ཇ༽ ཀླུ་སྒྲུབ་ཀྱི་གསུང་ལེགས་སྦྱར་ནས་བོད་བསྒྱུར་ཞུ་རྒྱུ། (ཆོས་ཚན་ ༩)

ཇ༽ གསུང་བཟང་བོད་བསྒྱུར་ཞུ་རྒྱུའི་རིགས།

༡༽ ལེགས་སྦྱར་ནས་བོད་བསྒྱུར་ཞུ་རྒྱུ།

༡) བསླབ་པ་ཀུན་ལས་བཏུས་པ།

 

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ (c.150-250) མཛད་པའི་གཞུང་སྔར་རྒྱ་གར་ནས་ཕབ་བསྒྱུར་མ་བྱུང་བའང་ཅི་རིགས་ཡོད་པ་དཔེར་ན། སློབ་དཔོན་གྱིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་འདི་ཉིད་ལེགས་སྦྱར་ལས་བོད་སྐད་དུ་བསྒྱུར་མེད་པར་གསུངས་པ་སྟེ། དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ (650-700) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས[1]།

འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །གཉིས་པོའང་འབད་པས་བལྟ་བར་བྱ། །

ཞེས་གསུངས་པ་ལྟར། སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་གྱི་ཤེས་བཞིན་བསྲུང་བའི་ལེའུ་ལས་[2]ཀྱང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་དང་། མདོ་ཀུན་ལས་བཏུས་པ་གཉིས་པོའང་འབད་པ་སྟེ། གུས་པས་བལྟ་བར་བྱའོ། །གང་འདིར་མི་སྣང་བ་དེ་ནི་དེ་ལ་སྣང་ངོ་སྙམ་དུ་དགོངས་པའོ། །ཞེས་གསུངས་པ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་བཏུས་འདི་ཉིད་བོད་ན་མི་སྣང་བར་བཤད་དེ། དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བའི་ (1504-1564/1566) སྤྱོད་འཇུག་འགྲེལ་པ་ལས་[3]ཀྱང་། འཕགས་པའི་བསླབ་བཏུས་དེ་བོད་ན་མི་སྣང་ངོ་། །ཞེས་གསུངས་པ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཟབ་མོའི་དོན་ལུང་གིས་སྒྲུབ་པའི་མདོ་ཀུན་ལས་བཏུས་པ་བོད་ཡིག་ཏུ་བསྒྱུར་ཏེ་བསྟན་འགྱུར་ཁྲོད་དུ་བཞུགས་ཀྱང་། བསླབ་པ་ཀུན་ལས་བཏུས་པ་བོད་འགྱུར་མཛད་པ་མི་སྣང་ངོ་།།

 

༢) བྱང་ཆུབ་ཀྱི་ཚོགས་ཀྱི་བསྟན་བཅོས།

དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ་ལས[4]། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ཚོགས་ལས།

རང་བཞིན་མེད་པས་སྟོང་ལ་སྟོང་པ་ནི། །

ཡིན་དང་མཚན་མས་ཅི་ཞིག་བྱེད་པར་འགྱུར། །

མཚན་མ་ཐམས་ཅད་ལོག་པར་འགྱུར་བའི་ཕྱིར། །

མཁས་པས་ཅི་སྟེ་སྨོན་ལམ་འདེབས་པར་འགྱུར། །

ཞེས་བཤད་དོ། །ཞེས་རྒྱ་གཞུང་དུ་བྱུང་བ་ལྟར། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོར་ལུང་དྲངས་པ་ལས་[5]ཀྱང་། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ཚོགས་ལས་ཞེས་དང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ (1898-1946) མཛད་པའི་དྲང་ངེས་འཇུག་ངོགས་ལས་[6]ཀྱང་། ཀླུ་སྒྲུབ་ཀྱི་བྱང་ཆུབ་ཀྱི་ཚོགས་ལས།

རང་བཞིན་མེད་པས་སྟོང་ལ་སྟོང་པ་ནི། །

ཡིན་དང་མཚན་མས་ཅི་ཞིག་བྱེད་པར་འགྱུར། །

མཚན་མ་ཐམས་ཅད་ལོག་པར་འགྱུར་བའི་ཕྱིར། །

མཁས་པས་ཅི་སྟེ་སྨོན་ལམ་འདེབས་པར་འགྱུར། །

ཞེས་བཤད་དོ། །ཞེས་འཕགས་བོད་ཀྱི་གཞུང་ལུགས་གྲགས་ཅན་ཁག་གསུམ་ནང་གོང་གསལ་ཚིགས་སུ་བཅད་པ་དེ་ཉིད་ལུང་འདྲེན་གཅིག་མཚུངས་གནང་བར་མ་ཟད། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་ལས[7]། མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །[8]ཞེས་རྐང་པ་བཞི་པ་ཅུང་ཟད་མི་འདྲ་བ་ཞིག་བྱུང་ཞིང་། དཔལ་ལྡན་ཟླ་གྲགས་དང་རྗེ་བདག་ཉིད་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོར་བྱང་ཆུབ་ཀྱི་ཚོགས་ཞེས་གཞུང་གི་མཚན་བྱང་ལས་མཛད་པ་པོའི་མཚན་མི་གསལ་ཡང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་འཇུག་ངོགས་སུ་ཀླུ་སྒྲུབ་ཀྱི་བྱང་ཆུབ་ཀྱི་ཚོགས་ལས་ཞེས་མཛད་པ་པོ་དང་། བསྟན་བཅོས་ཀྱི་མཚན་གཉིས་ཀ་གསལ་བར་སྣང་ངོ་།།

དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ་ལས[9]། དེ་ཉིད་ཀྱི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་ཀྱི་ཚོགས་ལས།

སྡུག་བསྔལ་གཞན་ལྟ་ཡང་འདུག་ཤིག །གང་ཞིག་སེམས་ཅན་ཕན་བདེའི་ཕྱིར། །

དམྱལ་བའི་སྡུག་བསྔལ་ཆེ་བཟོད་པ། །དེའི་ལག་གཡས་ན་བྱང་ཆུབ་པོ། །

ཞེས་གསུངས་སོ། །ཞེས་མཛད་པ་པོའི་མཚན་དང་བཅས་ཚིགས་བཅད་གཉིས་པ་ཞིག་ཀྱང་ལུང་འདྲེན་མཛད་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་ཡིན་པར་ཐེ་ཚོམ་བྲལ་ཡང་བསྟན་འགྱུར་དཀར་ཆག་ཏུ་བྱང་ཆུབ་ཀྱི་ཚོགས་ཞེས་པའི་གཞུང་ཞིག་བསྒྱུར་ཞུས་གཏན་འབེབས་མཛད་པ་མི་གསལ། འོན་ཀྱང་བྱང་ཆུབ་ཀྱི་ཚོགས་ཞེས་པའི་བསྟན་བཅོས་འདི་ཉིད་ཀྱི་བརྗོད་བྱ་གང་ཡིན་ཞེ་ན། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ (1697-1774) མཛད་པའི་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས[10]། ཉན་ཐོས་ཀྱི་རིགས་སད་པར་བྱེད་པ་རྨི་ལམ་ཡིད་བཞིན་ནོར་བུ་དང་། ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་དབུ་མ་བཤེས་པའི་སྤྲིང་ཡིག་དང་། རབ་ཏུ་བྱུང་བའི་སྤྱོད་པ་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས་ལ་སོགས་པ་རྣམས་སོ། །ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་ཚོགས་ནི་ལྟ་སྤྱོད་གཉིས་ལས་སྤྱོད་པ་གཙོ་བོར་སྟོན་པ་དང་། སྤྱོད་པ་ལའང་ཁྱིམ་པའི་སྤྱོད་པ་དང་། རབ་ཏུ་བྱུང་བའི་སྤྱོད་པ་གཉིས་ལས་རབ་ཏུ་བྱུང་བའི་སྤྱོད་པ་གཙོ་བོར་སྟོན་པའི་གཞུང་ཞིག་ཡིན་པར་གསུངས་ལ། དེ་བཞིན་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ (-འདས་ལོ་ 1185) ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས[11]། གཉིས་པ་དེ་ཇི་ལྟར་མཛད་པའི་ཚུལ་ནི། སྤྱིར་སློབ་དཔོན་གྱིས་བསྟན་བཅོས་མཛད་པ་རྣམས་ལ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསལ་བར་བྱེད་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་གསལ་བར་བྱེད་པ་དང་། དེ་གཉིས་དོན་གཅིག་ཏུ་བསྟན་པ་གསུམ་ལས། དང་པོ་ལ་གསུམ་སྟེ། ལྟ་བ་གཙོ་བོར་སྟོན་པ་དབུ་མ་རིགས་པའི་ཚོགས་དྲུག་དང་། སྤྱོད་པ་གཙོ་བོར་སྟོན་པ་ལ་རྒྱས་པ་དང་བར་མ་དང་བསྡུས་པ་རིམ་པ་ལྟར་བྱང་ཆུབ་ཀྱི་ཚོགས་དང་། མདོ་ཀུན་ལས་བཏུས་པ་དང་། བཤེས་པའི་སྤྲིང་ཡིག་གསུམ་དང་། ལྟ་སྤྱོད་ཆ་མཉམ་པ་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བའོ། །ཞེས་གསུངས་པ་ལྟར་སྤྱོད་པ་གཙོ་བོར་སྟོན་པའི་བསྟན་བཅོས་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས། བྱང་ཆུབ་ཀྱི་ཚོགས་ནི་རྒྱས་པའི་བསྟན་བཅོས་ཡིན་པར་གསུངས་སོ།།

དེ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་ཚོགས་ཞེས་པ་དེ་ཉིད་ཕྱི་ལོ་ ༥༩༠ ཡས་མས་སུ་རྒྱ་གར་གྱི་པཎྜི་ཏ་དྷརྨ་གུཔྟ་སྟེ་ཆོས་སྦས་ཀྱིས་རྒྱ་ནག་གི་སྐད་དུ་བསྒྱུར་ཅིང་། དེ་ལ་ཀླུ་སྒྲུབ་རང་ཉིད་ཀྱི་རང་འགྲེལ་ཞིག་ཀྱང་ཡོད་འདུག་པར་མ་ཟད། རྒྱ་གར་གྱི་སློབ་དཔོན་དབང་ཕྱུག་གིས་མཛད་པའི་འགྲེལ་པ་ཞིག་ཡོད་འདུག་ཀྱང་དེང་སྐབས་ལག་སོན་དཀའ་བའི་གནས་སུ་གྱུར་འདུག །བྱང་ཆུབ་ཀྱི་ཚོགས་ཀྱི་བསྟན་བཅོས་དེ་ཉིད་བོད་ཡིག་ལ་ཆ་ཚང་འགྱུར་མེད་ཀྱང་ཐོར་རེ་བ་བསྒྱུར་ཡོད་པ་གོང་གི་ལུང་དྲངས་པ་ལས་རྟོགས་ནུས་ལ། རྩ་འགྲེལ་གཉིས་ལས་འགྲེལ་པ་མི་བཞུགས་ཀྱང་། རྩ་བ་རྒྱ་ཡིག་ཐོག་ཆོས་སྦས་ཀྱིས་བསྒྱུར་བ་བཞུགས་ལ། དབྱིན་འགྱུར་[12]ཡང་བཞུགས། རྒྱ་སྐད་དུ་བཞུགས་པའི་སྐོར་གཤམ་དུ་རྒྱའི་སྐད་ཡིག་ནས་བོད་བསྒྱུར་ཞུ་རྒྱུའི་སྡེ་ཚན་ ༧ པར་བཀོད་པ་ལས་མཁྱེན་པར་མཛོད། བྱང་ཆུབ་ཚོགས་ཀྱི་བསྟན་བཅོས་འདིར་དགེ་སློང་དབང་ཕྱུག་ཅེས་བྱ་བས་འགྲེལ་པ་ཞིག་ཀྱང་མཛད་པར་བཤད་ལ། རྩ་འགྲེལ་གཉིས་ཀའི་རྒྱ་འགྱུར་བཞུགས་པར་གྲགས་སོ།།  །།

 

༣) འདོད་པའི་བསྟན་བཅོས།

དེ་ཡང་སློབ་དཔོན་གཟུགས་བཟང་ (འཁྲུངས་གཤེགས་མི་གསལ།) གིས་མཛད་པའི་འདོད་པའི་བསྟན་བཅོས་ལས[13]། བདེ་བའི་ཁྱད་པར་བསྐྱེད་པའི་ཕྱིར། །དྲང་སོང་སྭ་ར་ཡ་ནས་གསུངས། །འདོད་པའི་བསྟན་བཅོས་འབུམ་སྡེ་ལས། །ཀླུ་སྒྲུབ་ཀྱིས་ནི་སྟོང་ཕྲག་གཅིག །བསྡུས་ཏེ་དེ་ལས་བདག་གིས་ཀྱང་། །བདེ་བ་བསྒྲུབ་ཕྱིར་འདི་གསུང་ངོ་། །ཞེས་གསལ་བ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འདོད་པའི་བསྟན་བཅོས་གཞུང་ཚད་ཤླཽ་ཀ་སྟོང་ཕྲག་གཅིག་ཅན་ཡོད་པར་གསུངས་ཀྱང་། སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ་སློབ་དཔོན་གཟུགས་བཟང་གིས་མཛད་པའི་འདོད་པའི་བསྟན་བཅོས་ལས་གཞན་པའི་འདོད་པའི་བསྟན་བཅོས་ཀྱི་རིགས་མ་འཁོད་པས་བོད་འགྱུར་གནང་ཡོད་བཟོ་མི་འདུག་ལ། པར་མ་གཞན་དུའང་བཞུགས་ཡོད་མི་འདུག་པས། མ་ཡིག་རྙེད་སོན་བྱུང་མཚམས་ཁ་སྐོང་ཞུ་དགོས་སོ།།   །།

 

༤) ཐ་སྙད་གྲུབ་པ།

དེ་ཡང་མཁས་གྲུབ་རྗེའི་ (1385-1438) རྒྱུད་སྡེ་སྤྱི་རྣམ་ལས[14]། དེ་ལ་ལྟ་བའི་ཆ་གཙོ་བོར་འགྲེལ་པ་དང་། སྤྱོད་པའི་ཆ་གཙོ་བོར་འགྲེལ་པ་དང་། གཉིས་ཀ་ཆ་མཉམ་དུ་འགྲེལ་པའི་བསྟན་བཅོས་དང་གསུམ་ལས། དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་རྗེས་འབྲང་དང་བཅས་པ་སྟེ། དབུ་མ་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་བཟློག །ཞིབ་མོ་རྣམ་འཐག་སྟེ་ལྔ་ལ་མི་མཐུན་པ་མེད་ཅིང་། སྔ་རབས་པ་དག་ཐ་སྙད་གྲུབ་པ་ཞེས་བྱ་བ་དང་དྲུག་ཏུ་འདོད་ལ། རང་རེའི་བླ་མ་དག་ཐ་སྙད་གྲུབ་པ་ཞེས་བྱ་བའི་གཞུང་རིགས་ཚོགས་ཀྱི་ཡ་གྱལ་ཞིག་ཡོད་ན། འཕགས་པའི་སློབ་མ་རྣམས་ཀྱིས་གཞུང་དུ་འཕགས་པའི་གཞུང་ཐམས་ཅད་ཁུངས་སུ་མ་དྲངས་པ་མེད་པས། དེ་དག་ཏུ་དྲངས་འོངས་དགོས་པ་ལས། དེ་དག་ཏུ་དྲངས་པ་གཅིག་ཀྱང་མ་བྱུང་བའི་ཕྱིར་དང་། ཚིག་གསལ་གྱི་གཤམ་དུ་རིགས་ཚོགས་ཐམས་ཅད་བགྲངས་ཀྱང་ཐ་སྙད་གྲུབ་པ་མ་བགྲངས་པའི་ཕྱིར། མེད་པར་ཤེས་གསུང་ངོ་། །ཞེས་བྱུང་ངོ་།།

གཞན་ཡང་སློབ་དཔོན་ཀ་མ་ལ་ཤཱི་ལས་ (740-797) མཛད་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས[15]། འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཐ་སྙད་གྲུབ་པ་ལས་བསྟན་ཏོ། །དེ་ལས་ནི་སྔགས་དང་སྨན་དང་སྒྱུ་མའི་དཔེས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་གཏན་ཚིགས་ཀྱིས་དོན་དམ་པར་ཡོད་པ་དང་མེད་པ་ཉིད་ལས་ཡང་དག་པར་འདས་པར་སྒྲུབ་པར་བྱེད་དོ། །ཞེས་གསལ་བ་ལྟར་ཐ་སྙད་གྲུབ་པ་ཞེས་པའི་གཞུང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དང་། དེའི་བརྗོད་བྱ་སྔགས་དང་སྨན་དང་སྒྱུ་མའི་དཔེ་ཡི་སྒོ་ནས་གཏན་ཚིགས་ཀྱིས་སྒྲུབ་ཚུལ་གསལ་ལ། གཞུང་དེ་ཉིད་ཞི་འཚོ་ཡབ་སྲས་རྣམ་གཉིས་ཀྱིས་མཇལ་བར་གསུངས་ཤིང་། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ་ལས[16]། ཐ་སྙད་གྲུབ་པ་ནི་བོད་དུ་མ་འགྱུར་ཞིང་། ཞེས་གསུངས་པ་ལྟར་ཀླུ་སྒྲུབ་ཀྱིས་མཛད་པའི་ཐ་སྙད་གྲུབ་པ་བོད་དུ་མ་འགྱུར་བར་གསུངས་པ་ལྟར་རོ།།  །།

 

༥) འཇིག་རྟེན་བརྟག་པ།

དེ་ཡང་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ (C.-700) ཀྱིས་མཛད་པའི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས[17]། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དེ་ཉིད་ཀྱིས་འཇིག་རྟེན་བརྟག་པ་ཞེས་བྱ་བའི་བསྟན་བཅོས་མཛད་པ་ལས་དེ་སྐད་བཀའ་སྩལ་ཏེ། དཔེར་ན། འགའ་ཞིག་གིས་ནག་པོ་མ་ཡིན་ཞེས་སྨྲས་པས་དེས་ནག་པོ་དགག་པ་ཙམ་ཉིད་བྱས་པར་ཟད་ཀྱི། དཀར་པོ་ཉིད་དུ་མ་བསྟན་པ་དེ་དེ་བཞིན་དུ་འདིར་ཡང་མེད་པར་དགག་པའི་ཚུལ་གྱིས་ཡོད་པ་ཉིད་དགག་པ་ཙམ་བསྟན་པས། མ་ཡིན་པར་དགག་པའི་ཚུལ་གྱིས་མེད་པ་ཉིད་དུ་མ་བསྟན་པས་ཆད་པར་ལྟ་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་བརྟག་པ་ཞེས་པའི་བསྟན་བཅོས་ཤིག་མཛད་ཡོད་པར་གསུངས་ལ། དེ་ལས་ལུང་འདྲེན་ཡང་མཛད་ཅིང་། དེ་བཞིན་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནད་རྣམས་རྣམ་པར་བཤད་པ་[18]ན། དེ་སྐད་དུ་ཡང་། འཇིག་རྟེན་བརྟག་པ་ལས།

འདིར་ནི་ཡོད་ཉིད་འགོག་བྱེད་ཀྱི། །མེད་ཉིད་བསྒྲུབ་པར་མི་བྱེད་དོ། །

ཞེས་གསུངས་ལ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ (1898-1946) མཛད་པའི་དྲང་ངེས་འཇུག་ངོགས་ལས་[19]ཀྱང་། འཕགས་པ་ཀླུ་སྒྲུབ་ཀྱི་འཇིག་རྟེན་བརྟག་པ་ལས།

འདི་ནི་ཡོད་ཉིད་འགོག་པ་སྟེ། །

ཞེས་སོགས་གསུངས་པ་མི་འཐད་པར་ཐལ། རང་བཞིན་གྱིས་ཡོད་པ་རྟགས་ཀྱིས་རྣམ་པར་བཅད་པས་རང་བཞིན་མེད་པ་རྟགས་ཀྱིས་སྒྲུབ་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི། དཔེར་ན་ནག་པོ་མིན་ཞེས་སྨྲས་པས་དཀར་པོ་ཡིན་པར་མི་སྟོན་པ་བཞིན་མྱུ་གུ་ལྟ་བུ་རང་བཞིན་གྱིས་མེད་ཅེས་སྨྲས་པ་ཡང་དེ་རང་བཞིན་གྱིས་ཡོད་པ་བཀག་ཙམ་སྒྲུབ་པ་ལས། དེ་ལས་འབྲངས་པའི་བློས་མཚོ་དུ་མེད་མ་ངེས་པ་མིན་པ་བཞིན་མྱུ་གུ་ལ་རང་བཞིན་གྱིས་གྲུབ་པ་མེད་ཅེས་བརྗོད་པ་ནའང་མྱུ་གུ་ལ་རང་བཞིན་གྱིས་གྲུབ་པ་བཅད་ཙམ་ཡིན་ཡང་དེའི་སྒྲས་མྱུ་གུ་རང་བཞིན་མེད་པ་བསྟན་པ་དང་དེའི་རྗེས་སུ་འབྲངས་པའི་བློས་མྱུ་གུ་རང་བཞིན་གྱིས་མེད་པ་ངེས་པ་མི་འགལ་བས་ན་མཚོ་ལ་དུ་བ་མེད་ཅེས་པའི་ཚིག་གིས་མཚོ་ལ་དུ་བ་རྣམ་པར་བཅད་པ་ཉིད་ནི་དུ་མེད་བརྗོད་པ་ཡིན་ཅིང་། དེའི་རྗེས་སུ་འབྲངས་པའི་བློས་ཀྱང་དུ་བ་བཅད་པ་ཉིད་ནི་དུ་མེད་ངེས་པ་ཡིན་ཏེ། དགག་བྱ་རྣམ་པར་གཅོད་པ་དང་། བཀག་པ་ཡོངས་སུ་གཅོད་པ་གཉིས་གཅིག་མེད་ན་ཅིག་ཤོས་མེད་དགོས་པའི་ཕྱིར་རོ། །ཞེས་བྱུང་བ་ལྟར་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་འཇིག་རྟེན་བརྟག་པ་ལས་ལུང་འདྲེན་མཛད་ནའང་། བོད་ཀྱི་མཁས་པ་དག་གིས། འཇིག་རྟེན་བརྟག་པ་ནི་ཀླུ་སྒྲུབ་ཀྱི་གསུང་བོད་དུ་མ་འགྱུར་བ་ཞིག་ཡིན། ཞེས་གསུངས། དེ་ཡང་སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོས་ (1878-1941) མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་ཟིན་བྲིས་ལས[20]། འཇིག་རྟེན་བརྟག་པ་ནི་ཀླུ་སྒྲུབ་ཀྱི་གསུང་བོད་དུ་མ་འགྱུར་བ་ཞིག་ཡིན། ཞེས་གསུངས་སོ།།

གཞན་ཡང་ལེགས་སྦྱར་གྱི་སྐད་ཐོག་ཡོད་ལ་བོད་འགྱུར་མེད་པའི་གཞུང་ནི། ༦) རྡོ་རྗེ་ལྷ་མོའི་བསྟོད་པ་དང་། ཀླུ་སྒྲུབ་ཀྱིས་མཛད་པ། (ཏ་ལའི་ལོ་མའི་སྟེང་ཡོད།) ༧) རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ། ཀླུ་སྒྲུབ་ཀྱིས་མཛད་པ། (ཏ་ལའི་ལོ་མའི་སྟེང་ཡོད།) ༨) དཀྱིལ་འཁོར་གྱི་ཚིགས་སུ་བཅད་པའི་མཆན་འགྲེལ། ཀླུ་སྒྲུབ་ཀྱིས་མཛད་པ། (ཏ་ལའི་ལོ་མའི་སྟེང་ཡོད།) ༩) ཨ་ཏི་ཡོ་གའི་རྒྱུད། ཀླུ་སྒྲུབ་ཀྱིས་མཛད་པ། (ཏ་ལའི་ལོ་མའི་སྟེང་ཡོད།) བཅས་ཆོས་ཚན་བཞི་པོ་རྣམས་ཏ་ལའི་ལོ་མའི་ཐོག་ལེགས་སྦྱར་གྱི་སྐད་དུ་བཞུགས་ཡོད་ཀྱང་བོད་སྐད་དུ་བསྒྱུར་རྒྱུར་ལྷག་ཡོད་པ་རྣམས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ལ༽ དེབ་ཨང་ ༦༡ པ། ༢༠༠༨ ལོ། ཤོག་གྲངས་ ༡༢༡༢

[2] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ལ༽ དེབ་ཨང་ ༦༡ པ། ཤོག་གྲངས་ ༩༧༩

[3] དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ། དཔེ་རིང་། ཤོག་གྲངས་ ༢༠༧ན༢

[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༡༣༨༣

[5] བྱང་ཆུབ་ལམ་རིམ་ཆེན་མོ། དགའ་ལྡན་བྱང་རྩེ། ཐེ་ཝན་པར་མ། ༡༩༩༩ ལོ། ཤོག་གྲངས་ ༦༤༣

[6] དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༤

[7] དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼ཁ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༣༢༠

[8] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཆ༽ དེབ་ཨང་ ༨༢ པ། ༢༠༠༩ ལོ། ཤོག་གྲངས་ ༤༧༨ ཐོག་རྡོ་རྗེ་དཔལ་མཆོག་ཆེན་པོ་དང་པོ་དང་། དགའ་བའི་སྒྲུབ་པའི་ཐབས། ཀུན་ཏུ་བཟང་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས་སོགས་སུ་གསལ་བས་རྒྱུད་ཀྱི་ཚིག་ཡིན་འདུག་གོ།

[9] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༡༡༥༧

[10] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། དཀར་ཆག་ཤྲཱི། དཔེ་རིང་། ཤོག་གྲངས་ ༢༨བ༤

[11] དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན། དཔེ་རིང་། ཤོག་གྲངས་ ༧ན༤

[12] རྒྱ་འགྱུར་ནི་ Taisha 1669 དང་། དབྱིན་འགྱུར་ནི་ Lindtner 1997.

[13] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ༢༠༠༨ ལོ། ཤོག་གྲངས་ ༩༧༤

[14] མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༩༣

[15] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ༢༠༠༨ ལོ། ཤོག་གྲངས་ ༡༠༦༡

[16] གོ་རམས་པའི་གསུང་འབུམ། ༼ཅ༽ ངེས་དོན་རབ་གསལ། དཔེ་རིང་། ཤོག་གྲངས་ ༧བ༡

[17] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཞ༽ དེབ་ཨང་ ༥༩ པ། ༢༠༠༨ ལོ། ཤོག་གྲངས་ ༢༡༢

[18] པཎ་ཆེན་ཤཱཀ་མཆོག་བཀའ་འབུམ། ༼ཀ༽ སྟོད་ཆ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༢

[19] དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད། ༢༠༠༤ ལོ། ཤོག་གྲངས་ ༦༤༡

[20] དྲང་ངེས་ལེགས་བཤད་སྙིང་པོའི་ཟིན་བྲིས། པོད། ༼ང༽ དཔེ་རིང་། ཤོག་གྲངས་ ༢༧བ༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༡ ནས་ ༢༧༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *