བཅུ་བཞི་པ། སློབ་དཔོན་སེངྒེ་བཟང་པོའི་རྣམ་ཐར། ཀ༽ མཚན་དོན་དང་དག་སྡེབ།

བཅུ་བཞི་པ། སློབ་དཔོན་སེངྒེ་བཟང་པོའི་ ༼ཨཱཙཱརྱ་སིཾ་ཧ་བྷ་དྲ།༽ རྣམ་ཐར།

ཀ༽ སློབ་དཔོན་སེངྒེ་བཟང་པོའི་མཚན་དོན་དང་དག་སྡེབ།

 

དེ་ཡང་ལུང་རིགས་གཉིས་ལ་མཁས་ཤིང་བྱམས་པའི་ཐུགས་དང་ལྡན་པ་སེངྒེ་བཟང་པོའི་མཚན་དོན་ནི། ཀུན་མཁྱེན་རོང་སྟོན་ཆོས་རྗེས་ (1367-1449) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་རྣམ་བཤད་ཚིག་དོན་རབ་ཏུ་གསལ་བ་ལས[1]།

གསུང་རབ་རལ་པའི་ཅོད་པན་གཙུག་ལ་འཛིན། །

ལྟ་ངན་རི་དྭགས་འཇོམས་པའི་སྟོབས་ལྡན་ཞིང་། །

སྤོབས་པའི་ཞབས་བརྟན་མི་འཇིགས་གདོང་ལྔ་པ། །

སྨྲ་བའི་སེང་གེ་བཟང་པོའི་ཞབས་པད་མཆོད། །

ཅེས་མཆོད་པར་བརྗོད་པ་ལྟར། སློབ་དཔོན་འདི་ཉིད་ཀྱི་མཚན་ལ་སེངྒེ་བཟང་པོ་སྟེ། ལེགས་སྦྱར་གྱི་མཚན་ལ་སིཾ་ཧ་བྷ་དྲ་ (हरिभद्र) (Simhabhadra) དང་། རྒྱའི་སྐད་ཀྱི་མཚན་ལ་ (獅子賢) ཞེས་ཞུ་ཞིང་། སློབ་དཔོན་སེངྒེ་བཟང་པོ་ལ་ཧ་རི་བྷ་དྲ་ཞེས་དགོས་རྒྱུ་ཡང་། སིངྷ་བྷ་དྲ་ཞེས་བསྒྱུར་བའང་སྣང་སྟེ། ལེགས་སྦྱར་གྱི་སིཾ་ཧ་བྷ་དྲ་ཞེས་པ་བོད་སྐད་དུ་བསྒྱུར་ན། སེངྒེ་བཟང་པོ་སྟེ། དེ་ཡང་ཕྱི་ལོའི་དུས་རབས་བརྒྱད་པར་ལོ་པཎ་རྣམས་ཀྱིས་བསྒྲིགས་པའི་བྱེ་བྲག་རྟོགས་བྱེད་ཆེན་པོ་ལས[2]། ཤཱཀྱ་སེངྒེ་ཞེས་པར། ལེགས་སྦྱར་ལ་ཤཱཀྱ་སིཾཧཿ ཞེས་གསལ་བ་ལྟར་སིཾ་ཧཿསེངྒེ་དང་། བྷ་དྲ་བཟང་པོར་འཇུག་ཅིང་། བརྒྱད་སྟོང་འགྲེལ་ཆེན་གྱི་ལེགས་སྦྱར་མ་ཡིག་གི་མཛད་པ་པོའི་མཇུག་བྱང་དུ་ཧ་རི་བྷ་ཊ་ཞེས་གསལ་བ་ལྟར། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས[3]། ཧ་རི་བྷ་དྲཿ སེངྒེ་བཟང་པོར་དོན་གྱིས་བསྒྱུར་ཀྱང་རུང་། ཞེས་གསུངས་ཤིང་། དེ་བཞིན་༸རྒྱལ་མཆོག་ལྔ་པ་ཆེན་པོས་ (1617-1682) མཛད་པའི་དམ་པའི་ཆོས་ཀྱི་གསན་ཡིག་གངྒཱའི་ཆུ་རྒྱུན་ལས་[4]ཀྱང་། ཧ་རི་བྷ་དྲ། འཕྲོག་བྱེད་བཟང་པོ། སེང་གེ་བཟང་པོར་དོན་གྱིས་བསྒྱུར་ཀྱང་རུང་། ཞེས་ཀྱང་གསུངས་སོ།།

སློབ་དཔོན་སེངྒེ་བཟང་པོ་རང་ཉིད་ཀྱིས་མཛད་པའི་རྣམ་དབྱེའི་ཚིག་ལེའུར་བྱས་པའི་མཛད་བྱང་ལས[5]། སིངྷ་བྷ་དྲས་མཛད། ཅེས་གསུངས་པ་ལྟར་སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལས[6]། ཧ་རི་དང་སིངྷཿགཉིས་ཀ་སེངྒེ་ལ་འཇུག་པར་གསལ་ལ། དེ་བཞིན་སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་ལས་[7]ཀྱང་། སིང་ཧཿདང་སིཾཧ་གཉིས་ཀ་སེང་གེར་འཇུག་པ་དང་། ཧ་རི་འཕྲོག་བྱེད་དམ་སེང་གེ་ལ་འཇུག་པར་གསལ་བ་བཞིན་དངུལ་ཆུ་དྷརྨ་བྷ་དྲས་ (1772-1851) མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་ལས[8]།

འཕྲོག་བྱེད་གདོང་ལྔ་རལ་པ་ཅན། །སྡེར་ཆགས་རྒྱལ་པོ་སེང་གེའི་མིང་། །

ཞེས་གསུངས་པ་ལྟར་སེངྒེས་རི་དྭགས་གཞན་གྱི་སྲོག་འཕྲོག་པར་བྱེད་པས་དེ་ལྟར་བརྗོད་པ་ནི་མངོན་བརྗོད་ཀྱི་མཚན་གྱི་རྣམ་གྲངས་ཡིན་ལ། པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་ཕར་ཕྱིན་བརྒྱུད་འདེབས་ལས[9]།

དངོས་སྨྲའི་རི་དྭགས་ཕམ་བྱེད་སེངྒེ་བཟང་། །

ཞེས་གསུངས་པ་ལྟར་ལེགས་སྦྱར་གྱི་སེངྒེའི་དག་སྡེབ་ཐད་སིཾཧཿརྣམ་བཅད་ཡོད་མེད་གཉིས་དང་། སིངྷ་ཞེས་བརྩེགས་པ་ཡོད་མེད་གཉིས། འཕྲོག་བྱེད་ཀྱི་སྐད་དོད་ཧ་རི་བཅས་འབྲི་སྲོལ་མི་འདྲ་བ་གསུམ་བྱུང་ཡང་། དོན་ལ་སེངྒེ་ཡིན་པར་མཚུངས་ཤིང་། བོད་ཡིག་གི་དག་སྡེབ་ཐད་ལེགས་སྦྱར་གྱི་འགྲོ་ལུགས་ལྟར་སེངྒེ་ཞེས་འབྲི་བ་དང་། བོད་ཡིག་རང་གི་འགྲོ་ལུགས་ལྟར་སེང་གེ་འབྲི་སྲོལ་གཉིས་ཡོད་པ་ལས། ཤཱཀྱ་སེངྒེ་ལྟ་བུ་ལེགས་སྦྱར་གྱི་སྐད་རང་སོར་བཞག་པའི་འབྲི་སྲོལ་ལྟར་སེངྒེ་ཞེས་འབྲི་བ་དང་། ཡང་ན་དེ་ཉིད་བོད་སྐད་དུ་ཟུར་ཆག་པས་བོད་ཡིག་གི་འབྲི་སྲོལ་ལྟར་སེང་གེ་ཞེས་འབྲི་བ་གཉིས་སྣང་བས། སེངྒེ་ཞེས་པ་འདི་ཉིད་ལེགས་སྦྱར་ནས་ཟུར་ཆག་གི་སྐད་ཡིན་པའི་མཚོན་དོན་དང་བཅས་སེངྒེ་ཞེས་བརྩེགས་མའི་རྣམ་ཅན་འབྲི་སྲོལ་འདི་ཉིད་ལེགས་པར་མཐོང་ལ། སློབ་དཔོན་འདིའི་བོད་སྐད་ཀྱི་མཚན་ལ་སེངྒེ་བཟང་པོ་ཞེས་པ། ལེགས་སྦྱར་གྱི་མཚན་གང་ཡིན་མ་ཤེས་པར་སིཾཧ་བྷ་དྲར་བསྒྱུར་ཡོད་ཀྱང་། ལེགས་སྦྱར་གྱི་མཚན་དངོས་ནི་ཧ་རི་བྷ་དྲ་ཡིན་ཅིང་། ལེགས་སྦྱར་གྱི་ཧ་རི་བྷ་དྲ་བོད་སྐད་དུ་སེངྒེ་བཟང་པོར་བསྒྱུར་བ་ནི་ལེགས་སྦྱར་གྱི་མཚན་དངོས་དང་མཐུན་ལ། སེངྒེ་བཟང་པོ་ཞེས་པ་ལེགས་སྦྱར་སྐད་དུ་སིཾཧ་བྷ་དྲར་བསྒྱུར་ན་དེ་ཉིད་ཧ་རི་བྷ་དྲ་ཡིན་པ་ངོས་འཛིན་མ་ཐུབ་པའི་གནས་ཚུལ་ཡང་བྱུང་ཡོད།

ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་ཞལ་ལུང་གྲོལ་ཐིག་གི་རྣམ་བཤད་ཉུང་ངུ་རྣམ་གསལ་ལས[10]། འདིར་ཡང་གཞུང་ལ་ཅུང་ཟད་སྦྱར་ན། བཟང་པོ་སེང་གེ་ནི་སློབ་དཔོན་ཆེན་པོ་སེང་གེ་བཟང་པོ་སྟེ། དེའི་འཁྲུངས་ཡུལ་ནི་མཐའ་འཁོབ་མིན་གྱི་དབུས་ཀྱི་ཡུལ་ཆེན་པོའི་ནང་ཚན་ཁ་བི་ཞེས་བྱ་བར་གྲགས་པའི་ནང་ན་གྲོང་ཁྱེར་རྡོ་འཇོག་ཏུ་འཁྲུངས་པའོ། །གཞུང་མང་ནི་ཤེར་ཕྱོགས་སོགས་ཀྱི་མདོ་སྡེའོ། །དེ་ཡང་ཐོས་ཙམ་དུ་མ་བཞག་པར་གཞུང་དེ་རྣམས་ལ་བསམ་བྱུང་གིས་རྣམ་པར་དཔྱད་ནས་ལེགས་པར་རྟོགས་པའོ། །རྟོགས་ནས་གཞན་ལ་བསྟན་ཚུལ་ནི། རིག་པའི་འབྱུང་གནས་ཆོས་གྲྭ་ཆེན་པོ་ན་ལེནྡྲའི་དགེ་སློང་མ་ཡོན་ཏན་བཤེས་གཉེན་ཞེས་བྱ་བ་བྲམ་ཟེའི་རིགས་སུ་སྐྱེས་པ། དད་པ་བརྟན་པ་ཞིག་ཡོད་པ་དེའི་ངོ་བོར་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པའི་བླུན་བློས་སོགས་ཏེ། སྡུད་འགྲེལ་སོགས་ཀྱི་བསྟན་བཅོས་རྩོམ་པ་དང༌། སྟོན་པ་སོགས་རབ་ཏུ་བྱས་ཞེས་པའོ། །ཞེས་གསུངས་པ་ལྟར་གཞུང་འགའ་ཞིག་ཏུ་བཟང་པོ་སེངྒེ་ཞེས་གསལ་བ་ནི་སེངྒེ་བཟང་པོ་ཞེས་པ་འགྱུར་མ་དག་པའམ་འབྲི་སྲོལ་གཞན་ཡིན་པ་ལྟ་བུར་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རོང་སྟོན་བཀའ་འབུམ། པོད། ༼ག༽ དཔེ་གཟུགས། ཤོག་གྲངས་ ༢བ༣

[2]  བྱེ་བྲག་རྟོགས་བྱེད་ཆེན་པོ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༠ ལོ། ཤོག་གྲངས་ ༢

[3]  ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཁ༽ དཔེ་རིང་། ཤོག་གྲངས་ ༢༧༩ན༡

[4]  ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼ང༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༢༥༦

[5]  བསྟན་འགྱུར་དཔེ་བསྡུར་མ། སྒྲ་མདོ། ༼རེ༽ དེབ་ཨང་ ༡༠༨ པ། ཤོག་གྲངས་ ༡༠༨༩

[6]  སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༦༤༢

[7]  སཾ་བོད་སྐད་གཉིས་ཤན་སྦྱར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༨༤༧

[8]  མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༧༢

[9]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼ཙ༽ དཔེ་རིང་། ཤོག་གྲངས་ ༨བ༤

[10]  སྟག་ཚང་ལོ་ཙཱ་བའི་གསུང་འབུམ། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡༥༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༩ ནས་ ༨༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *