ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་རྣམ་ཐར།
པ་ཚབ་ཉི་མ་གྲགས་ནི། འཕན་ཡུལ་པ་ཚབ་སྟོད་དུ་སྤྱི་ལོ་ 1055 རབ་བྱུང་དང་པོའི་ཤིང་ལུག་ལོར་འཁྲུངས། གཞོན་ནུའི་དུས་ཁ་ཆེར་བྱོན་ཏེ། སཛྫྭ་ནའི་སྲས་གཉིས་ལ་སོགས་པའི་པཎྜི་ཏ་མང་པོ་ལ་ཆོས་ལོ་ཉི་ཤུ་རྩ་གསུམ་གསན་སྦྱོང་མཛད་ནས། བོད་དུ་ཕེབས་པའི་ཚེ་སྤུ་ཧྲངས་པའི་དགེ་འདུན་སྤྱིས་གཡུ་བོ་ཆ་ཕག་སྐུར་ཟེར་བ་ཞིག་ཕུལ་ནས། མཛོད་ཀྱི་འགྲེལ་པ་གང་བ་སྤེལ་གྱིས་མཛད་པ་དེ་བསྒྱུར་བར་ཞུས་པ་བཞིན་བསྒྱུར། འཕན་ཡུལ་དུ་ཕེབས་དུས་གདུལ་བྱ་ཧ་ཅང་མི་ཆེ་བ་ལ་དགེ་བའི་བཤེས་གཉེན་ཤ་ར་བས་རང་གི་གྲྭ་པ་མང་པོ་ཁོང་ལ་དབུ་མ་སློབ་ཏུ་བཏང་བ་དེ་ནས་དབུ་མའི་འཆད་ཉན་ལེགས་པར་ཚུགས་ཏེ་སློབ་མ་མང་དུ་བསྐྱངས། རྩ་འཇུག་བཞི་གསུམ། རིགས་པ་དྲུག་ཅུ་པ་རྣམས་ཀྱི་འགྲེལ་པ་སློབ་དཔོན་ཟླ་བས་མཛད་པ་ལེགས་པར་བསྒྱུར། ཕྱིས་ར་མོ་ཆེར་པཎྜི་ཏ་ཀ་ན་ཀ་ཝརྨ་དང་ལྷན་ཅིག་ཏུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བཅོས།
ཡང་སློབ་དཔོན་ཟླ་བས་མཛད་པའི་སྟོང་ཉིད་བདུན་ཅུ་པའི་འགྲེལ་ཆེན་སྔར་ཨ་བྷ་ཡ་དང་། སྣུར་དྷརྨ་གྲགས་ཀྱིས་བསྒྱུར་བ་དེའི་ཁྲོད་ནས་བམ་པོ་གཉིས་ལྷག་ཙམ་པཎྜི་ཏ་མུ་དི་ཏ་དང་ལྷན་དུ་བསྒྱུར་བཅོས་པ་དང་། གསང་འདུས་འགྲེལ་པ་སྒྲོན་གསལ་གྱི་བསྒྱུར་བཅོས་ཀྱང་ཡང་དག་པ་མཛད། འདུས་པའི་སྐོར་མང་པོ་བསྒྱུར་པ་དང་། འཆད་ཉན་ཡང་མཛད། སློབ་མ་རྣམས་ཀྱི་ནང་ནས་གཙང་པ་སར་སྦོས། རྨ་བྱ་བྱང་ཆུབ་ཡེ་ཤེས། དར་ཡོན་ཏན་གྲགས། ཞང་ཐག་སག་པ་ཡེ་ཤེས་འབྱུང་གནས་བཅས་ལ་པ་ཚབ་ཀྱི་བུ་བཞིར་གྲགས་ཤིང་། སློབ་མ་བཟང་པོ་དེ་རྣམས་ལ་བརྟེན་ནས་དབུས་གཙང་དུ་དབུ་མའི་བཤད་པ་དང་། བྱེ་བྲག་ཏུ་སློབ་དཔོན་ཕྱྭ་པའི་སེང་ཆེན་རྨ་བྱ་བྱང་བརྩོན་གྱིས་པ་ཚབ་ལ་དབུ་མ་དང་། འདུས་པ་གཉིས་ཀ་གསན་ཏེ་ཡར་ལུངས་ཀྱི་སྟོད་སྨད་དུ་ཆོས་གཞི་སྤོས་ཤིང་། དབུ་མའི་བཤད་པ་ཡུན་རིང་མཛད། བཙན་ཐང་པ་རྒྱལ་བ་དཔལ་ལ་སོགས་པའི་སློབ་མ་མང་པོ་བྱུང་ཞིང་དབུ་མ་ཤིན་ཏུ་དར་བར་མཛད་པ་བཅས་སོ།།
ཡོང་ཁུངས། «བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།» སྒྲིག་རྩོམ་མཁན། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ནོར་བྲང་ཨོ་རྒྱན་རྣམ་གཉིས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།