོས་མངོན་པའི་མཛོད་ཀྱི་བཤད་པ། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ། ཚིགས་སུ་བཅད་པའི་དོན་བསྡུས་པ་བཅས་མངོན་པའི་སྐོར་ལ་བསྟན་བཅོས་བཞི། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མ་བཅས་བསྟན་འགྱུར་དུ་མངོན་པའི་བསྟན་བཅོས་བདུན་བཞུགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༢༤༡
[2] འབྱིན་འབེབས་གསོལ་འདེབས། ༼༡༽ གཡང་འབོད། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢ན༢
[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༠༣
[4] འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་མངོན་པ་གོང་མ་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་མངོན་པ་འོག་མར་འཇོག་པ་ཡིན།
[5] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༡༢༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༢༥ ནས་ ༡༢༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།