ཐ༽ ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བ་སོགས་མ་རྙེད་པ། (ཆོས་ཚན་ ༡༠)

ཐ༽ ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བ་སོགས།

 

དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ (1617-1682) གསུང་དམ་པའི་ཆོས་ཀྱི་གསན་ཡིག་གངྒཱའི་ཆུ་རྒྱུན་ལས[1]། བླ་ཆེན་དང་བ་རི་ཐུན་མོང་ནས་བརྒྱུད་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བ། ཞེས་གསལ་ཞིང་། དེ་བཞིན་དཔེ་ཝར་མཆོག་སྤྲུལ་འཇམ་དབྱངས་བསོད་ནམས་དབང་པོའི་གསན་ཡིག་འདོད་རྒུའི་བང་མཛོད་ལས་ཀྱང་[2]། གཅིག་མཚུངས་སུ་བྱུང་བ་ལྟར། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བ་ཞེས་པའི་བསྟན་བཅོས་དེ་ཉིད་ཀྱི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཡང་ཡོད་པར་གསུངས་སོ།།

གཞན་ཡང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་ (1866-1928) མཛད་པའི་ལས[3]། གཉིས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བའི་སྐོར་ལ། ༡) བསྙེན་པ། ༢) ལྷ་དབང་དུ་བྱས་ནས་དོན་བསྒྲུབ་པ། ༣) ཀླུ་དབང་དུ་བྱས་ནས་ཆར་དབབ་ཅིང་ནོར་བསྒྲུབ་པ། ༤) གནོད་སྦྱིན་དབང་དུ་བྱས་ནས་ཟང་ཟིང་བསྒྲུབ་པ། ༥) མི་མ་ཡིན་དབང་དུ་བྱས་ཏེ་སྲོག་འཕྲོག་པ། ༦) རྨི་ལམ་ངན་པ་བཟློག་པ། ༧) ཤེས་རབ་འཕེལ་བ། ༨) སྲིའུ་གསོ་བ་རྣམས་སྟོན་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཀོ་ས་ལར་འཁྲུངས་པའི་བཻ་རོ་ཙ་ནའི་རང་འགྱུར། དེའི་ལག་ལེན་གྱི་ཡིག་སྣ་ལ་ལོ་རྒྱུས། ཞི་བའི་དཀྱིལ་འཁོར་དུ་བསྙེན་པ། རྒྱས་པའི་དཀྱིལ་འཁོར་དུ་ཁྲོལ་བུ། དྲག་པོའི་དཀྱིལ་འཁོར་དུ་དིབ་མ། དབང་གི་དཀྱིལ་འཁོར་དུ་རིལ་བུ་བསྒྲུབ་པ། བྱེ་བྲག་ལྷ་ཀླུ་གནོད་སྦྱིན་མི་མ་ཡིན་དབང་དུ་བསྡུ་བ། འཆི་བསླུ། ཤེས་རབ་འཕེལ་བ། སྲིའུ་བསྲུང་བ་རྣམས་སྟོན་པ་ཀོ་ས་ལར་འཁྲུངས་པའི་བརྟུལ་ཞུགས་སྤྱོད་པ་རྣམ་པར་སྣང་མཛད་རྡོ་རྗེས་ཡི་གེར་བཀོད་པ། བརྒྱུད་པ་སྒྲུབ་པ་ཆར་དབབ་པ་སྟེ་དོན་གསུམ་གྱིས་བསྟན་པའི་ཀླུའི་རྒྱལ་པོ་ཝ་རུ་ཎའི་ཆར་འབེབས་རྒྱ་གར་བཻ་རོ་ཙཱ་ནའི་རང་འགྱུར་དུ་མཛད་པ། ཆར་ཆོག་གི་ཡིག་སྣ་རྫོགས་བྱང་གི་མཐའ་ཅན། འགོར་ཡང་ན་རང་གི་དབེན་ཁང་ནས་ཞེས་ཡོད་པའི་གོང་གི་ཞལ་ཤེས་ཛྙཱ་ན་ཤྲཱི་དྷརྨའོའི་མཐའ་ཅན། ལས་སྦྱོར་གསུམ་པ་ཞེས་པ་ཆར་དབབ་པ། རྒྱལ་པོ། སྐྱེས་པ། བུད་མེད། ནོར། མི་མ་ཡིན་པ། ཕྱག་རྒྱ་མ། སྔགས་པ་རྣམས་དབང་དུ་བྱ་བ། ༩) ཀླུ་སྒྲུབ་ཀྱིས་མཛད་པའི་ཀུ་རུ་ཀུལླེའི་ས་དཔྱད་རྫོགས་སོའི་མཐའ་ཅན། འགོར་བླ་མ་དམ་པ་ལ་ན་མོ་བྱང་ཆུབ་སེམས་ཀྱི་ཕང་ལ་ཞེས་ཡོད་པའི་སྒྲུབ་ཐབས་ཆུང་ངུ་གྲེང་གྲེང་ཤ་སྭཱ་ཧཱའི་མཐའ་ཅན་ནོ། །ཞེས་བྱུང་བ་ལྟར། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསན་ཡིག་[4]ཏུའང་གཅིག་མཚུངས་སུ་གསལ་བའི་མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་བཅོས་ཀྱི་ཆོས་ཚན་རྣམ་གྲངས་དགུ་པོ་རྣམས་ཀྱི་མ་ཡིག་ལག་ཏུ་མ་སོན་པས་མ་འོངས་ལག་ཏུ་སོན་མཚམས་ཁ་སྐོང་ཕྱོགས་བསྒྲིགས་ཞུ་དགོས་སོ།།  །།

 

༡༠༽ ཚད་མ་རྣམ་པར་འཇོམས་པ་དང་། ཡང་དག་སྒྲོན་མ།

​དེ་ཡང་རྩོམ་པ་པོ་ (宇井伯寿) བརྩམས་པའི་སྡེ་དགེའི་བཀའ་བསྟན་དཀར་ཆག་ལས[5]། ཚད་མ་རྣམ་པར་འཇོམས་པ་མདོར་བཤད་པའི་འགྲེལ་པ་ཞེས་བྱ་བ། ཞེས་དང་། ཞུ་ཆེན་ལོ་ཙཱ་བ་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་བསྟན་འགྱུར་དཀར་ཆག་ལས[6]། ཚད་མ་རྣམ་པར་འཇོམས་པ་མདོར་བཤད་པའི་འགྲེལ་པ་ཞེས་བྱ་བ་རྩ་འགྲེལ་གཉིས་ཀ་མ་ཚང་བའི་དུམ་བུ་གཅིག །ཅེས་གསལ་བ་ལྟར། ཚད་མ་རྣམ་པར་འཇོམས་པ་འདིར་རྩ་འགྲེལ་གཉིས་ཡོད་པ་ལས། རྩ་བ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་ཀྱང་། བསྟན་འགྱུར་དུ་མི་ཞུགས་ཤིང་། ཚད་མ་རྣམ་འཇོམས་མདོར་བཤད་པ་ཞེས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་འགྲེལ་པ་ཞིག་བསྟན་འགྱུར་ཁྲོད་དུ་བཞུགས་ཀྱང་། རང་རྐང་ཚུགས་པའི་རྩ་གཞུང་མེད་པས་ཀླུ་སྒྲུབ་ཀྱིས་མཛད་མིན་རྟོགས་པར་དཀའ་ལ། འགྲེལ་པ་ལ་བལྟས་ན་རིགས་པ་ཅན་པའི་ཚིག་དོན་བཅུ་དྲུག་དགག་པར་གསལ་ལ། མཇུག་བྱང་དུ་མཛད་པ་པོ་སུ་ཡིན་མི་གསལ་ལ། འགྲེལ་པ་དེ་ཉིད་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་མིན་ངེས་སྙམ་ཡང་ད་དུང་བརྟག་དགོས་སོ།།

རྩ་བ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་ནི། ཚད་མ་རྣམ་པར་འཇོམས་པའི་གཞུང་དངོས་ལས[7]། དེ་ལ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིག་དང་པོ་འདིས་ནི་བདག་ཉིད་ཀྱིས་རང་བཟོ་མ་ཡིན་ཞིང་། དགོས་པ་དང་འབྲེལ་བ་ལ་སོགས་པ་བསྟན་པ་ཡིན་ཏེ། ཞེས་དང་། ཡང་དེ་ཉིད་ལས། གལ་ཏེ་དེ་ལྟར་ཡིན་མོད་ཀྱི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་ཚད་མའི་མཐའ་ལ་ཞེན་པ་བསལ་བའི་ཕྱིར་རིགས་པའི་ཚོགས་དུ་མ་བརྗོད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡིན་མོད་ཀྱི། མདོར་བསྡུས་པས་དོན་རྫོགས་པར་འདོད་པ་རྣམས་ཀྱི་དབང་དུ་བྱས་ནས་བཀོལ་ཞིང་བཀོད་པ་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་ལས། ད་ནི་ཚིག་གི་དོན་བསྟན་པར་བྱ་བའི་ཕྱིར་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །དེ་ལ་ཆེན་པོ་ཞེས་བྱ་བ་ནི་རིག་པ་དང་ལྡན་ཞིང་ཀུན་ཀྱང་རྗེས་སུ་འགྲོ་བའི་གནས་དམ་པ་ཡིན་པས་ན་སློབ་དཔོན་ཆེན་པོ་འོ། །ཀླུ་སྒྲུབ་ནི་མི་ལས་ཁྱད་པར་དུ་འཕགས་པའི་མཚན་གྱི་ཆེ་བ་སྟེ། དེ་ཡང་སྔོན་གང་ཞིག་གི་དོན་དུ་ཀླུའི་ཡུལ་དུ་བྱོན་པ་ལ། ཀླུ་རྣམས་ཀྱིས་སོ་སོའི་རྫུ་འཕྲུལ་བསྟན་པས་ཟིལ་གྱིས་ནོན་པར་མ་ནུས་པས། ཀླུའི་རྒྱལ་པོ་ཉེ་དབང་གི་བུ་མོ་བྱིན་ནས་ཀླུ་རྣམས་ཀྱིས་མཆོད་པ་བྱེད་ཅིང་དེར་མཚན་ཐོབ་ནས་མིའི་ཡུལ་དུ་དགེ་སློང་གི་དུས་སུ་ཡང་གྲགས་སོ། །ཞལ་སྔ་ཞེས་པ་ནི་བདག་ཅག་ཀུན་གྱིས་སྲི་ཞུའི་ཚུལ་གྱིས་བོད་པའོ། །ཚད་མས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་རྒྱུ་མཚན་སྟོན་ཏེ་མི་གནོད་ཅིང་གྲུབ་ལ་མི་སླུ་བ་སྟེ། དེ་དེའི་མཚན་ཉིད་མ་གྲུབ་པས་ན་རྣམ་པར་འཇོམས་པའོ། །རབ་ཏུ་བྱེད་ཅེས་བྱ་བ་ནི་པྲ་ཀ་ར་ནའི་སྒྲ་ལས་མཆོག་ཏུ་བྱེད་པ་དང་དོན་སྟོན་པར་བྱེད་ཅེས་པའོ། །ནས་ཞེས་པ་ནི་འབྱུང་ཁུངས་ཀྱི་དོན་དུ་ཤེས་པར་བྱའོ། །ཞེས་དང་། དེ་ཉིད་ལས། དེ་ལ་ཅིའི་ཕྱིར་ཡོངས་སུ་གཅོད་པ་མི་བྱེད་ཅེ་ན། ཀླུ་སྒྲུབ་ཞབས་ཀྱིས་རིགས་པའི་ཚོགས་དུ་མ་བཀོད་པ་ལས། གང་ཡོངས་སུ་གཅོད་པ་ཅི་ཡང་མ་གྲུབ་ཅིང་དགག་པར་བྱ་བ་ཡིན་པ་ཁོ་ནའོ། །ཞེས་དང་། དེ་ཉིད་ལས། གལ་ཏེ་དེ་ཉིད་འདོད་ཐོག་ཁོ་ནའོ་ཞེ་ན། དེ་ལྟ་མ་ཡིན་ཏེ། དེ་ནི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་ཡང་དག་སྒྲོན་མའི་བསྟན་བཅོས་ལ་སོགས་པར་ཁྱབ་པར་བྱེད་པ་མི་དམིགས་པ་ལ་སོགས་པའི་རིགས་པས་བཀག་ཟིན་ལ། འདིར་ནི་ཡི་གེ་མངས་ཀྱིས་དོགས་ནས་མ་བྲིས་སོ། །ཞེས་ཀླུ་སྒྲུབ་ཀྱིས་མཛད་ཚུལ་མང་དུ་བྱུང་ཡང་བསྟན་བཅོས་འདི་ཉིད་ཀྱི་མ་ཡིག་ལག་ཏུ་མ་སོན་པས་མ་འོངས་པར་བརྩད་ཞིབ་ཞུ་དགོས་སོ།།  །།

 

[1] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ ༣༩༢

[2] པེ་ཝར་མཆོག་སྤྲུལ་འཇམ་དབྱངས་བསོད་ནམས་དབང་པོའི་གསན་ཡིག །སྨད་ཆ། ༼༤༽ ཤོག་གྲངས་ ༢༧༠

[3] འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་རྩོམ། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༤༩༦

[4] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། པོད། ༼༤༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༦

[5] སྡེ་དགེའི་བཀའ་བསྟན་དཀར་ཆག །པོད། ༼༡༽ ༡༩༣༤ ལོ། ཤོག་གྲངས་ ༥༨༩

[6] ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཤྲཱི།༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༤༧

[7] སྡེ་དགེ་བསྟན་འགྱུར། དབུ་མ། ༼ཨ༽ པོད།​ ༡༠༩ པ། ཤོག་གྲངས་ ༢༩༣བ༡ ནས་ ༢༩༦ན༣ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༡ ནས་ ༣༠༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *