ཁ༽ ཞི་བ་འཚོ་རྒྱལ་བའི་ལུང་གིས་ཟིན་ཚུལ།
དེ་ཡང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ (1846-1912) མཛད་པའི་མཁན་ཆེན་ཞི་འཚོའི་བསྟོད་པ་འཇམ་དཔལ་མ་ལས[1]།
འཇམ་དཔལ་དཔའ་བོའི་ཞབས་པད་དྲི་མེད་ཉིད། །ཡན་ལག་མཆོག་གི་པདྨར་རབ་བཀོད་ནས། །
ཟབ་རྒྱས་ཆོས་ཚུལ་དངོས་སུ་ལེགས་ནོད་པ། །མཁན་ཆེན་ཞི་བའི་འཚོ་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་ཕྱག་མཛད་ཡུལ་རྒྱ་གར་འཕགས་པའི་ཡུལ་གྱི་ཤིང་རྟ་ཆེན་པོ་དང་། བོད་གངས་ཅན་ལྗོངས་ཀྱི་བསྟན་པའི་སྒྲོན་མེ་མཁན་ཆེན་ཞི་བ་ཚོ་ནི། ཕྱི་ལོའི་དུས་རབས་བརྒྱད་པར་རྒྱ་གར་ཤར་ཕྱོགས་སུ་བྱོན་པའི་དབུ་མ་རང་རྒྱུད་པའི་མཁས་པའི་དབང་པོ་གསུམ་སྟེ། སློབ་དཔོན་ཡེ་ཤེས་སྙིང་པོས་[2]དབུ་མ་བདེན་གཉིས་དང༌། མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན། སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་བཅས་མཛད་པ་ལ་རང་རྒྱུད་ཤར་གསུམ་ཞེས་དང་། དབུ་མ་རང་རྒྱུད་པའི་གཞུང་དེ་གསུམ་མཛད་པ་པོའི་སློབ་དཔོན་གསུམ་ལ་ཤར་གསུམ་མཁན་པོ་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་སློབ་དཔོན་ཞི་བ་འཚོ་ནི། རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་དམ་པ་ཞིག་སྟེ། སློབ་དཔོན་འདི་ནི། འཇམ་དཔལ་རྩ་རྒྱུད་ལས[3]། བསྟན་པའི་སྦྱིན་བདག་དང་། སྡོམ་བརྩོན་དང་། བྲམ་ཟེ་རྣམས་ལུང་བསྟན་པའི་སྡོམ་བརྩོན་གྱི་ཐོག་མར། སྟོན་པའི་གསུང་རབ་ས་སྟེང་དུ། །དུས་མཐར་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་སྡོམ་བརྩོན་གྱི་རྒྱལ་པོའམ་གཙོ་བོ་དུ་མ་ཞིག་བྱུང་ངོ་ཞེས་སྤྱིར་བསྟན་ནས། བྱེ་བྲག་དམ་པ་མང་པོ་ཞིག་ལུང་བསྟན་པའི་ནང་ནས། ཡི་གེ་པ་(བ)ཞེས་སྡོམ་བརྩོན་བསྒྲགས། །ཞེས་མཚན་གྱི་ཐོག་མ་གསལ་བར་བསྟན་ཅིང་། མཇུག་ཏུ་དེ་ཐམས་ཅད་སྔགས་གྲུབ་ནས་བྱང་ཆུབ་ཏུ་ལུང་བསྟན་པ་དང་། ལངྐར་གཤེགས་པ་ལས། ཕྱི་དུས་མུ་སྟེགས་ཀྱི་ལྟ་ངན་འབྱུང་བའི་གཉེན་པོ་ལྟ་བུར། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་བློ་གྲོས་ནི་མཁན་པོའི་མཚན་གྱི་རྣམ་གྲངས་སུ་སྔོན་གྱི་མཁས་པ་དག་གིས་བཤད་ལ། ཞི་བ་འཚོ་ནི་རབ་ཏུ་བྱུང་བའི་མཚན་དུ་མངོན་ཞིང་། གཞན་ཡང་མཚན་གྱི་རྣམ་གྲངས་དུ་མ་སྣང་ངོ་། །ཤེས་བྱ་ལྔ་ནི་ཆོས་ལྔ་རིགས་པས་གཏན་ལ་ཕབ་ནས་ཐེག་ཆེན་མཐའ་དག་དགོངས་པ་གཅིག་ཏུ་སྒྲུབ་པར་ལུང་བསྟན་པའོ། །དེ་བཞིན་དུ་ཏིང་ངེ་འཛིན་རྒྱལ་པོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས[4]།
ཟད་དུས་མི་བཟད་པ་ལ་བྱང་ཆུབ་སེམས་དཔའ་གང་། །བདེ་བར་གཤེགས་པའི་བསྟན་པའི་ཆོས་མཆོག་འདི་སྲུང་བ། །
དེ་དག་ང་ཡི་སྲས་ཏེ་ཕྱི་དུས་ཆོས་སྐྱོང་བ། །དེ་དག་སངས་རྒྱས་བྱེ་བ་སྟོང་གིས་ཡོངས་སུ་གཏད། །
ཅེས་བོ་དྷི་ས་ཏྭ་རཀྵི་ཏ་ཞེས་པའི་མཚན་ཆ་ཚང་བར་བསྟན་ཏེ། མཁན་པོའི་མཚན་རྒྱ་སྐད་སོར་བཞག་ཏུ་ཀློག་པ་དེ་ལྟར་ན་འདིར་ཡང་། ཟད་དུས་མི་བཟད་པ་ལ་བོ་དྷི་ས་ཏྭ་གང་། །ཞེས་བཀླགས་ན་བདེའོ། །རཀྵི་ཏའི་སྒྲ་འཚོ་བའམ་སྲུང་བ་ལ་འཇུག་པས་སྒྲ་དེའང་བརྗོད་བྱའི་དོན་དང་ལྷན་ཅིག་ཏུ་འཐོན་པར་མཛད་པ་སྟེ། དངོས་ཤུགས་ཟུར་གསུམ་གྱི་རྣམ་པ་དུ་མ་འདྲེན་དུ་རུང་བ་ནི། སངས་རྒྱས་ཀྱི་བཀའི་ཁྱད་ཆོས་སོ། །མདོ་འདི་གཉིས་ཀྱི་དགོངས་པ་དྲི་མེད་རིགས་པའི་ལམ་དུ་སློབ་དཔོན་འདིས་དྲངས་ནས་ཚུལ་གཉིས་ཤིང་རྟའི་སྲོལ་ཕྱེ་བར་མཛད་པས་ན་མདོ་དེ་གཉིས་སུ་ལུང་སྟོན་པའི་རྒྱུ་མཚན་ཡང་དེ་ཉིད་དོ། །ཞེས་བྱུང་བ་ལྟར་རོ།།
གཞན་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་ (617-650) མཛད་པར་གྲགས་པའི་བཀའ་ཆེམས་ཀ་ཁོལ་མ་ལས[5]། གཞན་ཡང་རྒྱལ་པོ་ཆེན་པོས་མ་འོངས་ལུང་བསྟན་གྱི་ཐེམ་སྐས་འདི་སྐད་དུ་གསུང་ངོ་། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ང་ནས་མི་རབས་ལྔ་ཉིད་ན། །ཆོས་སྐྱོང་བ་ཡི་རྒྱལ་པོ་ ༼ཁྲི་སྲོང་ལྡེའུ་བཙན།༽ འབྱུང་། །རྒྱ་གར་ཡུལ་གྱི་ཞིང་མཆོག་ནས། །བོ་དྷི་ས་ཏྭ་པདྨ་འབྱུང་། །བི་མ་མི་ཏྲ་ལ་སོགས་པ། །མཁས་གྲུབ་པཎ་ཆེན་སྐུ་དངོས་རྣམས། །ཡུལ་དབུས་འདིར་ནི་བྱོན་ནས་སུ། །དམ་ཆོས་མ་ལུས་རྒྱས་པར་བྱེད། །སངས་རྒྱས་བསྟན་པ་དར་བར་བྱེད། །དེ་ཡི་དུས་ཀྱི་མི་རྣམས་ཀུན། །ཐ་མ་སངས་རྒྱས་ཞིང་དུ་འགྲོ། །ཞེས་དང་། ཡང་དེ་ཉིད་ལས[6]། དེ་ནས་མི་རབས་འགའ་ཞིག་ནས། །དམ་ཆོས་མེ་སྟག་ཙམ་ཞིག་འབྱུང་འགྱུར་ཏེ། །ཆོས་ཀྱི་མེ་རོ་བྱང་ཆུབ་སེམས་དཔས་སློང་། །སྡེ་པ་དགེ་འདུན་མང་པོ་འབྱུང་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་མང་པོ་ཡིས། །སྐུ་གཟུགས་འདི་མཆོད་བསྙེན་བཀུར་བྱེད་པར་འགྱུར། །ཕྱོགས་མཚམས་ཀུན་ཏུ་གཙུག་ལག་ཁང་སྐྱོང་ཞིང་། །དམ་པའི་སྤྱོད་པ་ཚུལ་བཞིན་བྱེད་པར་འགྱུར། །ཞེས་གསུངས་ལ། དེ་བཞིན་ཨོ་རྒྱན་གླིང་པས་ (1230-1309) གཏེར་ནས་བཞེས་པའི་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག་ལས་ཀྱང་[7]།
ང་ནི་མྱ་ངན་འདས་འོག་ཏུ༔ ལོ་ནི་ལྔ་བརྒྱ་ལྔ་བཅུ་ན༔ ཟ་ཧོར་གནྡུ་ཞེས་བྱ་བར༔
རྒྱལ་པོ་གོ་མ་དེ་བྱིའི་བུ༔ བོ་དྷི་ས་ཏྭ་ཞེས་བྱ་འབྱུང༔
ཞེས་གསུངས་པ་ལྟར་བོད་གངས་ཅན་གྱི་ལྗོངས་ལ་ཐུགས་རྗེ་དང་བཀའ་དྲིན་ཤིན་ཏུ་ཆེ་བའི་མཁན་ཆེན་ཞི་བ་འཚོ་ནི་རྒྱལ་བ་ཉིད་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ། སློབ་དཔོན་པདྨ་འབྱུང་གནས་སོགས་ཀྱིས་ཡང་ཡང་ལུང་གིས་ཟིན་པའི་སྐྱེས་བུ་དམ་པ་ཁྱད་དུ་འཕགས་པ་ཞིག་ཡིན། ཡོངས་གྲགས་མཁན་སློབ་ཆོས་གསུམ་དུས་མཉམ་ཡིན་ནའང་། གོང་གསལ་བཀའ་ཐང་གི་ཚིག་རིས་ལྟར་ན་དུས་འགྲིག་དཀའ་བས་དཔྱད་དགོས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མི་ཕམ་རྒྱ་མཚོའི་གསུང་འབུམ། ༼ཝཾ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤༥བ༣ ནས་ ༤༧ན༡ བར།
[2] ཡེ་ཤེས་སྙིང་པོ་ནི། ཕྱི་ལོའི་དུས་རབས་བདུན་པ་བརྒྱད་པ་ཙམ་ལ་ཨོ་ཌི་བི་ཤའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཆུང་ངུ་ནས་རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་པ་ཞིག །བྷངྒ་ལར་དཔལ་སྦས་ཀྱི་དྲུང་དུ་བྱོན་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཆོས་ཉན་པས། ལེགས་ལྡན་འབྱེད་ཀྱི་སྲོལ་འཛིན་དབུ་མ་པ་ཆེན་པོར་གྱུར། དབུ་མ་བདེན་གཉིས་ལ་སོགས་བསྟན་བཅོས་ཀྱང་མཛད། འཕགས་པ་སྤྱན་རས་གཟིགས་ཡུན་རིང་པོར་བསྒྲུབས་པས་མཐར་ཡིད་བཞིན་ནོར་བུའི་འཁོར་ལོར་བསྒྱུར་བ་ཞལ་གཟིགས་ཏེ་མངོན་ཤེས་ཀྱང་གྲུབ། མདོ་སྡེ་དུ་མ་ཐུགས་ནས་འདོན་ཞིང་མུ་སྟེགས་ཀྱི་རྒོལ་བ་རྣམས་ཀྱང་རྩོད་པས་ཕམ་པར་མཛད་མཁན་གྱི་རྒྱ་གར་བའི་སློབ་དཔོན་ཆེན་པོ་ཞིག་དང་། སློབ་དཔོན་འདི་ཉིད་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་མཐའ་མ་ཙམ་ནས་མཁན་ཆེན་ཞི་བ་འཚོ་སྐུ་ན་ཆུང་ངུའི་དུས་བར་བཞུགས་པར་བཤད་དོ།།
[3] མི་ཕམ་གསུང་འབུམ་གཅེས་བཏུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༦
[4] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ད༽ དེབ་ཨང་ ༥༥ པ། ཤོག་གྲངས་ ༢༧༧
[5] བཀའ་ཆེམས་ཀ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༢༧༤
[6] བཀའ་ཆེམས་ཀ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༢༨༠
[7] པདྨ་བཀའི་ཐང་ཡིག །སྐུ་འབུམ་བྱམས་པ་གླིང་གི་ཤིང་དཔར། ཧྲཱིཿ ཤོག་གྲངས་ ༧༦བ༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༩ ནས་ ༡༧༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།