ལེའུ་དགུ་པ། ནཱ་ལེནྡྲ་དང་བོད་ཀྱི་འབྲེལ་བ།
ཀ༽ རྒྱལ་སྤྱིའི་ནང་པའི་གཙུག་ལག་སློབ་གྲྭར་གྱུར་ཚུལ།
དཔལ་ནཱ་ལེནྡྲའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ནང་པའི་ཐེག་ཆེན་གྱི་གཙུག་ལག་སློབ་གྲྭ་ཞིག་ཏུ་གྱུར་ཚུལ་ནི། ནཱལཱནྡཱ་འདི་ཉིད་ཐོག་མར་ (A.D. 451) རྒྱ་གར་ནང་ཁུལ་དང་། ལྷག་པར་དུ་མ་ག་དྷ་སྟེ་ཡུལ་དབུས་ཀྱི་དགོན་པ་ཞིག་ཡིན་ཅིང་།
དེ་ནས་ནང་པའི་གཙུག་ལག་སློབ་གཉེར་ཁང་དུ་གྱུར་པ་དང་། དེར་སློབ་སྦྱོང་བྱེད་མཁན་རྣམས་ཀྱང་རྒྱ་ཆེ་གཏིང་ཟབ་ཀྱི་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་མཁན་ཤ་སྟག་ཡིན་ཁར། གདན་ས་འདིའི་མཁས་པས་མཛད་པའི་བསྟན་བཅོས་ཁག་ཀྱང་ནང་བསྟན་མཚན་ཉིད་རིག་པའི་འཕེལ་རྒྱས་ཐད་བླ་མེད་ཀྱི་ཕྱག་རྗེས་ཡོད་པ་ཤ་སྟག་ཡིན་པ་དང་། དུས་ཕྱིས་ཡུལ་ལུང་དང་གོམས་གཤིས་མི་འདྲ་བའི་མི་རིགས་སྣ་ཚོགས་ཀྱི་སྐྱེས་བུ་རྣམ་དཔྱོད་དང་མཚན་སྙན་ཅན་མང་པོ་ཞིག་ཀྱང་གདན་ས་འདིར་ཕེབས་ནས་སློབ་སྦྱོང་གནང་བ་སོགས་ལ་བརྟེན་ནས་དེ་སྔ་ཡུལ་གྱི་ཆ་ནས་མ་ག་དྷ་ཙམ་དང་། མི་རིགས་ཀྱི་ཆ་ནས་རྒྱ་གར་ཁོ་ན་ཙམ་གྱི་དགེ་འདུན་པའི་སློབ་གཉེར་གནང་ཡུལ་དེ་ཉིད་རྒྱ་སྐྱེད་ཆེན་པོ་བྱས་ནས་ཡུལ་ལུང་དང་མི་རིགས་ལ་ཁྱད་པར་གང་ཡང་མེད་པ་དང་། ལྷག་པར་དུ་སེར་སྐྱ་གཉིས་ཚོགས་ཀྱི་སློབ་གཉེར་བྱེད་ས་ཞིག་ཏུ་གྱུར་པ་ཡིན། དཔེར་ན། ཕྱིས་སུ་ཕྱི་ལོའི་དུས་རབས་བདུན་པ་ཙམ་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཙུག་ལག་སློབ་གྲྭ་ཞིག་ཏུ་གྱུར། དཔེར་ན། རྒྱ་ནག་ཐང་རྒྱལ་རབས་སྐབས་ཀྱི་ཕྱི་ལོ་ ༦༠༢ ལོར་ཧོ་ནན་ཡན་ཧྲི་ཞན་དུ་འཁྲུངས་པའི་དགེ་སློང་ཐང་སན་ཙང་དགུང་ལོ་ཉེར་དགུའི་སྟེང་རྒྱ་གར་དུ་ཕེབས་ནས་གཙོ་བོ་ནཱལཱནྡཱ་ནས་སློབ་སྦྱོང་དང་། ཞར་ལ་སངས་རྒྱས་ཀྱི་གནས་ཆེན་རྣམས་སུ་གནས་སྐོར་གནང་བ་སོགས་ཕྱི་རྒྱལ་གྱི་མི་སྣ་གྲགས་ཅན་དེ་འདྲ་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་ལ་ཕེབས་པ་ནས་བཟུང་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་ནང་བསྟན་ཆོས་ལུགས་སློབ་གཉེར་བྱེད་སའི་བསྟི་གནས་ཆེན་པོ་ཞིག་ཏུ་གྱུར་པ་ཡིན།
དེ་ཡང་ཐང་སན་ཙང་ནཱལཱནྡཱ་ནས་ཕྱིར་རྒྱ་ནག་ཏུ་ཕེབས་པའི་རྗེས་ཀྱི་ལོ་སུམ་ཅུའི་ནང་ (A.D.643-664) ཚུན་ནཱལཱནྡཱར་སློབ་སྦྱོང་བྱེད་པར་རྒྱལ་ཁབ་གཞན་ཀོ་རི་ཡ་དང་། རྒྱ་ནག །ཝེ་ཐི་ནམ། འཇར་པན་བཅས་ནས་སློབ་མ་གྲངས་བཅུ་གཅིག་བྱུང་ཡོད་པར་མ་ཟད། ད་དུང་ཕྱི་ལོ་༩༦༦ ལོར་རྒྱ་ནག་ནས་ཧྭ་ཤང་བརྒྱ་དང་ང་བདུན་ཙམ་རྒྱ་གར་དུ་ཆོས་ཀྱི་ཆེད་དུ་ཕེབས་ཚུལ་རྒྱའི་ཡིག་ཆའི་ནང་ཡོད་པ་དུང་དཀར་རིན་པོ་ཆེས་མཛད་པའི་ལོ་ཚིགས་དྭངས་ཤེལ་མེ་ལོང་ནང་གསལ་[1]བ་དེའང་། ནཱལཱནྡཱ་རང་ལ་ཕེབས་ཡོད་ངེས་པ་སོགས་གནས་ཚུལ་འདི་རིགས་སྐབས་དེའི་འགྲིམ་འགྲུལ་མཐུན་རྐྱེན་ལ་བལྟས་ནས་བཤད་ན་ཧ་ཅང་ཚད་མཐོ་པོ་ཞིག་ཆགས་ཡོད་ལ། དེའི་ཕྱིས་སུ་བཙུན་པ་ཐང་སན་ཙང་ཕྱི་ལོ་ ༦༦༤ ལོར་སྐུ་གཤེགས་རྗེས་ཀྱི་ལོ་བརྒྱད་པ་ཕྱི་ལོ་ ༦༧༡ ལོར་རྒྱའི་བཙུན་པ་ཨི་ཅིང་དུ་འབོད་པ་ (ཡཱི་ཅིན། I Cing) སོགས་རྒྱ་རིགས་བཙུན་པ་བཅུ་དྲུག་ཙམ་ནཱལཱནྡཱར་ཕེབས་ནས་སློབ་སྦྱོང་དང་གནས་མཇལ་སོགས་གནང་ཞིང་། དེ་མཚུངས་བོད་ཡུལ་ནས་ཀྱང་ལོ་ཙཱ་བ་ཧ་ཅང་མང་པོ་ཞིག་རྒྱ་གར་དུ་ཕེབས་པའི་ཁྲོད་ནས་ཆེས་ཐོག་མར་ཕེབས་མཁན་དེ་ཉིད་ཐོན་མི་སམ་བྷོ་ཊ་ཡིན་ཅིང་། བྱུང་རབས་ལོ་རྒྱུས་འགའ་ཞིག་ཏུ་ཐང་སན་ཙང་ནཱལཱནྡཱར་ཕེབས་སྐབས་བོད་ཀྱི་ལོ་ཙཱ་བ་ཐོན་མི་དེར་ཡོད་ཚུལ་བཤད་པ་ཡང་ཡོད།
དེ་རྗེས་རྦ་མང་རྗེ་གསལ་སྣང་དང་། པ་གོར་བཻ་རོ་ཙཱ་ན། བསྣུབས་ནམ་མཁའི་སྙིང་པོ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ། ཨ་རོ་མཉྫུ། རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ། སྟེང་པ་ལོ་ཙཱ་བ། གཉན་ལོ་ཙཱ་བ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། ཁ་རག་གཉོས་ལོ་ཙཱ་བ། རྭ་ལོ་ཙ་བ་རྡོ་རྗེ་གྲགས། ཆག་དགྲ་བཅོམ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་སོགས་དཔལ་ནཱལཱནྡཱར་ཕེབས་ནས་སློབ་སྦྱོང་གནང་བར་མ་ཟད། རྩ་མི་སངས་རྒྱས་གྲགས་པས་ནཱལཱནྡཱའི་མཁན་པོ་གནང་ནས་མཐར་གནས་དེ་ཉིད་དུ་སྐུ་གཤེགས་པའི་ལོ་རྒྱུས་ཀྱང་ཡོད།
རྩ་མི་སངས་རྒྱས་གྲགས་པས་མཛད་པའི་སྦྱོར་བའི་ཕྲེང་བ་ཞེས་པའི་རྒྱུད་འགྲེལ་དེ་ཉིད་ལོ་ཙཱ་བ་དགེ་ཚུལ་ཤེས་རབ་དཔལ་གྱིས་བསྒྱུར་བ་སྣར་ཐང་བསྟན་འགྱུར་གྱི་པོད་ ༼ང༽ པར་བཞུགས་ཡོད། འདི་བསྟན་འགྱུར་ནང་འཇོག་དོན་རྩ་མིས་ལེགས་སྦྱར་སྐད་དུ་མཛད་པ་ཕྱིས་སུ་བོད་བསྒྱུར་བྱེད་སྐབས་བསྟན་བཅོས་གཞན་དང་འདྲ་བར་བཞག་པ་ཞིག་ཡིན། དེས་ན་ང་ཚོས་ཐེ་ཚོམ་གང་ཡང་མེད་པར་གནའ་བོའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དཔལ་ནཱལཱནྡཱའི་ཆོས་སྡེ་འདི་ཉིད་འཛམ་གླིང་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཙུག་ལག་སློབ་གཉེར་ཁང་ཆེས་སྔ་ཤོས་དང་། ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་བྱས་ཆོག་པ་ཡིན། དེ་ཡང་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ནི་དུས་རབས་ལྔ་པར་བཞེངས་པའི་དབང་དུ་བྱས་ཀྱང་། དེང་སང་འཛམ་གླིང་ནང་སྐད་གྲགས་ཤིན་ཏུ་ཆེ་བའི་དབྱིན་ཡུལ་གྱི་ཨོ་སེ་ཕོར་ཊེ་གཙུག་ལག་སློབ་གཉེར་ཁང་ལས་ཀྱང་ལོ་ངོ་ ༦༠༠ གོང་ལ་བྱུང་བས། འཛམ་གླིང་ནང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེས་སྔ་ཤོས་དེ་ཡང་ཆགས་ཡོད།[2] དེ་ཡང་། འཛམ་གླིང་གི་གཙུག་ལག་སློབ་གཉེར་ཁང་སྔ་ཤོས་ལྔ་ནི།
༡༽ དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ཐོག་མར་མྱ་ངན་མེད་ཀྱིས་ཕྱི་ལོའི་གོང་གི་ལོ་ ༢༧༣ ནས་ ༢༣༢ བར་ཕྱག་བཏབ་ནས་ལོ་ངོ་ ༢༢༧༤ ཕྱིན་པ་དང་། དུས་རབས་ལྔ་པར་རྒྱལ་པོ་ཀུ་མཱ་ར་གུཔྟས་ཕྱི་ལོ་ ༤༥༠ ལོར་ཕྱག་བཏབ་པའི་དབང་དུ་བྱས་ཀྱང་ནཱ་ལེནྡྲའི་གཙུག་ལག་ཁང་དབུ་བརྙེས་ནས་ཉུང་མཐར་ལོ་ངོ་ ༡༥༧༢ ཕྱིན་པ་དང་། ༢༽ བི་ཀྲ་མ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་ནི་ཕྱི་ལོ་ ༧༥༠ ཙམ་ལ་ཕྱག་བཏབ་པས་ད་བར་ལོ་ངོ་ ༡༢༧༢ སོང་བ། ༣༽ ཨི་ཇིབ་ཀྱི་ཨལ་ཨ་ཟར་གཙུག་ལག་སློབ་གཉེར་ཁང་ནི་ཕྱི་ལོ་ ༩༦༩ ལོར་དབུ་བརྙེས་ནས་ལོ་ངོ་ ༡༠༥༣ སོང་བ། ༤༽ ཨི་ཊ་ལིའི་བྷི་ལོ་ན་གཙུག་ལག་སློབ་གཉེར་ཁང་ཕྱི་ལོ་ ༡༠༨༨ ལོར་དབུ་བརྙེས་ནས་ལོ་ངོ་ ༩༣༤ སོང་བ། ༥༽ དབྱིན་ཡུལ་གྱི་ཨོག་སེ་ཕོར་ཊི་གཙུག་ལག་སློབ་གཉེར་ཁང་ཕྱི་ལོ་ ༡༡༦༧ ལོར་དབུ་བརྙེས་ནས་ལོ་ངོ་ ༨༥༥ ཕྱིན་པ་དེ་དག་དང་བསྡུར་ན་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི་ཨེ་ཤ་ཡའི་གནའ་རབས་ཀྱི་ནང་བསྟན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཐོག་མ་དེ་ཡིན་པར་མ་ཟད། འཛམ་གླིང་ནང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེས་སྔ་ཤོས་སམ་གཙུག་ལག་སློབ་གཉེར་ཁང་ཐོག་མ་དེ་ཆགས་ཡོད།
དེ་བཞིན་གནས་ཡིག་ཕྱོགས་བསྒྲིགས་རྫོགས་ལྡན་གསར་པའི་འོད་སྣང་ལས་[3]ཀྱང་། ནཱ་ལེནྟྲ་ནི་ཡེ་ཤུའི་སྟོན་པ་མ་འཁྲུངས་གོང་གི་ལོ་ ༤༥༠ དུས་དབུ་འཛུགས་གནང་ཞིང་། འཛམ་གླིང་འདིའི་སྟེང་གི་སློབ་དཔོན་དང་སློབ་ཕྲུག་གི་བཞུགས་གནས་སོགས་ཡོད་པའི་དེང་རབས་ཀྱི་སློབ་གྲྭ་དང་མཐུན་པ་ཐོག་མ་དེ་ཡིན་པར་བཤད། དཔེ་མཛོད་ཐོག་བརྩེགས་དགུ་ཅན་དང་། སློབ་ཕྲུག་ཀྱང་ཀོ་རི་ཡ་དང་། བོད་དང་། རྒྱ་ནག་དང་། སིངྒ་ལ་སོགས་ནས་ ༡༠༠༠༠ དང་། སློབ་དཔོན་ ༢༠༠༠ ཙམ་རེ་ཡོད་པར་བཤད། ཅེས་གསལ་བ་ལྟར་རོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༤
[2] ནཱལནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༦
[3] གནས་ཡིག་ཕྱོགས་བསྒྲིགས། འགྱུར་མེད་རྡོ་རྗེ། སྔ་འགྱུར་མཐོ་སློབ་ལེགས་བཤད་གླིང་། ༢༠༠༩ ལོ། ཤོག་ ༨༥
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༤༣༡ ནས་ ༤༣༥ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།