༡༽ རྒྱས་པར་མཛད་པ་ཚད་མ་རྣམ་འགྲེལ། བརྒྱུད་པ། འགྲེལ་པ། གྲུབ་མཐའ། དོགས་སློང་།

༡༽ རྒྱས་པར་མཛད་པ་ཚད་མ་རྣམ་འགྲེལ།

 

དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་ཕྱག་འཚལ་བ་ལས[1]།

གནས་གསུམ་གཞལ་བྱའི་དེ་ཉིད་མ་ལུས་པ། །

ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་དོན། །

སྒྲུབ་དང་སུན་འབྱིན་ངག་གིས་འདོམས་མཛད་པ། །

རིགས་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཡ་གྱལ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་རྨད་དུ་བྱུང་བའི་ལེགས་བཤད་ཚད་མ་རྣམ་འགྲེལ་ནི། ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་དུ་དབང་པོ་རྣོན་འབྲིང་རྟུལ་གསུམ་གྱི་དབང་དུ་བྱས་ཏེ་ཚད་མ་སྡེ་བདུན་མཛད་པའི་ཡ་གྱལ་དང་། བྱེ་བྲག་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དུ་གྲགས་པ་དེའི་གྲས་ཤིག་སྟེ། གཞུང་ཚད་ལ་རང་དོན་རྗེས་དཔག་གི་ལེའུ་དང་། ཚད་མ་གྲུབ་པའི་ལེའུ། མངོན་སུམ་གྱི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ་བཅས་ཁྱོན་ལེའུ་བཞི་ལས་གྲུབ་པའི་རྒྱས་པའི་བསྟན་བཅོས་ཤིག་ཡིན།

རྣམ་འགྲེལ་གྱི་བརྗོད་བྱའི་གཙོ་བོ་ནི། མཁས་གྲུབ་ཆོས་རྗེའི་ (1385-1438) སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས[2]། སྟོན་པ་དང་དེའི་བསྟན་པ་སྐྱོན་མེད་པར་བསྒྲུབ་པའི་ཚུལ་བསྟན་བཅོས་ཀྱི་བརྗོད་བྱའི་གཙོ་བོ་ཡིན་པས། དེ་ཉིད་སྟོན་པ་ལ་ཚད་མ་གྲུབ་པའི་ལེའུ་གསུངས་ལ། སྟོན་པ་དང་བསྟན་པ་སྐྱོན་མེད་པར་ཚད་མས་སྒྲུབ་པ་ཡང་གཏན་ཚིགས་ཡང་དག་གི་སྒོ་ནས་སྒྲུབ་དགོས་པས། དེ་གཏན་ལ་འབེབས་པ་ལ་རང་དོན་ལེའུ་བསྟན་ལ། གཏན་ཚིགས་སྐྱོན་མེད་དུ་འགྱུར་བ་ཡང་ཚུལ་གསུམ་མཐར་མངོན་སུམ་གྱིས་གྲུབ་པ་ལ་རག་ལས་པས། དེའི་ཕྱིར་མངོན་སུམ་ཚད་མ་གཙོ་བོར་གཏན་ལ་འབེབས་པ་ལ་མངོན་སུམ་ལེའུ་གསུངས་ཤིང་། རང་གིས་ངེས་པ་དེ་གཞན་ལ་སྟོན་པའི་ཐབས་གཏན་ལ་འབེབས་པ་ལ་གཞན་དོན་ལེའུ་གསུངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ།།

ཚད་མ་རྣམ་འགྲེལ་གྱི་འགྱུར་ལ་མཚོན་ན། བསྟན་བཅོས་འདི་ཉིད་རྒྱ་གར་འཕགས་ཡུལ་ཙམ་དུ་མ་ཟད་བོད་ཀྱི་མཁས་གྲུབ་གོང་མ་དག་གིས་ཀྱང་གཅེས་ནོར་དམ་པར་བཟུང་བའི་རྟགས་མཚན་ལ་འགྱུར་གྱི་དབང་དུ་བཏང་ནའང་། སྔ་འགྱུར་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། བར་འགྱུར་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱིས་ཞུས་ཆེན་མཛད་པ་དང་། དེ་ལའང་ཕྱི་འགྱུར་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བསྐྱར་ཞུས་མཛད་ལ། ལྷག་པར་ཚད་མའི་རིགས་ལམ་ཆགས་པར་གཞུང་བཟང་འདི་ཉིད་ལ་དམིགས་ཕུག་པའི་ཐོས་བསམ་སློབ་གཉེར་མ་བྱས་ན་མི་འགྲིག་པར་རྟེན། ཚད་མ་རྣམ་འགྲེལ་ལ་འཆད་རྩོད་ཀྱི་བརྒྱུད་པ་དུས་ད་ལྟའི་བར་མ་ཉམས་པར་བཞུགས་ཡོད་ལ། ལེགས་སྦྱར་གྱི་མ་དཔེ་ཡང་ད་ལྟ་བཞུགས་མུས་ལགས་སོ།།  །།

 

༡) རྣམ་འགྲེལ་གྲུབ་མཐའ་གང་དུ་གཏོགས་ཚུལ།

 

དེ་ཡང་ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་ (1456/1441-1532/1525) མཛད་པའི་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིགས་གཏེར་ལ་ཉེ་བར་མཁོ་བ་མཐའ་གཉིས་གསལ་བྱེད་ལས[3]།

དཔལ་ལྡན་གྲགས་པས་ལུགས་དེ་གསལ་བའི་སྒོ། །

འཇིག་རྟེན་ཚད་མར་གྱུར་པའི་རྒྱན་བདུན་དང་། །

དང་པོའི་རྣམ་འགྲེལ་ཕྱེད་དང་བཞི་པ་མཛད། །

རྣམ་གྲངས་ཉིད་ལ་སློབ་དཔོན་རྣམ་གཉིས་ཀྱི། །

སྲོལ་གཉིས་གཅིག་ཏུ་འཆད་དང་ཐ་དད་དུ། །

སོ་སོར་འབྱེད་པའི་རྒྱན་དང་ལྷ་དབང་བློའི། །

རྗེས་འབྲང་འགྲེལ་བཤད་བྱེད་པ་ལུགས་གཉིས་བྱུང་། །

ཞེས་གསུངས་པ་ལྟར། ཚད་མ་རྣམ་འགྲེལ་གྲུབ་མཐའ་གང་གི་ལུགས་སུ་འགྲེལ་ཞེ་ན། དེ་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ (1648-1721/1722) རྣམ་འགྲེལ་ལེའུ་དང་པོའི་མཐའ་དཔྱོད་ལས[4]། རང་ལུགས་ལ་བསྟན་བཅོས་འདིའི་གཞུང་ཡོངས་རྫོགས་གྲུབ་མཐའ་གཅིག་ལ་བཀྲལ་དུ་མི་རུང་ཡང་དགོངས་པ་མཐར་ཐུག་བཀྲལ་ཚུལ་དུ་མ་ཡོད་དེ། རྒྱན་མཁན་པོ་ཤེར་འབྱུང་བློ་གྲོས་ཀྱིས་ངོ་བོ་ཉིད་མེད་པ་ཐལ་འགྱུར་བ་དང་། ཞི་བ་འཚོ་ཡབ་སྲས་དང་ཛེ་ཏཱ་རིས་ངོ་བོ་ཉིད་མེད་པའི་དབུ་མ་རང་རྒྱུད་པ་དང་། ལྷ་ཤཱཀྱ་གཉིས་ཆོས་མཆོག་དང་གསུམ་གྱིས་སེམས་ཙམ་དུ་བཀྲལ་བའི་ཕྱིར། ཕྱི་མ་གསུམ་གྱི་ལུགས་འཐད་ལ་རྣམ་བདེན་རྫུན་གཉིས་ལས་ཆོས་མཆོག་ལྟར་གྱི་རྣམ་རྫུན་དང་། རྣམ་བདེན་བྱེད་ཚེ་སྣ་ཚོགས་གཉིས་མེད་པ་ཛེ་ཏཱ་རེས་བཤད་པ་ལྟར་རིགས་ཏེ། བསྟན་བཅོས་འདིས་མདོ་སེམས་ཐུན་མོང་གི་ལུགས་བཤད་པ་མང་ཡང་སེམས་ཙམ་པའི་ལུགས་གཙོ་བོར་བཤད་པའི་ཕྱིར། ཞེས་དང་། དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་ལྕང་སྐྱ་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་[5]ཀྱང་། སློབ་དཔོན་བྱང་ཆུབ་བཟང་པོས་ཐོགས་མེད་ཡབ་སྲས་རྣམ་རྫུན་པ་དང་། ཕྱོགས་གླང་ཡབ་སྲས་རྣམ་བདེན་དུ་བཤད་མོད། འོན་ཀྱང་སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ནི་རྣམ་བདེན་པ་ཡིན་པར་མ་ངེས་ཏེ། ལྷ་དབང་བློ་དང་ཤཱཀྱ་བློས་རྣམ་འགྲེལ་གྱི་དགོངས་པ་རྣམ་བདེན་དུ་བཀྲལ་ཞིང་། ཤེས་རབ་འབྱུང་གནས་སྦས་པས་རྣམ་རྫུན་དྲི་མེད། སློབ་དཔོན་ཆོས་མཆོག་གིས་རྣམ་རྫུན་དྲི་བཅས་སུ་བཀྲལ་བའི་ཕྱིར་རོ། ། ཐོགས་མེད་ཡབ་སྲས་ཀྱི་དགོངས་པ་ཡང་རྣམ་རྫུན་དུ་མ་ངེས་ཏེ། རྟོག་གེ་འབར་བར་དེ་དག་གི་བཞེད་པ་འགོག་སྐབས་རྣམ་བདེན་པའི་འདོད་པ་བཤད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རྣམ་འགྲེལ་ལེའུ་དང་པོ་གཉིས་མདོ་སྡེ་པའི་ལུགས་དང་། ལེའུ་གསུམ་པའི་སྟོད་ཆ་མདོ་སེམས་ཐུན་མོང་བ་དང་ཐུན་མིན་ཅི་རིགས་པ་བསྟན། དེ་མན་ཆད་རྣམ་འགྲེལ་རང་ལུགས་རང་ཞིག་ཞལ་གྱིས་བཞེས་པའི་སེམས་ཙམ་པའི་ལུགས་ཁོ་ན་བསྟན་ཏོ།།  །།

 

༢) ཚད་མ་རྣམ་འགྲེལ་གྱི་འགྲེལ་པ།

 

དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་སརྒ་བཞི་པ་ལས[6]།

དེ་ཡི་ལམ་སྲོལ་ཚད་མ་རིགས་པའི་གཞུང་། །

རྣམ་དཔྱོད་གསལ་ལྡན་སྐྱེས་བུ་བགྲངས་ཡས་ལ། །

ཡོངས་སུ་སྤེལ་མཛད་ཆོས་ཀྱི་གྲགས་པའི་ཞབས། །

རྗེས་འབྲང་བཅས་ལ་རྟག་པར་ཕྱག་བགྱིའོ། །

ཞེས་གསུངས་པ་ལྟར་ཚད་མ་རྣམ་འགྲེལ་གྱི་འགྲེལ་པའི་ཐད། རྣམ་འགྲེལ་ལེའུ་བཞིའི་ནང་ནས་ཀྱང་ལེའུ་དང་པོ་རང་དོན་རྗེས་དཔག་གི་ལེའུ་འདི་དཀའ་གནད་ཆེ་ཞིང་། འདི་ལེགས་པར་ཁོང་དུ་ཆུད་པ་སྔོན་དུ་མ་སོང་ན་ལེའུ་ཕྱི་མ་གཞན་གསུམ་པོའང་ཇི་བཞིན་འཆད་པར་མི་ནུས་པར་དགོངས་ཏེ་ལེའུ་འདི་ལ་སློབ་དཔོན་གྱིས་རང་འགྲེལ་ཡང་མཛད། གནད་དོན་དེ་ལྟར་ཡོད་པར་མ་ཤེས་པའི་མཁས་པ་འགའ་ཤས་ཀྱིས་རང་དོན་རྗེས་དཔག་རྣམ་འགྲེལ་ལེའུ་དང་པོར་མི་འདོད་པ་ནི་དཔྱད་བཟོད་ཀྱི་གཏམ་མིན་པར་མངོན། སློབ་དཔོན་ཆོས་གྲགས་ཀྱི་དངོས་སློབ་སློབ་དཔོན་ལྷ་དབང་བློས་རང་འགྲེལ་གྱི་འཕྲོ་མཐུད་ནས་རྣམ་འགྲེལ་དཀའ་འགྲེལ་མཛད། འདི་རང་འགྲེལ་དང་བསྡོམས་པར་ཚད་མ་སྟོང་ཕྲག་བཅུ་གཉིས་ཟེར། དེའི་དངོས་སློབ་སློབ་དཔོན་ཤཱཀྱ་བློས་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཡོངས་རྫོགས་འགྲེལ་པ་རྣམ་འགྲེལ་འགྲེལ་བཤད་མཛད། མཛད་པ་པོ་གཅིག་གིས་རྣམ་འགྲེལ་ལ་རྣམ་བཤད་ཡོངས་རྫོགས་མཛད་པ་བོད་འགྱུར་ནི་འགྲེལ་བཤད་འདི་ཁོ་ན་ཡིན།

རྒྱན་མཁན་པོ་ཤེར་འབྱུང་སྦས་པས་མཛད་པའི་རྣམ་འགྲེལ་རྒྱན་དང་། ཉི་མ་སྦས་པ[7]ས་མཛད་པའི་རྣམ་འགྲེལ་འགྲེལ་པ་གཉིས་སུ་རྣམ་འགྲེལ་ལེའུ་གཉིས་པ་ཚད་མ་གྲུབ་པའི་ལེའུ་ནས་དབུ་བཙུགས་ཏེ་འགྲེལ་པ་མཛད་ཅིང་། རང་དོན་རྗེས་དཔག་ལ་ཚིག་གི་དཀའ་འགྲེལ་སློབ་དཔོན་རང་ཉིད་ཀྱིས་རྒྱས་པར་མཛད་ཟིན་པ་ལ་དགོངས་ནས་འགྲེལ་པ་མཛད་མེད། རྣམ་འགྲེལ་རྒྱན་ལ་རྒྱལ་བ་ཅན་གྱི་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་དང་། སློབ་དཔོན་ཛ་མ་རི་ཡི་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་དག་བཅས་ཡོད། བྲམ་ཟེ་ཆེན་པོ་བདེ་བྱེད་དགའ་བས་མཛད་པའི་རྣམ་འགྲེལ་འགྲེལ་བཤད་ཅུང་ཟད་མ་ཚང་བ་སོགས་བོད་སྐད་དུ་བསྒྱུར་ཡོད། ཕྱོགས་མཚུངས་རང་རེ་གཞུང་འདིར་དད་མོས་ཅན་རྣམས་སྤྲོ་བ་སྐྱེ་འོས་པ་ཞིག་ལ་ལེགས་སྦྱར་སྐད་དུའང་བཞུགས་པ་དེ་ཡང་རྣམ་འགྲེལ་ལེགས་སྦྱར་ལ་ཞུ་ཆེན་ཐོག་མ་ནི་པཎྜི་ཏ་སྒྲ་གཅན་འཛིན་ཡིན་པར་མ་ཟད། པཎྜི་ཏ་སྒྲ་གཅན་འཛིན་གྱིས་རྣམ་འགྲེལ་རང་འགྲེལ་ལེགས་སྦྱར་ལེའུ་དང་པོར་ཞུ་ཆེན་གནང་ཡོད། དེའི་ཚུལ་ཡང་ཁོང་གི་གཟིགས་དཔེ་བྲིས་མར་རང་འགྲེལ་ལེགས་སྦྱར་བཞི་ཆ་གཅིག་ཙམ་ལས་མ་བཞུགས་པར་བརྟེན་ཀར་ཎ་ཀ་གི་མིའི་རྣམ་འགྲེལ་འགྲེལ་བཤད་ཟུར་ལྟའི་དཔྱད་གཞི་གནང་ནས་བོད་འགྱུར་ནས་ལེགས་སྦྱར་དུ་བསྐྱར་གསོ་གནང་འདུག །དེ་རྗེས་མཁས་པ་མ་ལྭ་ནི་ཨ་དང་ཉོ་ལི་གཉིས་ཀྱིས་ཀྱང་ལེའུ་དང་པོའི་རང་འགྲེལ་ལེགས་སྦྱར་ལ་ཞུ་ཆེན་གནང་ཡོད་པའི་ནང་ནས་ཕྱི་མ་ཉོ་ལིས་ཞུ་ཆེན་གནང་བ་འདི་བཞིན་དེང་རབས་མཁས་པ་རྣམས་ཀྱིས་ཚད་ལྡན་དུ་འཛིན།

ཡང་པཎྜི་ཏ་སྒྲ་གཅན་འཛིན་གྱིས་རང་གིས་གདན་དྲངས་པའི་རྒྱན་མཁན་པོ་ཤེས་རབ་འབྱུང་གནས་སྦས་པའི་རྣམ་འགྲེལ་རྒྱན་ལ་ཞུ་ཆེན་མཛད་ཀྱང་། ཕྱིས་འདིར་ཞུས་དག་ངེས་འདྲོངས་མ་ཐུབ་པའི་སྐྱོན་ཆ་ཡོད་པ་སྔ་ནས་བཤད་འདུག །

གཞན་ཡང་པཎྜི་ཏ་སྒྲ་གཅན་འཛིན་གྱིས་བོད་ནས་གདན་དྲངས་པའི་རྣམ་འགྲེལ་འགྲེལ་པའི་ནང་ན་དང་པོར་སློབ་དཔོན་ཡིད་ཀྱི་ཤིང་རྟ་དགའ་བོའི་རྣམ་འགྲེལ་འགྲེལ་བཤད་ལ་ཞུ་ཆེན་གནང་། འདིར་བརྗེད་བྱང་ཞིག་ཀྱང་མཉམ་དུ་ཡོད་པའི་ནང་ཕྱོགས་གླང་གི་གཞུང་གི་ལེགས་སྦྱར་གཞུང་ཚན་མང་པོ་བཀོད་ཡོད་པས་གལ་ཆེ། པཎྜི་ཏ་ཤ་སྟྲིས་ཀྱིས་སློབ་དཔོན་ཡིད་ཀྱི་དགའ་བོའི་རྣམ་འགྲེལ་འགྲེལ་བཤད་ལ་ཞུ་ཆེན་གནང་འདུག་ཀྱང་བྲིས་མ་གསར་པ་ཟུར་ལྟའི་དཔྱད་གཞི་བཀོད་མེད།

དེ་བཞིན་མཁས་པ་པན་དེ་ཡིས་ཀྱང་ཡིད་ཀྱི་ཤིང་རྟ་དགའ་བོའི་རྣམ་འགྲེལ་འགྲེལ་བཤད་ལ་ཞུ་ཆེན་གནང་འདུག་ཀྱང་བྲིས་མ་གང་ལ་ཁུངས་བཅོལ་མིན་གསལ་པོ་མི་འདུག །པཎྜི་ཏ་སྒྲ་གཅན་འཛིན་དང་། མཁས་དབང་པ་ག་རི་ཡ་ཡིས་རྒྱན་མཁན་པོ་ཤེས་རབ་འབྱུང་གནས་སྦས་པའི་རྣམ་འགྲེལ་རྒྱན་ལ་ཚིག་བྱང་ཡང་བཟོས་འདུག ། དེ་རྗེས་སློབ་དཔོན་ཆེན་མོ་མི་ཡ་ས་ཁས་ལེགས་སྦྱར་དང་བོད་འགྱུར་གཉིས་ཀ་ལ་ཞུ་ཆེན་གནང་། ཞུས་ཆེན་པར་མ་འདི་བཞིན་རྒྱ་བོད་གཞུང་སྦྱར་ཏེ་སྟབས་བདེ་པོ་ཡོད་པས་ན་དེང་རབས་མཁས་པ་རྣམས་འདི་རང་ལ་སློབ་གཉེར་གནང་ལམ་ཆགས་པ་བཅས་སོ།།[8]

དེ་ལྟར་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ནི། རིགས་པ་ཆེན་པོ་སའི་སྟེང་མ་ལུས་པ་ན་སྨྲ་བ་ངན་པའི་གླང་པོ་ཆེའི་སྤྱི་བོ་གནོན་པར་མཛད་པའི་སེངྒེ་ཕྱོགས་མ་ལུས་པར་སྙན་པར་གྲགས་པ་ཅན། དཔལ་ཆོས་ཀྱི་གྲགས་པས་སྦྱར་བའི་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་འགྲེལ་པ་ཡིན་ལ། འདིར་འགྱུར་བྱང་མི་གསལ་ཡང་འདིའི་ལེགས་སྦྱར་གྱི་མ་དཔེ་ད་ལྟའང་བཞུགས་ཡོད། ཚད་མ་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་གཞུང་ཚད་ལ་ལེའུ་གཅིག་དང་། བམ་པོ་བཅུ་གཅིག་བཞུགས་པས་སྟོང་ཕྲག་ཕྱེད་དང་བཞི་ཞེས་གྲགས་སོ།།  །།

 

༣) ཚད་མ་རྣམ་འགྲེལ་གྱི་བརྒྱུད་པ།

 

ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ (1456/1441-1532/1525) ཀྱིས་མཛད་པའི་ཚད་མ་རིགས་གཏེར་གྱི་འགྲེལ་པ་ལས[9]།

དཔག་ཡས་བློ་མངའ་རིགས་པའི་ལུས་གྲིམས་ཤིང་། །

དངོས་འཛིན་གླང་པོའི་དགྲ་འཇོམས་རང་སྡེ་ཡི། །

སྲིད་ལས་རྣམ་རྒྱལ་སྨྲ་བའི་གདོང་ལྔ་པ། །

ཆོས་ཀྱི་གྲགས་པའི་ཞབས་པད་སྤྱི་བོས་མཆོད། །

ཅེས་གསུངས་པ་ལྟར་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་བརྒྱུད་པ་ནི། འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[10]། ཐུབ་པ། དགྲ་བཅོམ་པ་ཆོས་སྐྱོབ། པཎ་ཆེན་མེ་ཏྲི་པ། དབྱིག་གཉེན། ཕྱོགས་གླང་། དབང་ཕྱུག་སྡེ། ཆོས་གྲགས། ལྷ་དབང་བློ། ཤཱཀྱ་བློ། དུལ་བ་ལྷ། ཆོས་གྲགས། ཤེར་འབྱུང་། ཉི་མ་སྦས་པ། ཛ་མ་རི། ཛྙི་ན་ཤྲཱི་མི་ཏྲ། ཆོས་ཀྱི་མཆོག །ཨཱ་ནནྡ། ཝཾ་ཀུ་པཎྜི་ཏ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ས་པཎ། འུ་ཡུག་པ། ཞང་བཙུན་མདོ་སྡེ་དཔལ། འཇམ་དབྱངས་སྐྱ་བོ། དཔལ་ལྡན་པ། འཇམ་དབྱངས་སྟོན་གཞོན། ནོར་བཟང་དཔལ། གྲགས་རིན་པ། འཇམ་སྔོན་པོ། ཆོས་སེང་བ། རྔོ་ཐོག་པ་ཆོས་ཀྱི་བཟང་པོ། མཁན་ཆེན་རིན་པོ་ཆེ་རྒྱལ་མཚན་བཟང་པོ། ཡང་། ཆོས་སེང་བ་ལ་རྒྱལ་ལྷ་ཁང་བ་བསམ་གྲུབ་ཡེ་ཤེས། དེ་ལ་སློབ་དཔོན་བསམ་གྲུབ་བཟང་པོ་བ་རྣམས་ཏེ། འདི་རྣམ་འགྲེལ་བ་གཞན་རྣམས་ལ་མི་སྣང་བས། མཁན་ཆེན་རིན་པོ་ཆེ་རྒྱལ་མཚན་བཟང་པོས་འབད་པ་ཆེན་པོས་བཙལ་བས་རྙེད་པ་ཡིན་གསུངས་ཏེ། ཚད་མ་རྣམ་འགྲེལ་གྱི་བརྒྱུད་པའོ། །ཞེས་གསལ་བ་ལྟར་རོ།།  །།

 

༤) རྣམ་འགྲེལ་གྱི་གཞུང་ཚིག་དོགས་སློང་།

 

དེ་ཡང་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས[11]།

ཚུལ་དང་ཚུལ་མིན་རྣམ་པར་འབྱེད་མཁས་ལྟ་བ་ངན་པའི་ཚང་ཚིག་བསྲེག །

འཕགས་པ་ཉིད་ཀྱིས་རྗེས་སུ་བཟུང་བས་ཡང་དག་རིགས་པའི་ལམ་སྟོན་པ། །

གཞུང་ལུགས་ཉིན་བྱེད་ཡོན་ཏན་བརྒྱ་ལྡན་བློ་ངན་ཉིད་སྤོང་འཇིགས་པ་སྤངས། །

དེ་ལྟ་མོད་ཀྱི་བློ་མིག་རྣམ་དག་མཁས་པའི་པདྨོ་རྒྱས་བྱེད་ཡིན། །

ཚད་མ་རྣམ་འགྲེལ་ལས་གཞན་གྱི་དོན་གྱི་ཚིག་ལེའུར་བྱས་པ་སྟེ་ལེའུ་བཞི་པའོ། །ཞེས་པའི་ཚིགས་སུ་བཅད་པ་འདི་ཉིད་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་པར་འཇུག་པ་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་གསུང་མིན་པ་ལྟ་བུར་གསུང་མཁན་ཡོད་ཅིང་། དེ་ཡང་ལེགས་སྦྱར་གྱི་མ་དཔེའི་ནང་དུ་གོང་གསལ་ཚིགས་སུ་བཅད་པ་འདི་ཉིད་མེད་ཀྱང་། མཁས་གྲུབ་རིན་པོ་ཆེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་མཇུག་ཏུ་གསལ་ཡོད། འོན་ཀྱང་རྒྱལ་ཚབ་རྗེའི་གསུང་ནང་གསལ་མེད། དེ་དག་དཔལ་ལྡན་ཆོས་གྲགས་ཀྱི་གསུང་མིན་པར་ས་པཎ་གྱིས་གསར་འཇུག་མཛད་པ་ཞིག་ཡིན་པའི་དོགས་གཞི་གནང་མཁན་ཡོད།

དེ་ཡང་ཚིགས་སུ་བཅད་པ་དེའི་འགྲེལ་པ་ནི། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེའི་ (1429–1489) བཀའ་འབུམ་ལས[12]། འདི་སྐད་དུ། ཞེས་སྨོས་ཏེ། བསྟན་བཅོས་འདི་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ཚུལ་དང་ཚུལ་མིན་རྣམ་པར་འབྱེད་པ་ལ་མཁས་པར་འདོད་པ་དག་གིས་ཉེ་བར་རྟོགས་ན་ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་པའི་ལྟ་བ་ངན་པའི་བློའི་ཚང་ཚིང་སྲེག་པར་བྱེད་པའི་ནུས་པ་དང་ལྡན་པ་ཡིན་ཏེ། འཕགས་པ་འཇམ་མགོན་ཉིད་ཀྱིས་རྗེས་སུ་བཟུང་བར་གྱུར་པའི་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་དེས་ཡང་དག་པའི་རིགས་པའི་ལམ་སྟོན་པ་དེ་ཉིད་འདིར་བཤད་པའི་ཕྱིར། དེ་ལྟ་བུའི་གཞུང་ལུགས་ཉིན་མོར་བྱེད་པ་བློ་གྲོས་གསལ་བར་ནུས་པའི་ཡོན་ཏན་བརྒྱ་ལྡན་འདི་ནི་བློ་ངན་ཉིན་མོ་སྤོང་བྱེད་ཀྱི་འབྱུང་པོའི་བྱ་དང་འདྲ་བའི་སྐལ་བ་ངན་པའི་འཇིགས་པ་སྤོང་བར་བྱེད་ནུས་ལ། རྒྱུ་མཚན་དེ་ལྟ་མོད་ཀྱི་བློ་མིག་རྣམ་པར་དག་པའི་མཁས་པའི་ཚོགས་ཀྱི་བློ་གྲོས་ཀྱི་པདྨོ་རྒྱས་པར་བྱེད་པ་ཡིན་ནོ། །གསུམ་པ་རྩོམ་པ་པོའི་མཚན་བརྗོད་པ་ནི། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འདི་ནི་འཛམ་བུའི་གླིང་གི་ཡུལ་ལྷོའི་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། ཤེས་བྱ་དང་མི་མཐུན་པའི་གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་བར་འཇུག་པ། སངས་རྒྱས་ཀྱི་བསྟན་པ་ལ་རྒོལ་བ་པ་དག་གིས་འགྲན་པའི་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ། །ཞེས་གསུངས་པ་ལྟར་ཡོངས་གྲགས་དཔལ་ལྡན་ཆོས་གྲགས་ཀྱི་གསུང་རང་ལ་ཞལ་བཞེས་མཛད་པ་ལྟར་སྣང་ངོ་།།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  རྗེ་ཙོང་ཁ་པའི་གསུང་འབུམ། ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་ ༦ ནས་ ༧ བར།

[2]  མཁས་གྲུབ་རྗེའི་གསུང་འབུམ། ༼ག༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༢

[3]  ཚད་མ་རིགས་གཏེར་གྱི་འགྲེལ་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༩༧

[4]  རྣམ་འགྲེལ་མཐའ་དཔྱོད་ཐར་ལམ་རབ་གསལ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་། ༢༠༠༩ ལོ། ཤོག་ ༤༤

[5]  གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༠༤ ལོ། ཤོག་གྲངས་ ༡༧༡

[6]  ཨ་མྱེས་ཞབས་བཀའ་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་། ཤོག་གྲངས་ ༡༨ན༦

[7]  སློབ་དཔོན་ཉི་མ་སྦས་པ་ནི། ཁ་ཆེའི་ཡུལ་དུ་འཁྲུངས་ཤིང་པཎྜི་ཏར་གྱུར་ཏེ་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས་ལེའུ་གསུམ་པའི་བཤད་པ་སོགས་མཛད་དོ།།

[8]  ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་ (རྒྱ་གར་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།) གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༥ པར་དཔར་དུ་བསྐྲུན། ཤོག་ངོས་ ༡༦༦-༢༣༤ ན་གསལ་བ་གཞིར་བྱས།

[9]  ཚད་མ་རིགས་གཏེར་གྱི་འགྲེལ་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣

[10]  དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༢༡

[11]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༦༠༠

[12]  ཚད་མ་རིག་གཞུང་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༦༤༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༦ ནས་ ༤༤༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *