སྨན་དཔྱད་ཟླ་བའི་རྒྱལ་པོ། (བཞི་པ།)

བཤལ་དག་ཐུན་ཆུང་མ་ཕིགས་དང་། །སྨན་ལྷག་འོར་དུ་ལུས་པ་དང་། །འཕྱན་དང་ཕྱི་ས་ཆུ་སྲི་སྡོམ། །ལྟེ་བ་ཆུ་སོ་ན་བ་ལ། །ནི་རུ་ཧ་ནི་གཏང་བར་བྱ། །དམར་པོ་གཅིག་ཐུབ་ཚན་དེ་ཡི། །ཕྱེ་དང་མར་ནག་ཆང་དུ་བསྐོལ། །འཁྲུ་བ་དག་ལ་མཆོག་ཏུ་འོ། །རུ་རྟ་ཟླ་འོར་ཞོ་ཤ་དང་། །ནག་པོ་ཚན་དེ་མས་གཏང་ངོ་། །དུར་བྱིད་ཨ་རུ་ར་དང་ནི། །བ་གཅིན་སྦྱར་བ་གཉིས་ཀ་གཏང་། །རླུང་ཤས་ཆེ་བར་གྱུར་པ་ལ། །སླེ་ཏྲེས་སྨྱུག་མའི་ལོ་མ་དང་། །སུ་ཏི་ཀ་རན་ཏ་ཤུག་པ། །ཐང་ཤིང་དང་ནི་མ་དང་། །སུ་ཏི་ཀ་རྣམས་བ་གཅིན་སྦྱར། །བསྐོལ་ཏེ་བུ་རམ་ཏིལ་མར་དང་། །རྒྱམ་ཚྭ་དག་དང་སྦྱར་བ་འོ། །

ཡང་ན་དམར་པོ་གཅིག་ཐུབ་དང་། །རྒྱམ་ཚྭ་པི་པི་ལིང་དང་ནི། །ཆང་དང་མར་ནག་སྦྱར་ལ་གཏང་། །གྱེན་དུ་རླུང་ལོག་རྒྱུ་སྨད་སྡོམ། །རྟུག་སྐམ་རྒྱུ་སྨད་འཁྲིལ་བ་དང་། །ལོང་ནད་ཟུག་གཟེར་སྒྲ་ཅན་དང་། །ཕོ་ལོག་དྲག་པོ་སྦྱོངས་མ་ཕིགས། །ཡས་ཀྱི་མི་ཐེག་དག་ལ་ཕན། །ཡང་ན་དུར་བྱིན་ལྕུམ་རྩའི་ཕྱེ། །དམར་པོ་གཅིག་ཐུབ་ཕྱེ་མར་སྙོམས། །བ་ཆུ་མར་ནག་བསྐོལ་བ་དང་། །སྦྱོངས་མ་ཕིགས་པས་ལྟོར་ལུས་དང་། །ཡར་སྐྱུགས་མར་ལ་མི་ཕིགས་དང་། །སྨད་ཀྱི་ནད་ནི་འཁྲུ་བར་བྱེད། །ཡང་ན་དུད་པ་ལྕུམ་རྩ་དང་། །ཆང་དང་སྦྱར་ལ་མ་ལས་ཀྱིས་གཏང་། །མ་ཕིགས་གདིངས་པ་དག་ལ་འོ། །སྒ་དང་པི་པི་ལིང་དང་ནི། །ཕོ་བ་རིས་དང་ཙི་ཏྲ་ཀ ། དབྱི་མོང་ལྡུམ་བུ་རྒྱམ་ཚྭ་དང་། །ཤིང་ཀུན་གོ་སྙོད་ཤུ་དག་དང་། །ཨ་འབྲས་སྲ་འབྲས་དག་དང་ནི། །བ་ཆུ་མར་དང་སྦྱར་ཏེ་གཏང་། །རྐེད་པ་ཁོལ་ཞིང་ན་བ་དང་། །མཁལ་ནད་འབྱང་དུ་མ་བཏུབ་དང་། །གྲང་བ་སྨད་དུ་ཆུ་སྲི་དང་། །ཉལ་པོ་མི་ནུས་རྒུ་རུར་སོང་། །རླིག་པ་སྐྲངས་དང་གཞང་འབྲུམ་དང་། །བུད་མེད་མངལ་ན་ནད་ཡོད་དེ། །བུ་མི་ཆགས་དང་གྲང་ནད་སེལ། །ཡང་ན་ཤུག་པ་རྒྱ་སྤོས་དང་། །འཇམ་འབྲས་དང་ནི་སྲ་འབྲས་དང་། །འོ་མ་མར་ཁུར་བསྐོལ་བ་ནི། །ཟླ་མཚན་འཛག་དང་བུ་མི་ཆགས། །བཤལ་ནས་ནད་དུ་གྱུར་པ་སེལ། །

ཡང་ན་རྩ་བ་ལྔ་དང་ནི། །སོ་ཆ་དག་དང་རྒྱམ་ཚྭ་དང་། །དུར་བྱིད་ཁ་རུ་ཚྭ་དང་ནི། །ཤ་ཁུ་དག་དང་སྦྱར་ལ་གཏང་། །རླུང་དང་གྲང་བ་ཐམས་ཅད་དང་། །དྲི་ཆེན་དྲི་ཆུ་འགོག་པ་སེལ། །བཟང་དྲུག་འབྲས་བུ་གསུམ་དང་ནི། །ཁ་རུ་ཚྭ་དང་ཙ་བྱ་ལྡུམ། །ཙི་ཏྲ་ཀ་དང་དུར་བྱིད་ཕྱེ། །རུས་ཁུ་དག་དང་སྦྱར་ལ་གཏང་། །བད་ཀན་སྨུག་པོ་སྐྱུགས་པ་དང་། །རྒྱུ་གཟེར་ནད་འཕྲོ་ལུས་པ་དང་། །ལོང་ནད་མཆེར་ནད་སྦོ་བ་དང་། །བེ་སྣབས་གྱེན་དུ་སྐྱུག་པ་དང་། །སྒྲེགས་པ་དྲི་མི་ཞིམ་པ་དང་། །རླིག་རླུགས་ཆུ་སེར་དག་ལ་ཕན། །གུ་གུལ་དཀར་པོ་གུར་གུམ་དང་། །སྣང་མ་སྒྲོན་ཤིང་བ་ཤ་ཀ །བྲག་ཞུན་དག་གི་ཐང་གཏང་སྟེ། །ལྕུམ་རྩ་དུར་བྱིད་དག་དང་ནི། །དམར་པོ་གཅིག་ཐུབ་ཆང་སྦྱར་གཏང་། །མཆིན་རྒུད་མཆིན་ནད་ཕོ་བར་ལྷུང་། །གླང་ཐབས་མཆིན་པ་ཁྲག་གིས་རྒྱས། །མིག་ཚག་ཚ་བས་འཁྲུ་བ་སེལ། །ད་ཏྲིག་ཁ་རུ་ཚྭ་དང་ནི། །རྒྱམ་ཚྭ་རྒྱ་ཚྭ་ན་ལེ་ཤམ། །དུར་བྱིད་དག་དང་སྦྱར་ལ་གཏང་། །མས་གཏང་དམར་པོ་གཅིག་ཐུབ་གཏང་། ཁོང་དུ་གཏོང་བ་དམར་པོ་ཡང་། །ཕོ་བའི་དྲོད་ཆུང་ཟས་མི་འཇུ། །སྒྲེགས་དང་ཕོ་བ་ལྕི་ལ་གཏང་། །སོ་མ་རཱ་ཛ་ལས་ནི་རུ་ཧའི་ལེའུ་སྟེ་གྱ་ལྔ་པའོ།།  །།

 

དེ་ནས་སྐྱུགས་དང་སྣ་ཡི་འདྲེན། །ཉ་དུག་དཀར་པོའི་རྩ་བ་བསྐམས། །བྱིས་པའི་ཆུ་འམ་བ་ཆུ་འམ། །འོ་མ་དག་ཏུ་བསྐོལ་ལ་གཏང་། །དུག་དང་མ་ཞུ་བད་ཀན་དང་། །དྲག་པོར་འཁྲུ་བ་དག་ལ་ཕན། །ཡང་ན་སྦྱར་ཚེ་དཀར་པོ་དང་། །བ་ཆུ་འོ་མ་དེ་བཞིན་གཏང་། །ཡོན་ཏན་མ་ཞུ་བད་ཀན་དང་། །བཤལ་མ་ཆོད་པ་དག་ལ་འོ། །ལྕུམ་རྩ་ཡུངས་ཀར་བུས་པའི་ཆུ། །སྦྱར་བས་བད་ཀན་བེ་སྣབས་ལ། །མ་ཞུ་གློ་ནད་ཁྲག་ནད་སེལ། །མ་ཧ་གོ་ར་གྲིབ་སྐམ་དང་། །གྲི་ཧ་གྲིབ་སྐམ་དག་དང་ནི། །ཆུ་དང་དྲི་ཆུ་སྙོམས་ནས་མཉེས། །ཆང་དང་དབྱི་མོང་མར་སྦྱར་བས། །མགོ་ཡི་ཆུ་སེར་འདྲེན་པར་བྱེད། །

གློ་ཡི་གྱེན་བཤལ་ཚེ་ཁཎྚ། །ལྕེ་པོག་དཀར་པོ་གླ་སྒང་དང་། །ཨ་ཤྭ་གནྡྷ་སྟར་བུ་དང་། །སྦྲང་རྩི་ཀ་རང་སྦྱར་ལ་གཏང་། །གློ་ནད་འབྱང་དུ་བཏུབ་པ་དང་། །གློ་ནད་རྣག་དང་ཆུ་སེར་ཡོད། །ལྟོ་རྒྱབ་གཟེར་ལ་ལྟོར་གཏང་སྟེ། །ལྡོང་རོས་ཤུ་དག་སྦྱང་མཚེ་ཁཎྚ། །སྤོར་ནག་སེའུ་བྱས་བརྔུབ་ཏུ་གཞུག །གློ་རྩ་གྱེན་ལ་ཟུག་པ་འོ། །སོ་མ་རཱ་ཛ་ལས་སྣ་བཤལ་གྱི་ལེའུ་སྟེ་གྱ་བདུན་པའོ།།  །།

 

དེ་ནས་རྩ་སྦྱོངས་བསྟན་པ་ལ། །རྒྱ་ཚྭ་སྡིག་པ་ཀ་ཀ་རུ། །སུག་སྨེལ་མཚལ་དང་པད་མེ་དང་། །ཕྱེ་མ་ཆང་དུ་མཉེས་ལ་གཏང་། །ལོག་ན་དོམ་མཁྲིས་ནག་པོ་མཚལ། །ཆང་ལ་བཏབ་པས་ཞི་བར་འགྱུར། །མཁལ་ནད་མཛེ་དང་ཕོལ་འབྲས་དང་། །བུད་མེད་ཚབས་དང་རིམས་ལ་འོ། །ཡང་ན་རྒྱ་ཚྭ་ཕོ་ཚུམ་གཅིག །པད་མེ་དག་དང་མཚལ་དང་ནི། །པི་པི་ལིང་དང་ཧ་ཤིག་དང་། །ཕྱེ་མ་ཆང་དུ་བཏབ་ལ་གཏང་། །སྣ་ལ་ཤིང་མངར་དོམ་མཁྲིས་དང་། །ལོག་ནོན་པི་པི་ལིང་གིས་བྱ། །རྒྱ་ཚྭ་སུག་སྨེལ་ཕག་མགོ་དང་། །གཤའ་ཙེ་པད་མེ་ཀ་ཀ་རུ། །དེ་ནས་སྦྲང་རྩིའི་རིལ་བུ་གཏང་། །ཚད་ནི་སྲན་མ་ཆེ་ཚད་ཙམ། །རབ་འབྲིང་ཐ་མ་བཅུ་དང་བདུན། །ཐ་མ་ལྔ་དག་གཏང་བར་བྱ། །ཡང་ན་དར་མཚུར་ཧ་ཤིག་དང་། །རྒྱ་ཚྭ་མཚལ་དང་སྡིག་པ་དང་། །པད་མེ་གསེར་གྱི་ཕྱེ་མ་གཏང་། །ཕོལ་དང་བད་ཀན་མཁལ་ནད་དང་། །དུག་དང་ཕོ་སྲིན་བད་ཀན་དང་། །མཆིན་པའི་ནད་དང་རྩ་འགྲམས་དང་། །འབྲས་དང་མཛེ་ནད་སེལ་བར་འགྱུར། ཁྱད་པར་མོ་ཡི་ནད་རྣམས་སེལ། །གློ་རྩ་དག་ལ་མཚལ་དང་ནི། །ནད་ཏྲ་དར་མཚུར་གཏང་བར་བྱ། །

སྙིང་ལ་སྦལ་རྒྱབ་དར་མཚུར་དང་། །ཀུ་ཀར་ནད་ཏྲ་སྦྱར་ལ་གཏང་། །མཆིན་པ་དག་ལ་དར་མཚུར་དང་། །གུར་གུམ་བྱང་པ་གཏང་བར་བྱ། །མཁལ་མ་དག་ལ་ཧ་ཤིག་པ། །མཚལ་དང་རྒྱ་ཚྭ་དར་མཚུར་དང་། །ནད་ཏྲ་དག་ནི་གཏང་བར་བྱ། །མཆེར་པ་དག་ལ་དར་མཚུར་དང་། །མཚལ་དང་བྱང་པ་གཏང་བར་བྱ། །མ་ཕིགས་མཚལ་དང་གུར་གུམ་དང་། །ག་པུར་ཅུ་གང་གློ་ལ་འོ། །གུར་གུམ་ཁབ་ལེན་སྦལ་རྒྱབ་དང་། །ག་པུར་མཆིན་པ་དག་ལ་འོ། །ཞོ་ཤ་ག་ཕུར་ཐལ་ཆེན་དང་། །རྡོ་ཐལ་རུ་རྟས་སྙིང་ལ་འོ། །སྦལ་རྒྱབ་གཉིས་དང་ཁབ་ལེན་དང་། །དངུལ་རྡོ་སེར་པོ་ཁྲག་རྐང་དང་། །དེ་རྣམས་མཆེར་པ་མཁལ་མ་ལའོ། །སྐྱེས་པ་དག་ལ་ཐུན་མོང་ནི། །བུ་ག་དགུ་དང་རླུང་མཁྲིས་ཀྱི། །སྲིན་དང་ཐུན་མོང་རྩ་དག་ཀྱང་། །ཁྱད་པར་བུ་ག་གསུམ་དང་ནི། །སྲིན་ནི་བརྒྱ་དེ་མིག་དང་སྣ། །ཁ་ན་གཅིག་དང་ནུ་མ་གཉིས། །བསྡུས་ན་གཅིག་དང་བརྒྱད་དག་གོ །བུ་སྣོད་ཆུ་བུག་ཐུན་མོང་ངོ་། །སྐྱེས་པའི་ས་བོན་རྩ་འབྲུབ་ནང་། །བབ་ཅིང་བུད་མེད་མངལ་དུ་འགྲོ། །ཀླད་པའི་སྙིང་ལས་བབ་པ་འོ། །

རྩ་ནི་བཅུད་འབབ་ཐུན་མོང་སྟེ། །སྲིད་པའི་འཁོར་ལོའི་རྩ་དག་ནི། །བུ་སྣོད་ཁ་ན་ཡོད་པ་སྟེ། །སྐྱེས་པ་དག་ལ་ཁྱད་པར་ནི། །རླུང་མཁྲིས་བད་ཀན་ནད་གསུམ་ལྷག །རང་བཞིན་ཁྲག་ནི་དམར་བ་སྟེ། །རླུང་ནི་དམར་ནག་ཚིག་པ་འོ། །མཁྲིས་པ་སེར་པོ་གར་བ་འོ། །བད་ཀན་སྐྱ་སེར་འབྱར་བ་འོ། །བུས་དག་ལ་སྐྱ་སེར་ཏེ། །རླུང་ནི་དམར་ནག་ཚིག་པ་འོ། །མཁྲིས་པ་སེར་པོ་གར་བ་འོ། །བད་ཀན་སྐྱ་སེར་འབྱར་བ་འོ། །བུས་པ་དག་ལ་སྐྱ་སེར་ཏེ། །རྒས་ནས་དམར་ནག་ཁྲག་ཆུ་འདྲ། །དར་མ་དག་ནི་དམར་ལ་སེར། ཁུ་ཁྲག་ཟད་པ་ཤ་སྐམ་སྟེ། །དེ་ལས་བཟློག་པ་བུས་པ་དང་། །རྒས་པ་དར་མ་དག་ལ་ནད། །སྐྱེས་པའི་ས་བོན་དབྱེ་བ་མེད། །བུད་མེད་ཁྲག་ནི་སྐམ་པ་ན། །བྲང་རུས་ན་ཞིང་ཤ་སྐམ་ན། །ཟླ་མཚན་ནད་དུ་སོང་བ་འམ། །ཡང་ན་རྒས་པ་དག་ཡིན་ནོ། །

ནུ་མ་རྒྱས་དང་བཞིན་ཡང་རྒྱས། །ཟླ་མཚན་དག་ནི་རྒྱས་པ་འོ། །མིག་འགུལ་དཀུ་ནི་ཡོ་བ་དང་། །ཟླ་མཚན་ལངས་པའི་མཚན་མ་ནི། །བཞིན་དམར་འདོད་པ་ལངས་པ་འོ། །བུ་ཆགས་འདོད་པ་ཆུང་བ་འོ། །ཟླ་མཚན་རྟག་ཏུ་འཛག་པ་ལ། །བཅུད་དང་དྲོད་ཀྱི་སྨན་མར་གཏང་། །བད་ཀན་དག་ཀྱང་དེ་བཞིན་ནོ། །དྲི་བཅུད་དག་དང་སྣ་རིབ་ཁྲག །ནིམ་པའི་ཆུ་དང་སྦྱར་བ་འོ། ཁྱེའུ་འདོད་ན་གཡས་པར་འདུག །བུ་མོ་ཡོད་ན་གཡོན་ན་འདུག ཁོང་ན་བུ་ཡོད་ལྟོ་སྐྱ་ན། །བུས་པ་རླུང་ཤས་ཅན་དུ་སྟེ། །ཤ་ཆུང་གཉིད་ཆུང་ཡང་བ་འོ། །དྲོད་ཆེ་མཁྲིས་པ་ཆེ་བ་སྟེ། །བཅུད་བསྟེན་ཤ་ཆེ་བད་ཀན་ཅན། །ནུ་མ་གཡས་འབབ་གཡས་པ་ཆེ། །དཀུ་ཡང་གཡས་མཐོ་གཡས་པ་ལྕི། ཁྱོ་ག་དག་དང་ཕྲད་ན་དགའ། །གཡས་འགུལ་ཁྱེ་འུ་སྐྱེ་བ་འོ། །

ནུ་མ་གཡོན་འབབ་ཆེ་བ་དང་། །ན་ཚ་ཆེ་ཡང་གཡོན་པ་མཐོ། །མ་ལ་དགའ་ཞིང་གཡོ་ལྕི་མཐོ། །ས་འཇམ་རྐང་རྗེས་གཡོན་པ་གསལ། ཕོ་མོའི་རྟགས་སུ་ཤེས་པར་བྱ། །མྱུར་དུ་བུ་སྐྱེ་ནུ་མང་ཞིང་། །འདུག་མི་ཚུགས་ཏེ་སྨད་ལྕི་དང་། །བྱ་རྨྱང་དག་ནི་བྱེད་འདོད་པའོ། །བུ་ཕྱིན་ནས་ནི་གོང་བཞིན་བྱ། །ཤ་མ་དག་ནི་མ་ཕྱིན་ན། །སྲོག་ཆགས་གྭ་དོར་དག་དང་ནི། །ནིམ་པ་དང་ནི་ད་དུ་དང་། །ལྕམ་པ་ཕྱི་ཤ་ལག་དང་ནི། །རྐང་པ་དག་ལ་གདགས་པར་བྱ། །མཉམ་པོ་དག་ཏུ་ལངས་ནས་ནི། །དཔུང་པ་གཉིས་ལ་བཟུང་ལ་སྤྲུག །རང་གི་རྐང་པ་གཡས་པ་བརྡེག །ཡང་ན་བྱ་མ་བྱིལ་གྱི་ཤ །རྐང་པ་དག་ལ་གདགས་པར་བྱ། །སྟག་མའི་ཤུན་དང་ཡུངས་ཀར་དང་། །བྱི་ཙེ་ལག་དང་རུ་རྟ་དང་། །བལ་བུ་ཆང་དུ་བགྲུངས་པ་ནི། །མཆོག་ཏུ་དེ་ལ་བསྔགས་པ་འོ། །རླུང་ལ་དྲོད་དང་མཁྲིས་པ་བསིལ། །བད་ཀན་རྩུབ་དང་ཚ་བ་འོ། །

དུད་ཁུ་འདྲ་བ་ཉམས་པ་ལ། །མཚལ་དང་བཙོད་དང་རྒྱ་སྐྱེགས་དང་། །སྲུ་སྲུ་རྩ་བ་མར་བསྐོལ་བླུད། །རྣག་ཏུ་རུལ་ནས་འཛག་པ་ལ། །ལུག་མིག་རྒྱ་ལྕང་ལོ་མ་དག །མར་དུ་བསྐོལ་ལ་བླུད་པར་བྱ། །བུད་མེད་འདོད་ཆགས་རང་བཞིན་གྱིས། །སེམས་འཕྱོ་ཚིག་པ་ཟ་བ་དང་། །སྙིང་མི་དགའ་དང་གླལ་བ་དང་། །ཟས་མི་འདོད་དང་གཉིད་ཆེ་དང་། །ཡང་ན་འཕྱོས་པ་དག་ཏུ་འོ། །སྐྲན་དང་རྩ་ཡི་ནད་དག་དང་། །སྲིན་བུ་དག་ཏུ་མངལ་ནད་སྐྱེད། །སྟོད་དུ་དྲོད་ཤོར་མངལ་འཁྱགས་པས། །མངལ་ནང་ཕུར་མ་དག་ལས་ནི། །ཆུ་སེར་རྟག་ཏུ་འཛག་པ་སྟེ། །ཡང་ན་བུས་པ་དག་རྗེས་ལ། །ཁྲག་ཞམ་གྲང་བས་སྐྲན་དུ་སྟེ། །སྨད་སྦོས་ལྡང་དུབ་དག་ཏུ་ན། །བྱི་ཚང་ཁུང་ནི་ཤར་བལྟས་ནས། །ས་བླངས་ཆང་གིས་བརླན་པའི་དུགས། །ཡང་ན་སོ་ཕག་དག་གི་དུགས། །བྱི་སྤུ་དག་དང་ཏིལ་སྦྱར་ལ། །སྨད་དུ་རླུང་ལ་དུགས་བྱ་འོ། །སྟོད་བརྒྱངས་ནས་ནི་ན་བ་ལ། །སྟོད་དུ་ཅུང་ཟད་གཏར་བར་བྱ། །སྨད་དུ་རྣག་ཁྲག་འཛག་པ་ལ། །ལུས་ཤ་སྐམ་ཞིང་དབུགས་རྒོད་དང་། ཁྱོད་གས་མངལ་ནད་དྲག་པས་སྐྲན། །གདོང་ཤ་ནག་སྨུག་བེམས་པོ་དང་། །ཚིགས་གཞི་འཁུམས་དང་སྐྲངས་པ་དང་། །ཡང་ན་རུས་མིག་ཤ་རུས་བྱེ། །ཡང་ན་ཤ་རུས་བྱེ་བ་སྙམ། །མགོ་བོ་འཁོར་ཞིང་མགོ་བོ་ན། །ཡང་ན་སྨད་ཁོལ་འཕྱེས་པ་དང་། །སྤོ་འཁྲོག་དྲག་ཏུ་འབྱུང་བ་ནི། །བུས་པ་ཁྲག་རྗེས་མཁར་བ་འོང་། །དེ་རྣམས་ཀུན་ལ་རྩ་བཤལ་དང་། །ལུམས་ནི་མཆོག་ཏུ་བསྔགས་པ་འོ། །

འབྲུ་སྣ་མེ་ཏོག་སྣ་ཚོགས་ལུམས། །འབྲས་བུ་གསུམ་དང་རྩ་བ་ལྔ། །སྒོག་སྐྱ་དག་གི་སྨན་མར་གཏང་། །བྲག་ཞུན་རྒྱམ་ཚྭ་ཁ་རུ་ཚྭ། །ཨ་ཤྭ་གན་ངྷ་པི་པི་ལིང་། །བུ་རམ་དག་གི་ལྡེ་གུ་གཏང་། །རྩ་ལས་ནད་དུ་གྱུར་པ་ནི། །ནུ་ཞོ་རྩ་མིག་དག་ཏུ་རྒྱས། །མངལ་དུ་ལྷུང་བས་ཟླ་མཚན་ནོ། །ཆུ་སེར་འཛག་ཅིང་ཆུ་ཁ་སྙི། །སྨད་གྲང་སྦོ་ཞིང་རྐང་པ་གྱལ། །ནུ་ཞོ་ཚབས་སུ་གྱུར་པ་ལ། །ལྔ་པ་བདུན་པ་བསྲེག་དང་དུགས། །གཏར་བ་དག་ནི་སྦང་བར་བྱ། །བྲག་ཞུན་ཕ་བ་ལུག་མུར་བ། །གཟེ་མ་ར་སྣ་མཱུ་ལ་དང་། །སྤང་རྒྱན་སྦྲང་རྩི་ལྡེ་གུ་གཏང་། །གླང་རྔོས་ཆུ་ཟེར་རྩ་མིག་རྒྱས། །མངལ་དུ་ཁྲག་མཁར་སྨད་ལྕི་འཁྲོག །དང་ག་མི་བདེ་འགྲོ་མི་ནུས། །གདུགས་བྱ་རྩ་ཡི་བཤལ་གཏང་ངོ་། །བཤལ་རྗེས་དུགས་བྱ་ལོང་རྩ་གཏར། །ཡང་ན་འོལ་མོ་སེ་དང་ནི། །ཤ་རུ་བསྲེགས་པའི་ཐལ་བ་དང་། །རྒྱ་ཚྭ་དག་གི་ཕྱེ་མ་ནི། །ཆང་དང་སྦྱར་ལ་གཏང་བར་བྱ། །དེ་ནས་ལོང་རྩ་དག་ཀྱང་གཏར། །ཟླ་མཚན་ཆད་པས་སྟོད་དུ་དྲངས། །ནུ་མར་སྐྲངས་པས་སྐྲང་ཞིང་འབྲས། །ཚིགས་པ་བདུན་པ་ཁ་གསུམ་བསྲེག །གུར་གུམ་བདུན་པ་གཏང་བར་བྱ། །ཚ་གྲང་འདུས་པ་ཟླ་མཚན་རྩར། །ཚ་བ་ཆེ་ཞིང་རུ་ཤིང་ན། །དེ་ལ་བསིལ་གྱིས་བཅོས་པར་བྱ། །མགོ་འཁོར་སོ་ན་རྣ་བ་འུར། །ལུས་པོ་ཞིག་པ་ལྟ་བུ་ལ། །མིག་ནི་ཚག་པ་དག་དང་ནི། །སྨན་མར་དུགས་དག་བྱ་བ་སྟེ། །ཀུན་ལ་རྩ་བཤལ་མཆོག་ཏུ་འོ། །

སྤྱི་བོ་གཙུག་དང་ལྟ་ཟུར་བསྲེག །བཅུད་དག་རྟག་ཏུ་འཛག་པ་ལ། །མདངས་ཤོར་ཁ་དོག་དཀར་བ་ལ། །རྒྱ་སྤོས་དག་གི་ཐང་གཏང་སྟེ། །བཅུ་གསུམ་བཅོ་ལྔ་བསྲེག་པར་བྱ། །རྐང་པའི་ནང་ཁོལ་ཐུར་གང་དང་། །མཐེ་བོང་མཛུབ་བར་ཐུར་གང་བསྲེག །དེ་ལ་མངལ་ནད་སྲིན་བུ་ནི། །མངལ་སྲིན་མངལ་ཀྱང་ཟ་ཕྲུག་པས། །སྨད་དུ་སྐྲངས་དང་རྒྱུ་སྡོམ་དང་། །ལར་ན་རྩ་བཤལ་ལོང་རྩ་གཏར། །དུགས་དང་བསྐུ་མཉེ་བྱ་བ་འོ། །ཟ་ཞིང་ཕྲུགས་པས་སྲིན་ནད་སེལ། །གཞང་ཀ་ཕྱིར་སློག་སྐྲངས་པ་ལ། །བྱི་ཏང་ཀ་དང་སྤང་རྒྱན་རྩ། །སྒོག་སྐྱ་ཕུར་མོང་པི་པི་ལིང་། །ཁ་རུ་ཚྭ་དང་ཤིང་ཚྭ་སྒ། །མར་དུ་སྦྱར་ལ་བུ་རམ་དང་། །ཡང་ན་བྱི་ཏང་ཀ་དང་ནི། །ཕུར་མོའི་ཐལ་བ་སྒོག་སྐྱ་སྦྱར། །ཡང་ན་གཡེར་མ་དག་དང་མར། །གཏང་བས་སྲིན་ནད་ཞི་བར་བྱེད། །ཚབས་ནི་གློ་སྙིང་མཆིན་ལ་འགྲོ། །རྩ་ཡི་མཛེ་རུ་འགྲོ་བ་ཡོད། །རྒྱ་ཚྭ་དང་ནི་སྡིག་པ་དང་། །མཚལ་དང་པི་པི་ལིང་དང་ནི། །སུག་སྨེལ་པད་མའི་ཕྱེ་མ་དག །ཆང་ངམ་ཆུ་ལ་རྟ་བྱ་འོ། །

ལོག་ནོན་དོམ་མཁྲིས་ཤིང་མངར་རོ། །དུར་བྱིད་ཐར་ནུ་རེ་ལྕག་པ། །ཁ་རུ་ཚྭ་དང་ལྕེ་མྱང་ཚྭ། །པི་པི་ལིང་དང་པད་མེ་དང་། །རྡོ་སྨན་མཉམ་པར་གསུམ་པ་འོ། །བདུན་དང་ཤ་ཆེན་མཉམ་པ་འོ། །ནད་རྣམས་ཐམས་ཅད་འཁྲུ་བར་བྱེད། ཁྱད་པར་བུད་མེད་ནད་ལ་འོ། །ཐར་ནུ་རེ་ལྕག་པ་དང་ནི། །དུར་བྱིད་ཤོ་མོང་ཁྲོན་བུ་དང་། །དན་ད་རོག་པོ་དང་ག་དང་། །ལྕུམ་རྩ་སྐྱེར་པའི་བར་ཤུན་དང་། །པི་པི་ལིང་དང་ཁ་རུ་ཚྭ། །ཨ་རུ་ར་དང་སྦྱར་བས་ནི། །ཐར་ནུ་ཞོ་གཅིག་གཉིས་པོ་ཕྱེད། །ཀ་ར་དག་དང་སྦྱར་ལ་གཏང་། །རྟ་ནི་དར་བ་ཆུ་ཡིས་བྱ། །སྐྱུག་པ་ཅུང་ཞིག་བསྐོལ་ལ་གཏང་། །ནད་རྣམས་འཁྲུ་བའི་རྩ་བཤལ་ཏེ། ཁྱད་པར་མོ་ནད་དམུ་དང་ནི། །དུག་ལ་ཤིན་ཏུ་བསྔགས་པའོ། །སོ་མ་རཱ་ཛ་ལས་རྩ་སྦྱོངས་ཀྱི་ལེའུ་སྟེ་གྱ་བརྒྱད་པའོ།།  །།

 

སེང་ལྡེང་མུ་ཟི་སྤྱི་ཞུར་དུགས། །ལྕུམ་རྩ་མྱང་ཙི་སྤྲས་དང་ནི། །མཁྲིས་པ་ཅན་ལ་ཨ་རུ་ར། །ཙཎྜན་དཀར་པོ་གུ་གུལ་དང་། །སྡིག་པ་དཀར་པོ་ཁྲག་ནད་ལའོ། །ག་ཕུར་དག་དང་རྒྱ་ཚྭ་དང་། །ཀ་ར་གསུམ་ནི་འདུས་པ་ལའོ། །སྒོག་པ་ཤིང་ཀུན་འབྲས་བུ་གསུམ། །འབྲུ་བཅས་རླུང་ལ་ཕན་པ་སྟེ། །མས་ཀྱི་རྟིང་ལ་ཤེལ་ཐང་གཏང་། །ཨ་རུ་ར་དང་ལྕུམ་རྩ་ཀྱི་ལྕེ་ཧོང་ལེན་ནི། །ཨ་རུ་ར་དང་ཀ་ར་སྦྱར་བས་ཁྲག་ལའོ། །ཨ་རུ་ར་དང་དུར་བྱིད་ཀུན་ཏུ་རྒྱུག་པ་སྟེ། །འབྲས་བུ་གསུམ་གྱི་ཐང་དང་འོ་མར་སྦྱར་བ་སྟེ། །དུར་བྱིད་གུར་གུར་ཞོགས་པའི་ཆུ་དང་ཁྲག་ལ་གཏང་། །ཆ་བཞི་གདུས་པའི་ཐང་དུ་ཤིང་ཚྭ་དུག་མོ་ཉུང་། །སོ་ཆ་ཕྱེ་མ་བཏབ་པས་ཁྲག་གི་སྐྱུགས་ལ་བསྔགས། །སོ་ཆའི་ཐང་དུ་རྒྱ་ཚྭ་ཁ་རུ་ཚྭ། །དུག་མོ་ཉུང་གི་ཕྱེ་མ་གཏང་། །

རྒྱམ་ཚྭ་དུག་མོ་ཉུང་གི་ཕྱེ། །ཞོ་ག་ཆུ་དང་སྦྱར་བས་སྐྱུགས། །ནད་གཞི་འཁྲུགས་དང་སྨན་མི་འཕྲོད་པའི་ཉེས་པ་འདིས། །ལྟོ་རུ་སྣུམ་མང་བད་ཀན་བེ་སྣབས་ལ། །སྣུམ་མང་བད་ཀན་རླུང་དང་སྨན་ཐབས་སྐྱུགས། །ཟས་མ་བཀུག་པས་ལྟོ་ན་ངན་སྐྱུགས་མང་། །སྣུམ་ཡོད་པི་པི་ལིང་སོགས་བད་ཀན་སྐྱེད་སྨན་མང་། །སྐྱུགས་བྲོ་མི་ཞིམ་སྨན་མང་ཐོགས་མེད་མྱུར་དུ་སྐྱུགས། །ཉེས་པ་དེ་ཆུང་སྐྱུགས་མི་གཞུག་ཅིང་དྲོད་བྱིབས་ཏེ། །སྣ་ནས་གསུར་བདུག་ནམ་ཟླ་ཚ་དུས་སྣུམ་མང་ཞེན་པ་ལ། །ལུས་ལ་ཆུ་སེར་མང་ཡོད་རླུང་ཆེ་ཤིན་ཏུ་སྐྲངས། །མོག་མོག་པོ་ལྕི་དྲག་པ་མི་གསལ་དང་། །ཉེས་པ་དེ་སྲི་སྣ་མའི་མེ་ཏོག་ཆུ་སེར་འདྲེན་དུ་གཏང་། །སྨན་གྱི་དྲི་ཆེ་ཆུ་སྐོལ་གཏང་ཞིང་བྱུག་པ་བྱ། །

ལོང་ལ་སྲིན་ཡོད་མ་ཞུ་རྙིང་དང་རྟུག་སྐམ་མང་། །ཁྲག་རྣམ་སྐམ་པོ་སྨད་ན་ཡོད་དང་མཁྲིས་པའི་རྨེན་བུས་རྒྱུ་མ་སྐམ། །འབྲུམ་འགྱུར་སྨན་མ་ཞུ་ནས་ཡུན་རིང་སྐྱུགས། །དེ་ཡི་སྐྱོན་ནི་ཡང་ན་ནད་པ་འཆི་བའི་རྟགས། །ཉེས་པ་དེ་ལ་ནད་པ་ལ་དྲི་ཚོད་བླང་ཞིང་། །དུགས་སོགས་བྱ་ཞིང་རྣོ་འཇམ་བསྐྱར་ཞིང་གཏང་། །ནད་གསུམ་ལངས་དང་ཡང་ན་རླུང་དང་འཐབ། །འཆི་སྟེ་སྨན་རྣམས་ནུས་མེད་དབང་དུ་སྡུད། །ལྟོ་སྲ་ཐུན་ཆུང་གྲང་ནད་ཆེ་ལ་སྨན་ཐུན་ཆུང་། །ཞག་ཏུ་ལོན་ཡང་མ་བྱུང་ཉེས་པ་དེ་རྣམས་སོ། །དུགས་སྣུམ་ཆུ་སྐོལ་བཏང་བྱས་ཞགས་བསྡམས་པས། །ཚད་ཆེར་འགྱུར་ཏེ་ཐུན་བསྐྱེད་སྨན་དྲོད་གཏང་། །ལྟོ་ན་སྲིན་ཡོད་བཀུག་དང་སྣུམ་ཞན་དག་གིས་ལྡང་། །དུས་མ་ཡིན་པར་གཏང་བས་ཡན་པ་མེད་ཅིང་རྔུལ། །མདུན་རྒྱབ་རྐང་མཐིལ་དུགས་བྱས་གླང་དང་ཕོ་ལོག་འཇོམས། །

ཆུ་སྐོལ་བུ་རམ་ཆང་དང་ཚྭ་སྣ་རུས་ཁུ་གཏང་། །སྐྱུག་པ་དྲགས་ན་ལག་པ་བཀྲུས་ན་འཆད། །ཉེས་དེ་ལ་ལྕག་ནི་ཚྭ་ཁུ་བསྐྱར་ལ་གཏང་། །སྣུམ་མ་ཞན་ནམ་འཁྲུ་སྨན་དྲགས་སམ་བེ་སྣབས་འཁྲུ། །ཉེས་པ་དེ་འཁྲུ་བ་ཟུག་གཟེར་ཅན་དུ་འོང་། །བུ་རམ་བསྐུ་མཉེ་ཤ་ཆང་ཚོད་མ་ཆུ་སྐོལ་གཏང་། །རླུང་དྲགས་ལོག་དང་ལུས་གྲང་བཀྲུ་སྨན་དྲགས། །རླུང་གཉེན་སོང་བས་གཟེར་ལ་ཕོ་ལོག་བྱེད་དེ་ཉེས་པ་ཆེ། །བསྐུ་མཉེ་བྱ་ཞིང་དྲོད་ཀྱི་རླན་འཇམ་གཏང་བར་བྱ། །ཆུ་སེར་སྙིང་ལ་ཞེན་དང་དྲགས་པ་དང་། །ཉེས་པ་དེས་བྱིང་ཆོད་ནས་གཟེར་འཕྲོ་ཆད། །སྨན་མ་ཞུ་དང་བད་ཀན་ལུས་པའོ། །ཉེས་པ་དེས་ཀྱང་དང་ག་མི་བདེ་མགོ་འཐོམ་ན། །དྲོད་མ་སྙོམས་ཏེ་གྲང་བ་ལྟར་བྱེད་ན། །ཚད་ནད་མ་ཕྱིན་གཏིང་ནས་བསྐྱར་ལ་གཏང་། །རོ་སྨད་ལྕི་ཞིང་ཆམ་པས་ཐེབས་པ་འདྲ། །དེ་ཡང་ཉེས་པ་ལྷག་མ་ལུས་པ་ཡིན། །སྙིང་ལྟོ་ན་བ་དེ་བཞིན་ཉེས་པ་འོ། །

ལུས་གཡའ་ཚ་བ་ཆེ་བའི་ཉེས་པ་ནི། །རླུང་དང་ཚ་བ་འཐབས་པས་བསིལ་ལ་བསྟེན། །དྲི་མ་སྡོམ་ཞིང་འོང་བར་དཀའ་བ་ནི། །འབྲས་བུ་གསུམ་གྱི་ཐང་བཤལ་གཏང་བར་བྱ། །མགོ་འཁོར་ལུས་ལྕི་སྐྱུགས་བྲོ་དང་། །ཡང་ན་མགོ་འཁོར་ལུས་ལྕི་སྐྱིགས་བུ་འོ། །མིག་ཡང་རབ་རིབ་གློ་སྙིང་མི་བདེ་ན། །སྨན་ལྷག་ལུས་སམ་རླུང་ཤས་ཆེ་བ་འོ། །དྲི་མ་མནམ་ཞིང་སྒྲེག་ཅིང་དབུགས་མི་བདེ། །སྨན་གྱི་ལྷག་མ་ལུས་པས་སྐྱུགས་གཏང་ངོ་། །ཁྲག་ཏུ་མ་ཆོད་འཁྲུ་བ་དག་ལ་ནི། རགས་པས་ཆུ་དང་བསིལ་བའི་དུགས་བྱ་འོ། །སྐོམ་དད་ཆེ་ཞིང་དྲན་པ་མྱོས་པ་ལ། །དེ་ཡང་དྲགས་པས་འབྲས་ཐུག་གཏང་བར་བྱ། །

ལྟོ་རྐེད་མི་བཟོད་ན་ཞིང་དབུགས་མི་བདེ། །རྒྱབ་དང་རྩིབ་ལོགས་གཟེར་ཞིང་བསྐུ་བྱུག་བྱ། །མཆུ་མདོག་སྐྱ་འམ་ནག་ན་ངན། །དྲགས་ཏེ་ཚོས་ཁུས་གཅད་པར་བྱ། །ཤ་ཁོག་བཤལ་འདྲ་ཚིག་ཁུ་འདྲ་ན་ངན། །འབྲས་ཐུག་ཐ་རམས་བུ་རམ་ཡིས་ནི་བཅད། །གྲང་ན་གཞང་འབྲུམ་ལེགས་ཞུགས་རླུང་འཆོས་བྱ། །མགོ་འཁོར་མིག་ཕུགས་བྲོས་པ་དང་། །སྟོང་སྐྱུགས་ལྟོ་བ་མེད་པ་དང་། །རྐང་ལག་ཉྭ་བཞི་འབྱུང་བ་དང་། །དྲགས་པས་བཅད་ཅིང་ཉྭ་བཞི་བཅིངས། །དྲི་མ་བྱུང་བའི་དུས་ལས་ཐལ་བ་སྟེ། །དུས་སུ་མ་བྱུང་རླུང་མཁྲིས་ལྡང་པ་དང་། །འབྲས་བུ་གསུམ་གྱི་ཐང་བཤལ་གཏང་བར་བྱ། །དེ་རྗེས་ལྟོ་བ་ཡེར་གྱིས་སོང་ན་ཟས་སྐོམ་གྲང་མོའི་སྐྱོན། །ཆུ་འཆོར་བ་དང་ཁོང་ཁེངས་རུལ་སུངས་ཤོར་བས་སྐྱོན། །བཤལ་རྣམས་གཏོང་ན་སྣུམ་གཏང་སྟེ། །སྣུམ་ཅན་སྤོད་དང་བཅས་པ་འོ། །སྔོན་འགྲོ་བྱས་ལ་གཏང་བར་བྱ། །བུ་རམ་དོང་ཀ་དག་ལས་གཞི་བླངས་ཏེ། །དན་ད་དག་གིས་གཞི་བྱས་རྣོ་འཇམ་གཏང་། །ལྟོ་སྲ་ནད་གཞི་ཆེ་བ་རྣམས་ལ་ནི། །དོང་ཀ་སྔོན་བུའོ་བཤལ་གཏང་ངོ་། །བད་ཀན་དག་གིས་ལོང་པ་ལ། །ཕོ་བ་གྲང་ལ་ཧྲེམ་པ་དང་། །གདོང་དང་ལུས་ཀྱང་སྐྲངས་པ་སྟེ། །ཡི་ག་མི་བདེ་ལུས་ཀྱང་ལྕི། །དེ་ལ་དྲོད་དང་མེ་ལས་བྱ། །ཚིགས་པ་བརྒྱད་པ་བཅུ་གཉིས་པ། །བཅུ་གསུམ་ལྷེན་སྣ་ཁ་གསུམ་བསྲེག །ཤིང་ཀུན་བརྒྱད་དང་སེའུ་འབྲུ་བརྒྱད། །རྒྱམ་ཚྭ་ལྕེ་མྱང་ཚ་དང་ནི། །ཁ་རུ་ཚྭ་དང་ཙབས་རུ་ཚྭ། །རྒྱ་ཚ་སྦྲང་རྩི་ལྔ་སྦྱོར་བཏང་། །ལུག་ཤ་ཆང་འཇམ་གཏང་བར་བྱ། །མཁྲིས་པ་དག་གིས་ལོག་པ་ན། །མིག་དང་ལྕེ་དང་ལུས་དག་སྟེ། །ལྕེ་སྐམ་ལུས་པོ་ཚ་བ་དང་། །ག་པུར་ལ་སོགས་ཕྱེ་མ་གཏང་། །

ད་ལིས་བདུན་པའི་ཕྱེ་མ་གཏང་། །ཆུ་དུགས་བསིལ་བའི་ཟས་བསྟེན་ནོ། །གལ་ཏེ་རླུང་གིས་ལོག་གྱུར་ན། །ཏོང་རུས་ཚིགས་པ་དྲུག་བདུན་བསྲེག །སྤྱི་གཙུག་རྐང་མཐིལ་བསྐུ་མཉེ་བྱ། །ཤིང་ཀུན་བུ་རམ་རྙིང་པ་གཏང་། ཁོང་སྦོས་བྱ་རྨྱང་རིང་ཐུང་ལྟ། །ཟུག་ཅིང་འུར་འུར་ཟེར་བ་རླུང་། །ཚྭ་དང་སུག་སྨེལ་པི་པི་ལིང་། །སྒ་དང་བུ་རམ་ཕྱེ་མ་གཏང་། །ཉམས་ཤེད་ཆུང་ཞིང་ལུས་ཚ་བ། །ཉལ་ཉལ་བྱེད་དང་རྒྱུ་མ་གཏུབ་པ་འདྲ། །རྩ་དྲགས་དབུགས་རྒོད་མིག་དམར་སྒོམ་དད་ཆེ། །སོ་ལ་དྲེག་ཆགས་ལུས་པོ་ཟུག་མི་ཐུབ། །ལྕེ་སྐམ་འཁྲུ་བ་མི་ཆོད་ལག་ཕྱིར་དོན། །ཆུ་མདའ་བརྡེག་དང་དེ་ལ་ཆུ་དུགས་བྱ། །འབྲི་རྟ་ཙཎྜན་དཀར་པོ་སྐྱུ་རུའི་ཐང་། །འབྲས་ཐུག་ར་ཞོ་གུ་གུལ་ཕྱེ་མ་གཏང་། །ཚད་པ་ཆོགས་ནས་ཆང་ནི་གཏང་བར་བྱ། །

བད་ཀན་ཆེ་དང་རྣོ་སྨན་ཆེས་པ་དང་། །སྦྲང་རྩི་འཐུངས་ན་སྐྱུགས་པར་འགྱུར་བ་སྟེ། །སྣུམ་འཆོས་དུགས་ནི་མ་བྱས་པར། །སྨན་བཏང་ནད་སློང་མི་ཚུགས་སྐྱོན། །མགོ་འཁོར་སྐྲན་དང་སྐྱིགས་བུ་དང་། །མུན་པར་འཐོམ་ཞིང་སྐོམ་དད་ཆེ། །བྱིན་སྙིང་ན་ཞིང་ཞིང་ལུས་ཀྱང་ལྕི། །གློ་ནད་ཁ་དོག་མི་སྡུག་པ། །དེས་ན་སྐམ་པོ་འགུགས་པའི་ཤིང་། །ནད་རྣམས་བསྐྱེད་པར་བྱེད་པ་ཡིན། །སྨན་ཐུན་ཆུང་བ་དེ་ཞུ་བས། །ནད་རྣམས་སློང་བས་མགོ་བོ་འཁོར། །དེ་ལ་བསྐུ་མཉེ་དུགས་དང་ནི་རུ་ཧ། །སོ་ཆ་ལ་སོགས་སྐྱུགས་དང་འཇམ་རྩི་གཏང་། །དེས་ན་དར་གྱི་སྒྱེ་བཞིན་དུ། །སྐྱེད་སྐྱུང་ཚོད་དང་སྦྱར་ལ་བྱ། །ནད་གཞི་ཆེ་ལ་མེ་དྲོད་ཉམས། ཁོང་རྩུབ་སྨན་ནི་ཐུན་ཆུང་སྟེ། །རྟུག་སྐམ་བཅས་པས་གློ་བ་དང་། །ནད་འཁྲུ་བ་ཡི་ལམ་འགགས་དང་། །རྒྱབ་དང་རྩིབ་ལོགས་མགོ་བོ་འཁོར། །ཕྱི་ས་གཅིག་དང་དབུགས་མི་བདེ། །དུགས་དང་རེང་བུ་འཇམ་རྩིས་སེལ། །སྨན་འཐུང་གྱེན་འབྱུང་བརྣངས་ཤིང་འགགས། །རླུང་སོགས་འཁྲུགས་དང་སྙིང་མི་བདེ། །སྐྱིགས་བུ་རྩིབ་ལོགས་ན་བ་དང་། །ལུས་མྱོས་མིག་འགུལ་ཆུ་འོང་དང་། །ལྕེ་སྒམ་སོ་འཆའ་སྙིང་མི་དགའ། །དེས་ནི་ནད་གཞི་འཁྲུགས་པ་སྟེ། །མཁྲིས་པ་ལ་ནི་མངར་བ་སྟེ། །བད་ཀན་ཅན་ལ་ཁ་བའི་སྐྱུགས། །སྐྱུགས་དྲགས་ལྕེ་ནི་ཕྱིར་བྱུང་ན། །སྡུད་མ་ཤེས་ན་བཅུད་གཏང་ངོ་། །

སྨན་དྲགས་དྲག་པོར་འཁྲུ་བ་ལ། །ཁྲག་ཏུ་འཁྲུ་བ་ནད་དང་བཅུད། །བཅུད་འཁྲུ་ནད་པ་འཆི་བ་ཡིན། །ཁྲག་དེ་ཁྱི་ལ་བྱིན་ནས་ཟུངས། །མི་བལྡག་དེ་ནི་ནད་ཡིན་ནོ། །ལུས་བྱུག་ཆུ་དྲོན་དག་ན་ཟུངས། །མི་དག་དེ་ནི་ནད་ཡིན་ནོ། །དེ་བཞིན་བརྒྱལ་དང་སྐམ་པ་དང་། །མྱགས་པ་དག་ནི་བྱུང་བ་ན། །ཀ་ར་སྦྲང་རྩི་རྒུན་ཆུ་དང་། །ཆུ་ལྕག་ཆུ་མདའ་བརྒྱབ་པར་བྱ། །རི་དྭགས་བ་ལང་མ་ཧེའི་ཁྲག །སྐྱུ་རུའི་ཐང་དང་འབྲས་ཐུག་དང་། །དུར་བྱིད་ཤིང་མངར་དུར་བ་དང་། །པུ་ཙེ་ཤེལ་ནི་འོ་མར་སྦྱར། །སྨན་མར་སྦུབས་ནས་འཇམ་རྩི་གཏང་། །དྲགས་ཏེ་གཞང་ནི་ཕྱིར་ལུག་ན། །དྲོད་སྨན་མར་བཙོས་ཕྱིང་པ་གཞུག །འཕོངས་སུ་རྩལ་ལ་རྡོ་དུགས་བྱ། །བྱེའུ་གླད་འདྲ་བ་རླུང་ཡིན་ཏེ། །མ་ཆད་འཆི་བ་དག་ཏུ་འགྱུར། །རྣ་བའི་ནང་གི་ཆུ་བཞིན་དུ། །ནད་རྣམས་བཤལ་གྱིས་འདོད་པར་བྱ། །རྣ་བའི་ནང་གི་ཆུ་བཞིན་དུ། །ནད་རྣམས་བཤལ་གྱིས་འདོན་པར་བྱ། །སྣུམ་འཆོས་དུགས་ནི་མ་བྱས་ན། །ལྟོ་ལྕི་སྨན་རྣམས་གྲང་བས་ན། །ཕྱི་ས་འགག་ཅིང་གཅིན་སྲི་དང་། །ལྟེ་བ་ཆུ་སོ་ན་བ་དང་། །དེ་ལ་བིལ་བ་དུར་བྱིད་དང་། །ཐང་ཤིང་བ་ཡི་གཅིན་གཏང་ངོ་། །ཡང་ན་བསེ་གླང་ནག་པོ་གསུམ། །ལྔའམ་བདུན་དགུའི་ཕྱེ་མ་དག །མར་ནག་དག་དང་འཇམ་རྩི་གཏང་། །སོ་མ་རཱ་ཛ་ལས་ལས་རྣམ་ལྔའི་ལོག་ནོན་བསྟན་པའི་ལེའུ་སྟེ་གྱ་དགུ་པའོ།།  །།

 

དེ་ནས་སྨན་མར་བསྟེན་པ་ནི། །དུ་བ་ཁ་ཡི་ལ་དུ་དུ། །ཐ་སྐར་དག་ལ་གསུངས་པ་ནི། །འབྲས་བུ་གསུམ་དང་ཤ་རི་གཉིས། །པར་ནི་རྣམ་པ་གཉིས་དག་དང་། །དེ་བ་ད་རུ་བྱི་ཤ་ལག །བྲི་ཧ་ཏི་དང་སུག་སྨེལ་དང་། །པྲི་ཡང་ཀུ་དང་འབུ་སུག་ཧང་། །རུ་རྟ་ཙཎྜན་བ་ལེ་ཀ །བལ་བུ་དང་ནི་སྣ་མ་ཡི། །མེ་ཏོག་ཨུཏྤལ་སྔོན་པོ་དང་། །པདྨ་ནཱ་ག་གེ་སར་དང་། །ཧེ་རུན་བུ་དང་ཏིང་མུ་ལ། །བཙོད་དང་ཡུང་བ་སྐྱེར་པའི་རྩ་། །བྱི་ཏང་ཀ་དང་སེའུ་འབྲུ་དང་། །གཟེ་མ་རྩི་མར་བཟང་པོ་དང་། །སྦྱར་བས་ཤ་སྐེམ་རླུང་རིམས་དང་། །འདུས་པ་ལས་གྱུར་རིམས་ལ་ཕན། །མགོ་འཁོར་སྙིང་མི་དྲན་པ་དང་། །སྤྲོ་ཐུང་བླ་ཅོལ་སྨྲ་བ་དང་། །གློ་ལུ་ཟུག་ཅིང་ན་བ་དང་། །འབྲས་དང་མཛེས་དང་ཤུ་བ་དང་། །ཆུ་ཡི་ནད་དང་ད་རྒན་དང་། །སྐྱིགས་བུ་དག་དང་མིག་སེར་དང་། །སྐྲན་དང་དྲག་དང་སྐྲངས་ནད་དང་། །དུག་ནད་ཀུན་ལ་དེས་བཤད་དོ། །བི་ནུ་ཀ་ལྷ་ཁྱབ་འཇུག་གིས། །གཡག་རྒོད་རྐྱང་དང་སྤྱང་ཀིའི་ཤ །མངར་བ་སྐྱུག་པ་བཤུལ་བ་འོ། །ཏོང་ཏོང་སྣ་ཚོགས་དག་དང་ནི། །གོ་བོ་གོང་མོའི་བྲུན་དང་ནི། །ཚ་བ་བསྐ་བ་ལན་ཚྭའི་རོ། །

ཏོང་ཏོང་སྣ་ཚོགས་བཏབ་སྟེ་བཙོ། །རྩི་མར་དག་དང་སྦྱར་བའི་མར། །གྲང་སྐྲན་རྒྱས་དང་མེ་དྲོད་ཤོར། །འོར་དང་གྲང་བའི་དམུ་ནད་སེལ། །བྷྲཾ་ཧ་དྷེ་བུ་བྷི་ཏ་དང་། །ཚངས་པ་ཆེན་པོས་གསུངས་པ་འོ། །ཀནྚ་ཀཱ་རི་སླེ་ཏྲེས་དང་། །བ་རུ་ར་དང་སྐྱུ་རུ་ར། །པི་པི་ལིང་དང་ཙི་ཏྲ་ཀ ། ཤུ་དག་ཡུང་བ་རུ་རྟ་དང་། །པ་ཏོ་ལ་དང་སྐྱེར་སུག་སྨེལ། །པུ་ཙེ་ཤེལ་དང་བཙོད་ཤིང་མངར། །སྤང་སྤོས་གླ་སྒང་རྒུན་འབྲུམ་དང་། །ཆུ་བྲེ་དྲུག་དང་འོ་བྲེ་དོ། །མར་སྲང་བཅོ་ལྔ་བསྐོལ་བས་ནི། །རྗེད་ངས་དྲན་པ་ཉམས་པ་དང་། །ལུས་སྟོབས་ལུས་ཟུངས་ཟད་པ་དང་། །བློ་ལྡན་ཐོས་མང་འཛིན་པ་དང་། །རོ་ཙ་ལུས་ཀྱི་མདོག་བཟང་དང་། །སྐྱེས་པའི་ས་བོན་ལྡང་བ་དང་། །བུད་མེད་མངལ་ནི་འཛིན་པར་འགྱུར། །མ་ཧེ་ཤ་དང་ཧྲེ་ཏ་དང་། །ལྷ་ནི་ཁྱབ་འཇུག་ཆེན་པོས་གསུངས། །ཙཎྜན་དཀར་པོ་བྱི་ཏང་ཀ །པྲི་ཡང་ཀུ་དང་བ་ལུ་དང་། །ཀནྚ་ཀཱརི་སླེ་ཏྲེས་དང་། །རུ་རྟ་བཙོད་དང་སུག་སྨེལ་དང་། །རྒྱ་སྤོས་སེའུ་འབྲུ་དག་དང་ནི། །ནཱ་ག་གེ་སར་པད་གེ་སར། །ཨུཏྤལ་སྣ་མའི་མེ་ཏོག་དང་། །ཡུང་བ་སྐྱེར་པའི་རྩ་བ་རྣམས། །ཆ་སྙོམས་ཆུ་ཁལ་ཕྱེད་དུ་གདུས། །སྲན་མ་མོན་སྲན་ཁྲེའུ་དང་། །མེ་ཏང་བུང་ཚང་རྡོ་དང་ནི། །ར་མཉེ་ཆ་སྙོམས་སྤོད་དུ་བཏབ། །གཏང་བས་ལུས་ཀྱི་སྟོབས་ལྡན་ཞིང་། །དྲན་དང་ལྡན་ཞིང་ཡིད་གཞུང་ལ། །ས་བོན་མང་དང་མངལ་འཛིན་ལ། །རླུང་ནད་གཞོག་ཕྱེད་སྐེམ་པ་དང་། རིམས་ནད་ཀུན་དང་ལུས་ཟུངས་ཟད། །ཕོལ་དང་ཀླད་ནད་སེལ་བར་བྱེད། །

བ་འུན་འབྲི་རྟ་རྒྱུན་ཤེས་ཀྱིས། །སེང་ལྡེང་གསོ་མ་ར་ཙ་དང་། །ཐ་ཀར་རྡོ་རྗེ་གུ་གུལ་དང་། །ཐང་ཤིང་ལྕེ་པོག་དཀར་པོ་དང་། །གླ་སྒང་བཙོད་དང་སྐྱེར་པའི་རྩ། །ཆུ་ཁལ་ཕྱེད་དུ་གདུས་བྱས་ལ། །མར་སྲང་བཅུ་དྲུག་སྦྲང་རྩིར་སྦྱར། །ཤུ་འབྲས་མཛེ་དང་ཕོལ་མིག་སེལ། །རྒས་སྲ་ཆུ་སེར་ཞི་བར་བྱེད། །གུན་དེ་བ་ཨ་ཀར་ཏྲི་ཏ། །ལྷ་ཡི་ཡོན་ཏན་ཐང་གནས་ཀྱིས། །བཤད་པ་སེ་བ་རི་ཡི་ཆུས། །ཟངས་ལ་བླུགས་ཏེ་ལྕི་བས་བསྲེགས། །འབྲས་བུ་གསུམ་གྱི་ཐང་དག་དང་། །བཙོད་དང་ཡུང་བ་སྐྱེར་པ་ཡི། །ཆུ་ཁལ་ཕྱེད་དུ་གདུས་པ་ཡི། །བ་མར་ར་ཡི་མར་སྲང་ནི། །བཅོ་ལྔ་སྦྱར་བ་གཏང་བྱས་ན། །དམུ་དང་འོར་དང་ཕོལ་དང་ནི། །མཛེ་ནད་ཐམས་ཅད་འཇོམས་པའོ། །མ་ཧཱ་ངྷེ་གྷུ་གྷ་གྷི་ཧ། །དྲང་སྲོང་ཐང་གནས་ཀྱིས་བཤད་པ། །གན་ངྷཔ་ཏྲ་ཤིང་ཚྭ་དང་། །སུག་སླེལ་ནཱ་ག་གེ་སར་དང་། །གཟེ་མ་ར་མཉེ་ཉེ་ཤིང་དང་། །ཕ་ལ་ཤིང་འཁྲོག་བུང་ཚང་རྡོ། །མེ་ཏ་ཧ་མ་ཧ་མེ་ཏ་དང་། །དབྱི་མོང་སྤང་སྤོས་རུ་རྟ་དང་། །པིང་པིང་ལིང་དང་ན་ལེ་ཤམ། །མཁལ་མ་ཞོ་ཤ་ཟླ་གོར་དང་། །སྙིང་ཞོ་ཁ་སྲན་བྲེ་བོ་ཡི། །དེ་རྣམས་ཆུ་ནི་ཁལ་ཕྱེད་དུ། །རུས་རྙིང་ཁུ་བ་དག་ཏུ་གདུ། །མར་སྲང་བཅུ་དགུ་དག་དང་སྦྱར། །གཞོགས་སྐམ་ལུས་པོ་སྐམ་པ་དང་། །དགུར་དང་ཚིགས་པ་བྱུང་བ་དང་། །ཆུ་བ་འཁུམས་དང་རླིག་པ་རླུགས། །མདོག་བཟང་སྐྲ་དཀར་མེད་པ་དང་། །དར་བབས་ལུས་སུ་བསྟན་པ་འོ། །

ཨག་ནེ་ཨད་མ་གི་ཏ་དང་། །མེ་ཡིས་བདག་གིས་བཤད་པ་ནི། །གཟེ་མ་ཀཎྚ་ཀཱ་རི་དང་། །ར་མཉེ་བ་དང་ཉེ་ཤིང་བ། །མེ་ཏ་ཨ་རུ་ར་དག་དང་། །ཁ་སྲན་བྲེ་གང་ཆུ་ཁལ་ཕྱེ། །གདུས་པའི་ཁུ་བ་མར་དག་ནི། །སྲང་ནི་བཅུ་གསུམ་དག་ཏུ་སྦྱར། །ས་བོན་མི་འོང་མངལ་འཛག་དང་། །དྲན་པ་ཉམས་དང་བརྗེད་ངས་དང་། །གློ་ན་དབུགས་རྒོད་ལུ་བ་དང་། །སྐད་འགགས་གཞོགས་ནད་སེལ་བར་བྱེད། །ཨ་ན་ག་ལི་གྷི་ཧ་དང་། །ནག་པོ་བུ་ཡི་བཤད་པ་ཡི། །ཙཎྜན་དཀར་དམར་དག་དང་ནི། །སླེ་ཏྲེས་ཀཎྚ་ཀཱ་རི་དང་། །གླ་སྒང་དུག་མོ་ཉུང་དང་ནི། །ཟངས་རྩི་བ་དང་ཀྱི་ལྕེ་བ། །པུ་ཙེ་ཤེལ་དང་སྤང་སྤོས་དང་། །ཤུག་པ་སྐྱེར་པའི་བར་ཤུན་དང་། །སྐྱུ་རུ་ར་དང་བིལ་བ་རྣམས། །ཆུ་བྲེ་བརྒྱད་དུ་གདུས་པ་ཡི། །ཙཎྜན་ལི་ཤི་གུར་གུམ་རྣམས། །མར་སྲང་བཅུ་གསུམ་སྦྲང་རྩི་མར། །རིམས་ནད་དང་ནི་སྙིང་ནད་དང་། །གློ་ནད་མཆིན་པའི་ཚད་པ་དང་། །སྨྱོ་འབོག་བླ་ཅོལ་སྨྲ་བ་དང་། །རླུང་ནད་སྟོད་ཞུགས་བརྒྱལ་ནད་དང་། །ཚིགས་གཞི་སྐྲངས་དང་ཚད་པ་སེལ། །

ར་མཉེ་བ་དང་སེང་ལྡེང་དང་། །ཏིག་ཏ་བསྐོལ་བའི་མར་དག་ཏུ། །ཐ་ཀར་རྡོ་རྗེ་ནིམ་པ་དང་། །གསོ་མ་ར་ཙ་པ་ཏོ་ལ། །གུ་གུལ་དེ་བ་ད་རུ་དང་། །ཨ་རུ་ར་ཡི་ཕྱེ་མ་དག ཁ་སྤོད་དག་ཏུ་གདབ་པར་བྱ། །སྦྲང་རྩི་སྦྱར་བ་གཏང་བས་ནི། །རྣག་མ་ཆོད་དང་ཆཱུ་སེར་དང་། །ལྤགས་ནད་མཛེ་ནད་ཞི་བར་བྱེད། །ཏེ་ཤ་བ་ཡི་རྩ་བ་དང་། །ལོ་འདབ་འབྲས་བུར་བཅས་པ་དང་། །སྐྱེར་པ་ཏིག་ཏ་སེང་ལྡེང་རྣམས། །མར་དུ་སྦྱར་བ་དག་དང་ནི། །ཐ་ཀར་རྡོ་རྗེ་ནིམ་པ་དང་། །གསོ་མ་ར་ཙ་པ་ཏོ་ལ། །ཁ་སྤོད་སྦྲང་རྩི་སྦྱར་བས་ནི། །བས་ལྡག་ཤུ་བ་གཡན་པ་དང་། །ཕོལ་དང་དམུ་ཆུའི་ནད་རྣམས་སེལ། །ཨ་ཤྭ་གན་ངྷ་མར་དཀར་ནི། ཁྱད་པར་སྲིན་བུ་དཀར་ནག་སྟེ། །ཁྱད་པར་ཆུ་བྲེ་བརྒྱད་དུ་གདུས། །བ་ཡི་མར་སྲང་བཅུ་གསུམ་དང་། །སྦྲང་རྩི་ཚ་བ་གསུམ་པོ་དང་། །རྒྱ་ཚྭ་ཁ་རུ་ཚྭ་དག་དང་། །སྟོད་ནད་ཤ་སྐམ་སྐྱེ་བར་འགྱུར། །བ་སྤྲུ་རྩ་བ་སྲང་བརྒྱད་དང་། །ཆུ་ཁལ་ཕྱེད་དུ་གདུས་པ་དང་། །པི་པི་ལིང་ནི་སྲང་བཞི་དང་། །མར་སྲང་བཅོ་བརྒྱད་སྦྱར་བ་ཡིས། །ལུད་པ་ལུ་དང་དབུགས་མི་བདེ། །སྐྱེས་པའི་ས་བོན་འཕེལ་བ་དང་། །བུད་མེད་དག་ནི་སྲིད་ཆགས་སོ། །

སྐྱིགས་བུ་སྡོད་ཀྱི་ནད་རྣམས་སེལ། །རླུང་དང་ཁྲག་ནད་ཞི་བར་བྱེད། །ཏིག་ཏ་འབྲས་བུ་གསུམ་དག་དང་། །པུ་ཙེ་ཤེལ་ནི་བསྐོལ་བ་དང་། །པ་ཏ་ནིམ་པ་གླ་སྒང་དང་། །ཀྱི་ལྕེ་བ་དང་སླེ་ཏྲེས་དང་། །དུག་མོ་ཉུང་དང་པ་ཏོ་ལ། །བོང་ང་ཡུང་བ་ཁ་སྤོད་དུ། །སྦྲང་རྩི་དག་དང་སྦྱར་བ་ནི། །མཁྲིས་པའི་ནད་དང་འབྲས་དང་ནི། །མཛེ་དང་འབྲུམ་བུ་ཞི་བར་བྱེད། །འབྲས་བུ་གསུམ་དང་ཏིག་ཏ་དང་། །གླ་སྒང་ཀྱི་སླེ་ཏྲེས་དང་། །ཉེ་ཤིང་རྩ་བ་དག་དང་ཡང་། །ཆུ་བྲེ་དྲུག་ཏུ་གདུས་པའི་མར། །ནིམ་པ་པི་པི་ལིང་དང་ནི། །ཤུ་དག་བྱི་ཤ་ལག་གི་ཕྱེ། །སྤོད་དུ་བཏབ་སྟེ་སྦྲང་རྩིར་སྦྱར། །འབྲས་དང་སྙིང་ཚད་སྨྱོ་བ་དང་། །མཁྲིས་པ་དག་ནི་རྒྱས་པ་དང་། །སྐྱ་རྦ་མཛེ་དང་ཁྲག་ནད་སེལ། །དུག་མོ་ཉུང་དང་ཏིག་ཏ་དང་། །འབྲས་བུ་གསུམ་དང་པུ་ཙེ་ཤེལ། །སྐྱེར་པའི་བར་ཤུན་གདུས་པའི་མར། །གླ་སྒང་ཤིང་མངར་པ་ཏོ་ལ། །དུག་མོ་ཉུང་གི་ཕྱེ་དག་གདབ། །སྦྲང་རྩི་དག་དང་སྦྱར་བ་ནི། །ཁྲག་མཁྲིས་འཐབས་དང་ཚད་རོ་དང་། །རབ་རིབ་མིག་གི་ནད་རྣམས་སེལ། ཁྱད་པར་མཁྲིས་པའི་ནད་ལ་འོ། །

ཏིག་ཏ་འབྲས་བུ་གསུམ་དང་ནི། །པུ་ཚེ་ཤེལ་དང་བྱི་ཚེར་བ། །སྒྲོན་ཤིང་གདུས་པའི་མར་དང་ནི། །པིང་པིང་ལིང་དང་དུག་མོ་ཉུང་། །པ་ཏོ་ལ་དང་གསེར་མེ་ཏོག །ཙཎྜན་གླ་སྒང་སྤོད་དུ་སྟེ། །སྦྲང་རྩི་དང་སྦྱར་ཕན་ཡོན་ནི། །རིམས་དང་མཁྲིས་པ་རྒྱས་པ་དང་། །ཁྲག་ལུད་སྐྱ་རྦབ་གཞུང་འབྲུམ་སེལ། །སེང་ལྡེང་གདུས་པ་དག་དང་ནི། །མར་དུ་གསོ་མ་ར་ཙ་དང་། །པ་ཏོ་ལ་དང་ནིམ་པ་དང་། །ཐ་ཀར་རྡོ་རྗེའི་ཕྱེ་མ་གདབ། །སྦྲང་རྩི་དག་དང་སྦྱར་བ་ནི། །ནད་རྣམས་མ་ལུས་ཞི་བར་བྱེད། །རྒྱམ་ཚྭ་དག་ཀྱང་གཏང་བར་བྱ། །བ་སྤྲུ་བ་ཡི་རྩ་བ་དང་། །རྩི་མར་སྦྲང་རྩི་སྦྱར་བ་ཡིས། །ལུས་པོ་སྦྲུལ་བཞིན་བརྗེ་བར་འགྱུར། །ཁ་རུ་ཚྭ་ནི་ཁ་སྤོད་དུ། །སྲོ་ལོ་གདུས་པའི་ཁུ་བ་དང་། །བ་མར་སྦྲང་རྩི་སྦྱར་བ་ནི། །གློ་ཡི་ནད་ལ་རྡོ་རྗེ་བཞིན། །སེ་རྒོད་མ་ཡི་བར་ཤུན་གདུས། །མར་དང་བུ་རམ་སྦྱར་བ་ཡིས། །སྤོད་དུ་ཁ་རུ་ཚྭ་བཏབ་ན། །དུག་རོ་ཀུན་ལས་ཐར་བ་འོ། །

སྲོ་ལོ་གདུས་པའི་ནང་དུ་ནི། །ཅི་གང་ཛཱ་ཏི་སྟར་བུ་དང་། །ལྕགས་ཕྱེ་ཕུར་མོང་མྱུ་གུ་དང་། །སྦྲང་རྩི་དག་དང་སྦྱར་བ་ཡིས། །གློ་ཡི་ནད་རྣམས་སེལ་བར་བྱེད། །སེང་ལྡེང་གདུས་པའི་མར་ནང་དུ། །ཅུ་གང་གུར་གུམ་བྲག་ཞུན་དང་། །བ་ཤ་ཀ་ཡི་ཕྱེ་མ་གདབ། །སྦྲང་རྩི་སྦྱར་བས་མཆིན་ནད་སེལ། །ལོ་མ་དག་དང་སྡོང་བུ་དང་། །རྩ་བ་མེ་ཏོག་འབྲས་བུ་ནི། །མེ་ཏོག་ཐམས་ཅད་ཡང་བ་སྟེ། །རྩ་བ་འབྲས་བུ་ལྕི་བ་སྟེ། །ལོ་མ་ཤུན་པ་ཐུན་མོང་ངོ་། །སྡོང་བུ་དག་ལ་ཡོད་པ་ནི། །ཙཎྜན་ས་ར་ག་དང་ནི། །པི་ཤ་ར་དང་ཁ་ཙི་ཏ། །དེ་དག་ཐང་ཆུ་བབ་པ་སྟེ། །གདུས་ནས་ནུས་པ་མཉམ་པ་འོ། །སྒེག་པ་དག་དང་སེང་ལྡེང་དང་། །ཆུ་ནང་གདུས་པ་དག་གི་མར། །རྒྱམ་ཚྭ་ཁ་རུ་ཚྭ་དང་ནི། །ལྕེ་མྱང་ཚྭ་དང་ལན་ཚྭར་བཅས། །དབྱི་མོང་པི་པི་ལིང་སྦྱར་ཏེ། །སྦྲང་རྩི་དག་དང་སྦྱར་བ་ནི། །ད་རྒན་དམུ་རྫིངས་རླུང་ནད་སེལ། །

སྒོག་པ་དག་ནི་སྲང་བརྒྱད་དང་། །རུས་རྙིང་ཆུ་ཁལ་ཕྱེད་དུ་གདུས། །ཨ་རུ་ར་དང་བུ་རམ་དང་། །སྦྱར་བས་སྐྲ་དཀར་གཉེར་མ་ཞི། །ཚེ་རིང་ནད་མེད་མཛེས་པ་དང་། །བཞིན་ཡང་པདྨའི་ཁ་དོག་འདྲ། །ལྐུགས་དང་སོ་འཐམས་རླུང་ནད་སེལ། །སྒེའུ་དག་གི་བཅུད་ལེན་ནི། །ལོ་མ་འདབ་མ་གདུ་བར་བྱ། །བ་ར་ལོ་ཤ་པ་ཏོ་ལ། །ནིམ་པ་ཐ་ཀར་རྡོ་རྗེ་དང་། །ནིམ་པའི་ཕྱེ་མ་ཁ་སྤོད་གཏབ། །ཆུ་སེར་ནད་ནི་ཀུན་ལ་ཕན། །ནད་རྣམས་ལ་ཡང་ཕན་པར་འགྱུར། །ཆབ་ལ་རྩ་བ་ལོ་འདབ་བཅས། །ཆུ་ནི་ཞོ་གཅིག་གདུས་པའི་མར། །ཁ་སྤོད་བཞི་པོ་གདབ་པར་བྱ། །རྒྱུ་ནད་འོར་ནད་ལྤགས་ནད་དང་། །ཕོལ་དང་ཤ་བཀྲ་ཆུ་སེར་སྐེམ། །རོ་ལྡང་ཆུ་ཁལ་ཕྱེད་དུ་བསྐོལ། །མར་དང་ཁ་སྤོད་བཞི་པོ་དང་། །སྦྲང་རྩི་དག་དང་སྦྱང་བ་ནི། །ཆུ་སེར་ནད་རྣམས་འཇོམས་པར་བྱེད། །རྒྱ་ཤུག་སྤ་མའི་འབྲུ་གུ་དང་། །འབྲས་བུ་གསུམ་དང་གདུས་པའི་མར། །ཚ་བ་གསུམ་དང་ཙི་ཧྲ་ཀ །དབྱི་མོང་གོ་སྙོད་ལ་ལ་ཕུད། །རྒྱམ་ཚྭ་དག་གི་ཁ་སྤོད་གདབ། །

ཟུག་གཟེར་རྟུག་སྐམ་སྐྲན་དང་ནི། །རྒྱུ་ཞབས་མཁལ་རྐེད་ན་བ་དང་། །གློ་རྙིང་རྩིབ་ལོགས་གཟེར་བ་དང་། །དྲོད་ཆུང་ཟས་མི་འཇུ་བ་སེལ། །འབྲས་བུ་གསུམ་དང་བཙོད་དང་ནི། །ཙནྡན་རྒུན་འབྲུམ་རྣམས་ཀྱི་མར། །ཁྲག་དང་མཁྲིས་པ་ལས་གྱུར་དང་། །བད་ཀན་འདུས་པའི་ནད་དག་དང་། །རབ་རིབ་མིག་སྤྲིན་གཡོགས་པ་དང་། །གཞང་འབྲུམ་སྣ་ཤུ་ལ་སོགས་སེལ། །ཤུ་དག་བྱི་ཏང་ཀ་དང་ནི། །ཙི་ཏྲ་ཀ་དང་པུ་ཙེ་ཤེལ། །ཨ་རུ་ར་དང་ཚ་བ་གསུམ། །གདུས་པའི་སྟེང་དུ་ཁ་རུ་ཚྭ། །ཡ་བཀྵར་ཁ་སྤོད་དུ། །བུ་རམ་སྦྱར་བས་རླུང་སྐྲན་དང་། །མཆེར་ནད་སྐྱིགས་བུ་དག་དང་ནི། །མཆིན་ནད་མཁལ་ནད་དབུགས་མི་བདེ། །སྲིད་ནད་ཐམས་ཅད་སེལ་བར་བྱེད། །དོང་ཀ་སེའུ་འབྲུ་ཙེ་ཏྲ་ཀ །ཡ་བཀྵ་དང་པི་པི་ལིང་། །མར་དང་བུ་རམ་སྦྱར་བ་ཡིས། །རླུང་ནད་སྐྲན་དང་གཞང་འབྲུམ་དང་། །ཕོ་བའི་མེ་དྲོད་སྐྱེད་པར་བྱེད། །མཱུ་ལ་པི་པི་ལིང་དང་ནི། །སྒ་དང་དབྱི་མོང་དག་དང་ནི། །ཡ་བཀྵ་ར་སྦྱར་བའི་མར། །བད་ཀན་སྐྲན་དང་སྐྱ་རྦབ་དང་། །ལུ་དང་དབུགས་མི་བདེ་བ་དང་། །མཆེར་པ་སྦོ་དང་འཁྲུ་བ་དང་། །རྟུག་སྐམ་ཐམས་ཅད་སེལ་བར་བྱེད། །

སེའུ་འབྲུ་ཤིང་ཀུན་ལ་ལ་ཕུད། །ཚ་བ་གསུམ་དང་ཙི་ཏྲ་ཀ །གོ་སྙོད་ཡ་བཀྵར་དང་། །ཤུ་དག་སུག་སྨེལ་དག་གི་མར། །ཕོ་བ་མེ་དྲོད་རླུང་སྐྲན་དང་། །ཕོ་བ་གཟེར་ཟུག་སྐྲན་དང་ནི། །མཁལ་སྐེད་མཆིན་པའི་ནད་དང་ནི། །རླུང་ནད་གྲང་བ་ཀུན་ལ་ཕན། །རུ་རྟ་དོང་ཀ་གཟེ་མ་དང་། །པི་པི་ལིང་དང་ཨ་རུ་ར། །གདུས་པའི་ནང་དུ་ཁ་རུ་ཚྭ། །རྒྱམ་ཚྭ་དག་ཀྱང་བཏབ་ལ་གཏང་། །རུ་ཤིང་ལྷུ་ཚིགས་འཁུམས་པ་དང་། །གློ་སྙིང་མཁལ་རྐེད་ནད་རྣམས་སེལ། །གཟེ་མ་ཨ་རུ་ར་བསྐོལ་མར། །རྒྱམ་ཚྭ་ཁ་རུ་ཚྭ་བཏབ་སྟེ། །མགོ་ལུས་འདར་དང་ད་རྒན་དང་། །རླུང་དང་མཛེ་ནད་དྲན་ཉམས་སེལ། །ཏིག་ཏ་ཀནྡ་ཀཱ་རི་དང་། །སླེ་ཏྲེས་ཆུ་ནང་བསྐོལ་ནས་ནི། །ཟི་ར་བ་ཤ་ཀ་དང་ནི། །ཡ་བཀྵ་ར་ཁ་སྤོད་དུ། །བཏབ་པའི་སྨན་མར་འདི་དག་ནི། །རིམས་དང་ལུས་པོ་ཚ་བ་དང་། །ཚད་པའི་ནད་རྣམས་སེལ་བར་བྱེད། །མ་ནུ་ར་སྣ་ཟི་ར་དང་། །ཨ་རུ་ར་དང་པི་པི་ལིང་། །འཁུམས་དང་ཚིགས་ནད་རྐེད་ནད་དང་། །རླུང་ནད་སྨྲ་མི་ཤེས་པ་དང་། །ཡན་ལག་སྐམ་དང་འཁུམས་པ་སེལ། །རུ་རྟ་མ་ནུ་ཙི་ཏྲ་ཀ །སོ་ཆ་བིལ་བ་སྒྲོན་ཤིང་དང་། །ཤུ་ཏི་ཉེ་ཤིང་གཟེ་མ་དང་། །འདི་རྣམས་མར་ནི་མ་ཞུ་དང་། །བད་ཀན་ལྷེན་དང་གྲང་རླུང་དང་། །སྦོ་བ་ཀུན་ལ་གཏང་བར་བྱ། །རྒྱ་སྐྱེགས་པུ་ཙེ་ཤེལ་དང་ནི། །སྐྱེར་པའི་བར་ཤུན་དུག་མོ་ཉུང་། །སེའུ་འབྲུ་པི་པི་ལིང་དང་ནི། །དོང་ཀ་རྣམས་ཀྱི་མར་གྱིས་ནི། །འཁྲུ་བ་མ་ཞུ་དག་དང་ནི། །ཕོ་མཚན་མོ་མཚན་སྐྲངས་པ་དང་། །ཕོ་རླུང་ཁོང་དུ་རླུང་ཞུགས་དང་། །ཚད་རྙིང་འཁྲི་བ་ཀུན་ལ་ཕན། །སོ་མ་རཱ་ཛ་ལས་སྨན་མར་གྱི་ལེའུ་སྟེ་དགུ་བཅུ་པའོ།།  །།

 

དེ་ནས་བདུད་རྩི་དརྱ་ཀན། །ག་པུར་ནུས་པ་མཆོག་ཡིན་ཏེ། །གློ་སྙིང་དོན་གྱི་ཚད་པ་དང་། །ཁྲག་མཁྲིས་དག་ལ་མཆོག་ཏུ་སྟེ། །རླུང་ལ་ཤིན་ཏུ་གནོད་པ་འོ། །གུར་གུམ་བསིལ་ཞིང་ཚད་པ་སེལ། །ཁྲག་མཁྲིས་ནད་དང་ཚད་པ་འཇོམས། །ཅུ་གང་གློ་ཡི་ནད་སེལ་ཅིང་། །རྩ་རླངས་བ་སྤུར་འདྲེན་པར་བྱེད། །ཛཱ་ཏིས་སྙིང་གི་དབུགས་སེལ་ཅིང་། །ཀ་ཀོ་ལ་ཡང་དེ་བཞིན་ནོ། །ཨུཏྤལ་སྔོན་པོས་སྨན་སྣ་འདྲེན། །རུ་རྟས་ནུས་པ་རྟས་པར་བྱེད། །ལི་ཤིས་སྨན་གྱི་བསྲུང་བ་སྟེ། །གེགས་སེལ་དོན་རྣམས་ཚ་བ་སྤོང་། །མཁལ་མ་དག་ལ་སུག་སྨེལ་གྱིས། །ཆུ་ཡི་ལམ་དག་སྦྱོང་བ་འོ། །

ཏིག་ཏས་མཁྲིས་པ་རོལ་དུ་བསད། །བ་ལེ་ཀ་ཡིས་དྭགས་སྙིགས་འབྱེད། །བ་ཤ་ཀ་ཡིས་ཁྲག་ནད་འབྱེད། །ཙནྡན་ཁྲག་མཁྲིས་ཚད་པ་སེལ། །དོན་སྣོད་ཚད་པ་འཇོམས་པར་བྱེད། །རྩབས་ཤིང་རྩ་དང་རུས་པ་ཡིས། །ཚད་པ་དག་ནི་སེལ་བར་བྱེད། །མོན་ཆ་རས་ནི་ལོང་ནད་ཀྱི། །འཁྲུ་བ་དག་ཀྱང་སེལ་བར་བྱེད། །འཇམ་འབྲས་རྒྱུ་མའི་འཁྲུ་བ་དང་། །སྲ་འབྲས་ཟུག་གཟེར་འཁྲུ་བ་གཅོད། །ད་ཏྲིག་རྩམ་པ་འཛིན་པར་བྱེད། །བིལ་བས་བཅུད་འཛིན་འཁྲུ་བ་གཅོད། །ཨ་རུས་སྙོམས་ཏེ་ནད་རྣམས་སེལ། །ཕྱི་ཤུན་རླུང་སེལ་རུས་བད་ཀན། །ཚི་གུས་མཁྲིས་སེལ་ནད་ཀུན་ལ། །བ་རུ་རས་ནི་བད་ཀན་རླུང་ནད་སེལ། །སྐྱུ་རུ་རས་ནི་ཁྲག་མཁྲིས་སེལ། །པི་པི་ལིང་གིས་རླུང་དང་མཁྲིས་པ་འཇིལ། །ཚ་བ་ཤིན་ཏུ་ཆེ་ན་གནོད་པར་གྱུར། །སྒ་ནི་རྩུབ་པས་རླུང་མཁྲིས་སེལ། །བད་ཀན་གྲང་བ་དག་ལ་བསྔགས། །ཕོ་བ་རིས་ཀྱིས་བད་ཀན་སེལ། །ནིམ་པ་བསིལ་བས་ཆུ་སེར་སྐེམ། །ནིམ་ཧ་ནིམ་པས་སྐྱུགས་སྒོ་སྡོམ། །ཚྭ་རྣམས་ཁྲག་མཁྲིས་ཀུན་ལ་གནོན། །རྒྱམ་ཚྭ་ཁ་རུ་ཚྭས་ནི་བད་རླུང་སེལ། །རྒྱམ་ཚྭ་ལྕེ་མྱང་ཚྭས་ནི་ནུས་པ་འདྲ། །ཙབས་རུ་ཚྭས་ནི་ཕོ་བའི་མ་ཞུ་སེལ། །ཁ་རུ་ཚྭས་ནི་གྲང་ནད་རླུང་ནད་དང་། །ཚད་པ་རྙིང་པ་རླུང་གི་མི་འབྱང་སེལ། །བད་ཀན་སྨུག་པོའི་ནད་ལ་འདི་རྣམས་ཕན། །རྒྱམ་ཚྭས་སྐྱུགས་པ་དག་ཀྱང་གཅོད། །འཁྲུ་དང་སྐྱུགས་པ་དག་ཀྱང་འབྱེད། །རྒྱ་ཚྭས་ཆུ་དག་འགགས་པ་སེལ། །རྩ་ནས་ཆུ་སེར་འདྲེན་པར་བྱེད། །རྭ་ཚྭ་རྩུབ་པས་བད་ཀན་སེལ། །ཐལ་ཚྭས་སྦོ་དང་དམུ་ཆུ་སེལ། །ཤིང་ཚྭ་ཐལ་ཚྭ་ནུས་པ་མཚུངས། །བྱི་ཏང་ཀས་ནི་སྲིན་ནད་སེལ། །རུ་རྟས་སྲིན་དང་ནུས་པ་རྟས། །མ་ནུས་དྲོད་བསྐྱེད་བད་ཀན་ཞི། །བསེ་རུས་རྩ་ཡི་ནད་རྣམས་སེལ། །ཏི་ཙས་གློ་ཡི་ནད་རྣམས་འཇོམས། །ཉི་དགས་གློ་ཡི་ནད་རྣམས་འཇོམས། །དོང་ཀས་ཟས་འཇིག་ཅུང་ཟད་འཁྲུ། །དན་དས་དྭགས་སྙིགས་འབྱེད་ཅིང་འཁྲུ། །སྟར་བུས་རིན་ཆེན་འཇིག་ཅིང་གློ་ནད་འཇོམས། །སྨྱག་ཤད་མེ་ཏོག་སེ་བ་དང་། ཁུར་མོང་སྙེ་མའི་མེ་ཏོག་དང་། །བ་ལུ་སྤང་རྒྱན་མེ་ཏོག་དང་། །སྙ་ལོ་མ་ཡི་མེ་ཏོག་དང་། །ཤུ་བའི་ལྡུམ་བུ་དག་དང་ནི། །འོམ་བུ་ཤུག་པའི་སྡོང་བུ་དང་། །བ་ལེ་ཀ་དང་སྒྲོན་ཤིང་དང་། །བ་ཤ་ཀ་དང་སྤང་རྩི་འོ། །

སྒྲོ་བའི་མེ་ཏོག་ལོ་མ་དང་། །པར་པ་ཏ་དང་དུག་མོ་ཉུང་། །ཀྱི་ལྕེ་བ་དང་འབྲས་བུ་གསུམ། །ཧོང་ལེན་སྤྱི་ཞུར་བལ་པོ་ཆེ། །སུམ་ཅུ་ཏིག་དང་སན་ཏི་དང་། །རྐད་ཆག་ནིམ་པ་དག་དང་ནི། །དེ་རྣམས་གདུས་པའི་ཁུ་བ་དང་། །འབྲས་བུ་གསུམ་དང་རུ་རྟ་དང་། །ཨ་བ་དེ་མོ་ཀ་ར་དང་། །སེར་པོ་ཁྲག་སྐེམ་དམར་པོ་དང་། །ཨ་བ་རོན་དང་མཱུ་ལ་དང་། །ཆུ་ཆུང་རྩ་བའི་ཕྱེ་བཏབ་སྟེ། །ག་པུར་དག་ཀྱང་ཅུང་ཞིག་གཏང་། །དེས་ནི་འབྲི་རྟ་ཆེན་པོ་ཡི། །འབྲས་བུ་གསུམ་དང་ཧོང་ལེན་དང་། །སྐྱེར་པའི་རྩ་བ་ཤུན་སྡོང་དང་། །ལྡུམ་བུ་རེ་རལ་བོང་ང་དང་། །བ་ལེ་ཀ་དང་གླ་སྒང་དང་། །སྤང་རྩི་དོ་བོའི་རྩ་བ་དང་། །འབྲས་བུ་ལོ་མར་བཅས་པ་དང་། །ཟངས་རྩི་བ་དང་པུ་ཤེལ་ཙེ། །སུམ་ཅུ་ཏིག་དང་ཏིག་ཏ་དང་། །དུག་མོ་ཉུང་དང་སླེ་ཏྲེས་དང་། །ཀཎྜ་ཀཱ་རི་བ་ཤ་ཀ །བྱི་ཚེར་བ་ཡི་མེ་ཏོག་དང་། །སྒྲོ་བ་སྤེན་མའི་མེ་ཏོག་དང་། ཁུར་མོང་ཀྱི་ལྕེའི་མེ་ཏོག་དང་། །སྲོ་ལོ་བ་ལུའི་མེ་ཏོག་དང་། །དེ་རྣམས་གདུས་པའི་ཁུ་བ་རུ། །འབྲས་བུ་གསུམ་དང་ཙནྡན་དང་། །ཨ་རུ་ར་དང་ག་པུར་དང་། །གུར་གུམ་ཛཱ་ཏི་སུག་སྨེལ་དང་། །ཅུ་གང་ཀ་ཀོ་ལ་དང་ནི། །ལི་ཤི་ཨུཏྤལ་སྔོན་པོ་དང་། །ཨ་ས་རོན་དང་ཆུ་རྩའི་ཕྱེ། །ཀ་ར་རྣམས་ནི་སྤོད་དུ་གདབ། །རིམས་ནད་འཁྲུགས་དང་ཁྲག་ཤོར་དང་། །ཚད་པ་གསར་རྙིང་ཀུན་ལ་འོ། །སྐྱར་བ་ཚོགས་ན་ནུས་པ་མཉམ། །ཚིག་མ་མེད་པར་སྦྱར་བར་བྱ། །འབྲི་རྟ་ཏྲེ་མེན་ཏ་ཡི་འོ། །

ཏིག་ཏ་སྤང་རྩི་དོ་བོ་དང་། །ཧོང་ལེན་དག་ནི་གདུས་པ་རུ། །ཕྱེ་མ་ག་པུར་བཏབ་པ་ནི། །ཀ་ར་གསུམ་སྟེ་ཁྲག་མཁྲིས་རྒྱས། །ཚ་བ་རྒྱས་པ་ཀུན་ལ་འོ། །མི་ཡི་ནུས་པ་མཆོག་ཡིན་ཏེ། །མ་ཧ་གྷོ་ར་དེ་བཞིན་ནོ། །ནུས་པ་མ་སུངས་ཐམས་ཅད་སྦྱར། །མ་སུངས་དཀར་པོ་དརྻ་ཀན། །ཚད་པ་ཀུན་གྱི་གཉེན་པོ་འོ། །མི་ཡི་ཞོ་ཚན་གཙོ་བོ་སྟེ། །ཞོ་ཚན་ཐམས་ཅད་སྦྱར་བ་ནི། །དོམ་མཁྲིས་ཁ་སྤོད་དག་ཏུ་གདབ། །ཚད་རྙིང་རྩ་མཆོག་ཐམས་ཅད་གཏར། །སེར་པོ་དརྻ་ཀན་ཡིན་ནོ། །མི་ཡི་ཕྱ་ཚན་གཙོ་བོ་སྟེ། །ཕྱ་ཚན་ཀུན་དང་སྦྱར་བ་ལ། །ཙནྡན་གི་ཝང་སྦྱར་བ་ནི། །དུག་ནད་ཚད་པའི་ནད་ཀུན་སེལ། །སྨུག་པོ་དརྻ་ཀན་ཡིན་ནོ། །སོ་མ་རཱ་ཛ་ལས་དརྻ་ཀན་གྱི་ལེའུ་སྟེ་གོ་གཅིག་པའོ།།  །།

 

དེ་ནས་རྡོ་ལ་བབས་པ་ནི། །གསེར་ནི་རིན་ཆེན་གསེར་དང་འདྲ། །ཞི་གར་གསེར་དག་བཞུས་ནས་ནི། །དངུལ་ཆུ་དག་དང་བསྲེ་བར་བྱ། །གཉིས་ཀྱིས་དངུལ་ཆུ་འཇིག་པ་སྟེ། །བྲག་ཞུན་དག་དང་མཚལ་དང་ནི། །ལིག་བུའི་རྩ་བ་ཕོ་ལིག་བུ། །སྦྲང་རྩི་དག་གི་ལྡེ་གུ་གཏང་། །བྱང་ཁོག་ཁྲག་རྣག་ཞུགས་པ་དང་། །ཡན་ལག་རྩ་རྣམས་ཆོད་པ་དང་། །ཆུ་སེར་དག་ནི་སྐེམ་པར་བྱེད། །

རིན་ཆེན་དངུལ་ནི་དངུལ་དང་འདྲ། །དངུལ་རྡོ་དག་ནི་ཞིག་མོར་བཏགས། །ལྕགས་དག་སོལ་བར་བསྲེགས་པའི་སྟེང་། །བླུགས་ལ་སླ་ངས་ཁ་བཅད་ནས། །བྱའམ་ཡང་ན་ཞི་གའི་ནང་། །དངུལ་རྡོའི་ཕྱེ་མ་བླུགས་ནས་ནི། །སོལ་བའི་མེ་ལ་བཞུ་ལ་གདུ། །སྐྱེ་བོ་ལྕི་བ་སིང་སྐྱུར་གྱིས། །འཇིག་པ་སྟར་བུ་དག་གིས་བྱ། །དུག་ནི་རྒྱ་ཚྭ་དག་གི་ཏེ། །བྲག་ཞུན་ལིག་བུ་ཕོ་ལིག་བུ། །བསེ་རུ་བྱེ་རུ་དག་དང་ནི། །ཕྱེ་མ་ཀ་ར་དག་དང་སྦྱར། །ལྡེ་གུ་སྦྲང་རྩི་དག་གཏང་སྟེ། །བཏང་བས་ཆུ་སེར་སྐེམ་པ་སྟེ། །རྩ་ཡི་ནད་ལ་གོང་མ་བཞིན། །ཟངས་ནི་རིན་ཆེན་རང་བཞིན་ཏེ། །གསེར་དངུལ་གསད་པར་མི་ནུས་ཏེ། །བཤིག་པ་བསད་པ་དག་ཡིན་ནོ། །

ཟངས་ཀྱི་ཕྱེ་མ་ཞི་གའི་ནང་། །སུར་བུ་མུ་ཟི་བཅས་པ་དང་། །ཞི་གས་ཁ་བཅད་ལྕི་མེའི་ནང་། །བསྲེག་པ་ཐལ་བ་དག་ཡིན་ནོ། །བརྡུངས་པས་ཆོམ་ཟེར་བ་ནི་ལེགས། །སྤུ་བསྲེགས་པ་ཡི་ཐལ་བ་དང་། །སྒོག་པ་བསྲེགས་པའི་ཐལ་བ་དང་། །སྦྲང་རྩིའི་ལྡེ་གུ་གཏང་བྱས་ན། །ཆུ་སེར་རྣག་ནད་སྐེམ་པ་སྟེ། །དཀར་གསུམ་བཟའ་བ་ཤིན་ཏུ་ལེགས། །ཅོང་ཞི་རིན་ཆེན་རྡོ་ཡིན་ཏེ། །ཕྱེ་མ་གཅིག་ཐུབ་རིམ་བཞིན་གཏང་། །མུ་ཟི་དག་ཀྱང་རིན་ཆེན་རྡོ། །ཕྱེ་མ་དག་ཀྱང་རིམ་བཞིན་གཏང་། །སྐན་དང་མ་ཞུ་རོ་ཙ་དང་། །སྐྲ་དཀར་གཉེར་མ་ཞི་བ་དང་། །ནད་རྣམས་འཁྲུ་བ་དག་ཏུ་སྟེ། །དེ་ཡི་གཉེན་པོ་དེ་ཉིད་གཏང་། །བསེར་བུ་ཉི་མ་བུད་མེད་སྤང་། །སོ་མ་རཱ་ཛ་ལས་རིན་པོ་ཆེ་རྡོའི་ལེའུ་སྟེ་གོ་གཉིས་པའོ།།  །།

 

ཁྲག་དང་མཁྲིས་པ་མེ་དང་འདྲ་སྟེ་ཚ་བའི་རང་བཞིན་ཡིན། །བད་ཀན་སྨུག་པོ་ས་དང་འདྲ་སྟེ་ལྕི་བའི་རང་བཞིན་ཡིན། །རླུང་ནི་ནམ་མཁའི་སྤྲིན་དང་འདྲ་སྟེ་ཚ་གྲངས་གཉིས་ཀར་འགྱུར། །བད་ཀན་སྨུག་པོ་ཆུ་དང་འདྲ་སྟེ་གྲང་ཞིང་རློན་པའི་རང་བཞིན་ནོ། །དེ་ནས་འཚོ་བའི་ཟས་དག་ནི། །འབྲས་དང་སོ་བ་སྔོན་པོ་དང་། །སྲན་མ་རྒྱ་སྲན་རྒྱ་འབྲས་དང་། ཁྲེ་དང་ཅི་ཙེ་ཏིལ་དང་ནི། །གྲོ་དང་ནས་ནི་ལྕི་བ་འོ། །ནག་པོ་སྨུག་མོས་ནད་རྣམས་སློངས། །དགོ་བ་གླ་བའི་ཤ་དག་ནི། །དེ་ནི་རབ་ཏུ་བསིལ་བ་འོ། །རྒྱ་དང་གཙོད་ཤ་སྙོམས་པ་སྟེ། །ཤ་བ་གཉན་ཤ་ལྕི་བ་འོ། །བ་ལང་ཤ་ཆེན་ཤ་དག་དང་། །དོམ་ཤ་བསིལ་དྲོད་སྙོམས་པ་སྟེ། །རྔ་མོ་བྱ་རྒོད་སྲེ་མོང་ཤ །བཙོས་དང་ཝ་དང་དུ་ན་ར། །སྨན་དེ་གློ་ཡི་ནད་ལ་ཕན། །མཛོ་དང་རྟོལ་དང་དྲེའུ་དང་། །སྨེ་ཤ་ཡིན་ཏེ་དམུ་ཆུ་ལ། ཁྱི་དང་མི་དང་རྟ་བོང་ཤ །གྲང་བའི་དམུ་ལ་ཤིན་ཏུ་བསྔགས། །

ཁྱིམ་བྱ་སྲེག་པ་གོང་མོ་གསུམ། །རྒྱུ་མཐུན་བཅུད་དང་དྲོད་ལྡན་པས། །གྲང་ནད་རླུང་ལ་གཏང་བར་བྱ། །རི་བོ་ཕྱི་བ་ཐ་ཆད་ཤ །སྤྱང་ཀི་གཡི་དང་འཕར་བ་དང་། །དྲོད་ཤས་གྲང་བ་སེལ་བར་བྱེད། །བྲག་བྱིའུ་རྩངས་པའི་ཤ་དག་གིས། །མཆོག་ཏུ་ས་བོན་ནད་ལ་ཕན། །བསེ་དང་ཕག་དང་ཀན་ཏ་ནི། །བསིལ་ཏེ་དུག་ཐུབ་དབང་པོ་གསལ། །རྒྱ་བྱ་རྨ་བྱ་ཤང་ཤང་ཤ །ཟོས་ན་མཁྲིས་པ་འབྱང་བང་བྱེད། །རྔ་བྲན་ཤ་ཡང་དེ་བཞིན་ཏེ། །ཐོང་ཚེར་ཤ་ཡིས་བད་རླུང་འཇོམས། །ཉ་དང་སྲམ་དང་ཀུན་ངྷ་ར། །ཤས་ནི་ནད་རྣམས་འཇིག་པ་སྟེ། །སོ་མ་རཱ་ཛ་ལས་ཟས་དང་ཤའི་ལེའུ་སྟེ་གོ་གསུམ་པའོ།།  །།

 

དུས་མིན་འཆི་དང་ནད་ཀྱི་རྒྱུ། །ལྷ་ཁང་རྙིང་པ་དག་ཏུ་གཅིག་མི་ཉལ། །སྒོར་མི་ཉལ་ཏེ་སྲང་མདོར་སྤང་། །ས་བདག་ཡོད་པའི་མཚོ་དང་ནི། །ན་གཉན་ཆུ་མིག་དག་ཏུ་དྲི་མི་བྱ། །ལྷ་འདྲེ་གཉེན་པོ་གནས་པའི་བརྟེན་ས་ལ། །གནོད་པར་མི་བྱ་བན་བོན་ལ་ཡང་གནོད་མི་བྱ། །དོན་མེད་ཁང་སྟོངས་བྲག་ཕུག་དག་ཏུ་འགྲོ་མི་བྱ། །རོ་ཡི་སྔོན་དུ་མི་འགྲོ་བསྒྲུབ་གཏོར་སྔོན་མི་འགྲོ། །རི་སྣ་དྲག་པོ་མགོ་རྡུམ་དག་ཏུ་འགྲོ་འདུག་མི་བྱའོ། །བ་ལང་སྣ་འདྲ་སྲིན་མོས་བྲད་པ་འདྲ། །རྟ་རོ་ཁ་ཕྱེས་འདྲ་དང་ལྷ་འདྲེ་ཡོད་སར་གནས་མི་བཅའ། །དམ་བཅའ་མི་བྱ་ཡི་དམ་དུས་གཏོར་བཅག་མི་བྱ། །རིང་པོའི་སྐད་དང་ཁ་དང་མིག་མི་བགྲད། །འགོ་བའི་ནད་ཡོད་ཕྱོགས་སུ་མི་འགྲོ་འོ། །

མཐུ་དང་དམ་ཆོས་ཉམས་པའི་ཕྱོགས་སུ་འགྲོ་མི་བྱ། །གཅན་གཟན་མ་རུངས་གནས་དང་མཚོན་གྱིས་མི་ཚད་དོ། །དབྱར་གྱི་གྲོང་པ་ངམ་གྲོག་ས་འཐིབ་འོག་ཏུ་འདུག་མི་བྱ། །ཆུ་བོ་ཆེན་པོ་དག་ལ་རྩེ་བར་ཉམས་མི་ཚད། །རྟ་དང་གླང་པོ་མ་རུངས་འདུག་པོའི་སྔོན་མི་འགྲོ། །གཡང་ལ་མི་འཛེག་མཐོན་པོ་དག་ཏུ་འདུག་མི་བྱ། །བུད་མེད་རྒན་དང་ལྷན་ཅིག་ཉལ་བར་མི་བྱའོ། །ཤིང་གཅིག་ཆུ་གླིང་དག་དང་བླ་གབ་མེད་པར་ཉལ་མི་བྱ། །དུག་ལ་ཉམས་མི་ཚད་དེ་མཚོན་རྣོན་དག་ལ་དེ་བཞིན་ནོ། །

མི་རྣམས་ཀུན་ལ་གདུབ་དང་རྩུབ་པ་སྤང་བར་བྱ། །རྒན་པ་དག་ལ་མ་གུས་པ་ཡང་སྤང་། །འཆི་བ་བཟློག་པ་སྨན་དང་སྔགས། །དགེ་བས་བཟློག་སྟེ་དགེ་ལ་འབད། །ནད་ཀྱི་རྒྱུ་ནི་ལྟོགས་རྗེས་འགྲངས་པ་དང་། །སྣུམ་རྗེས་སྐྱ་བ་ནད་ཀྱི་རྒྱུ། །སྐྱ་རྗེས་ཟས་མང་ཟོས་པ་ནད་དུ་འགྲོ། །དལ་རྗེས་དྲག་ཤུལ་ནད་ཀྱི་རྒྱུ། །བཀུག་པ་དྲག་དང་གྲང་བ་རླན། །བཅུད་ཟོས་རླན་ལ་འདུག་པས་ནད། །འགྲངས་དང་སྐོམ་རྗེས་མ་བཅག་ནད། །ཤེད་ཆུང་དྲག་ཤུལ་བྱས་པས་ནད། །མཁྲིས་པ་ཅན་གྱི་དྲོད་བསྟེན་མཁྲིས་པ་འཕེལ། །བད་ཀན་ཅན་གྱིས་བཅུད་བསྟེན་བད་ཀན་འཕེལ་བར་འགྱུར། །རླུང་ནད་བཅུད་མེད་བསྟེན་པས་རླུང་ནད་འཕེལ་བར་འགྱུར། །སྨན་རྣམས་འབྱུང་བ་བསྟེན་པ་ནི། །ཕན་ཡོན་ཤེས་པས་གཏོང་བ་འོ། །ས་ཆུ་མེ་རླུང་ནམ་མཁའ་ལ། །ས་ཡི་མཚན་ཉིད་སྲ་བ་དང་། །ལྕི་དང་དྲི་བསུང་ཆེ་བ་དང་། །མང་ལ་མོད་པ་རྩ་བ་ས། །ལས་ནི་ལྕི་དང་མང་པོར་འཕེལ། །བསྟེན་ཞིང་བསྐྱེད་པས་ལས་བྱེད་ནུས་པས་སྨན། །ཆུ་ཡི་མཚན་ཉིད་གཤེར་བས་བསིལ། །འཇམ་དང་རྣོ་དང་སྐམ་དང་ཤུན་ལྤགས་སོ། །

ལས་ནི་སྡུད་དང་བསིལ་དང་རླན་པར་བྱེད། །མཉེན་ཞིང་འཇིག་ནུས་ཆུ་དང་འདྲ་བས་སྨན། །མི་ཡི་མཚན་ཉིད་ཚ་དང་རྩུབ་པའོ། །སྐམ་དང་དུལ་དུལ་ཞིབ་ཅིང་མེ་ཏོག་དག་ནི་མེ། །ལས་ནི་ཚ་དང་མདོག་གསལ་ཞུ་སླ་སྨིན་པར་བྱེད། །རླུང་གི་མཚན་ཉིད་ཡང་བ་དང་ནི་འཇམ། །གཡོ་བ་སྒྲ་ཆེ་དག་ནི་སྡོང་བུ་ཆུང་བ་འོ། །ལས་ནི་སྨིན་པ་འབྱེད་པས་བསིལ་ཏེ། །ལུས་ཀྱི་སྟོད་དུ་འགྲོ་སྟེ་ནུས་པ་མེ་རླུང་འདྲ། །ནམ་མཁའི་མཚན་ཉིད་འཕྲ་དང་ཁོང་སྟོང་དང་། །གོ་མི་འགག་དང་ཐམས་ཅད་འཕྲོད་པ་འོ། །འབྲས་བུ་དག་ནི་ནམ་མཁའི་རང་བཞིན་ཏེ། །ལས་ནི་འཇུག་ཅིང་རྒྱུ་བ་དང་། །དགྱེ་ཞིང་ཁོང་ནི་ཡང་བ་དག །ནུས་པས་ལུས་ཁྱབ་ཀུན་ཏུ་འགྲོ། །མདོག་གྲོ་ས་ཡིན་དཀར་བ་ཆུ་ཡིན་ནོ། །དམར་བ་མེ་སྟེ་ལྗང་གུ་རླུང་། །སྔོ་བ་ཁ་དོག་ནམ་མཁའ་དག་ཡིན་ནོ། །

ཁ་དང་མངར་དང་ཚ་བ་དང་། །སྐྱུར་བ་ལན་ཚྭ་བསྐ་བ་དྲུག །མངར་བས་སྟོབས་བསྐྱེད་ཡི་ག་འབྱེད། །རྒས་དང་བྱིས་ལ་ཕན་ཏེ་མཁྲིས་ནད་སེལ། །བུ་རམ་དག་གིས་མཁྲིས་པའི་ཤེད་བསྐྱེད་གནོད། །རྨ་འབྱོར་ཤ་འུ་བསྐྱེད་ཅིང་ཁམས་དང་དབང་པོ་གསལ། །མདངས་སྡུག་ཆུ་སེར་ཞི་ཞིང་སོ་དང་ལུས་པོ་འཇམ། །བད་ཀན་བསྐྱེད་དེ་ཕོ་བའི་མེ་དྲོད་དག་ཀྱང་ཉམས་པར་བྱེད། །ཁ་བ་དག་གི་ཕན་ཡོན་ནི། །ཚད་པ་ཁྲག་དང་མཁྲིས་པ་སེལ། །དང་ག་དབྱེ་ཞིང་དྭངས་པར་བྱེད། །བད་ཀན་དག་ཀྱང་སེལ་བར་བྱེད། །མཛེ་དང་ཤ་ཆུང་ཤ་སྐྱེད་རྨ་རྩིར་བཟང་། །སྐྱུར་བས་བད་ཀན་སེལ་ཏེ་ཆང་སྐྱུར་གནོན། །སྐྱུར་བས་དྲོད་སྐྱེད་ལུས་སྣུམ་ཡི་ག་འབྱེད། །འཐུངས་ན་ཚིམ་ཞིང་མཁྲིས་པ་དག་ལ་ནི། །ཅུང་ཞིང་གནོད་དེ་ཟས་ནི་འཇུ་བར་བྱེད། །

དྲག་ན་ཤ་སླ་དབང་པོ་མིག་ལ་གནོད་པར་འགྱུར། །སོ་ལ་གནོད་དེ་ཁ་གདོང་སེར་ཞིང་སྐྲངས་པར་འགྱུར། །ཚ་བས་དྲོད་སྐྱེད་ཡི་ག་འབྱེད་དང་མ་ཞུ་འཇུ་བར་བྱེད། ཁོང་སྲིན་རླུང་གིས་ལུས་འདར་དང་ནི་ལྕེ་མདོག་ལེན། །དྲག་ན་སྟོབས་ཆུང་ས་བོན་འབྲི་སྟེ་མཁྲིས་པ་སྐྱེད། །པི་པི་ལིང་གིས་མཁྲིས་པ་དག་ནི་ཅུང་ཙམ་འཇུ་བར་བྱེད། །ལེན་ཚ་ཚ་བས་རླུང་འཇོམས་སྦོས་པ་འཇོམས། །ཟས་འཇུ་རིམ་པར་སྐྱེད་ཅིང་དྲག་ན་ཁྲག་མཁྲིས་སྐྱེད། །རྒྱམ་ཚྭ་ཁ་རུ་ཚྭས་ནི་ཁྲག་མཁྲིས་སེལ་ཏེ་ཡང་། །དྲག་ན་བད་ཀན་སྐྱེད་དེ་ཆུ་སེར་མཛེར་ཡང་འགྲོ། །སྐོམ་དད་ཆེ་ཞིང་འབྲུམ་བུ་འབྲས་ལ་གནོད་ཅིང་རྒས་པར་འོང་། །དྲོད་ཆུང་གཉེར་མ་མང་དང་སྟོབས་དབྲི་ཤ་སླ་འོ། །བསྐ་བས་རླུང་དང་བད་ཀན་སེལ་ཏེ་ཁྲག་དང་མཁྲིས་པ་སེལ། །བསིལ་ཞིང་རྨ་སྐེམ་འཁྲུ་བ་གཅོད། །ལྤགས་མདོག་བཟང་དང་རུས་ནད་སེལ། །དྲག་ན་གཅིག་སྲི་ལྟོ་སྦོས་དང་། །བུ་ག་ཀུན་འགགས་རྒྱུ་སྲི་འོ། །

མངར་དང་ཁ་བ་ཞུ་རྗེས་མངར། །བསྐ་དང་སྐྱུར་བ་ཞུ་རྗེས་ཚ། །ལན་ཚྭ་ཞུ་རྗེས་མངར་བ་འོ། །བབས་ནི་ས་དང་ཆུ་དང་རྡོ་དང་ནི། །ཤིང་ལ་འབྲས་བུ་ལོ་མ་མེ་ཏོག་དང་། །སྡོང་བུ་རྩ་བ་ཤུན་པ་འོ། །ཨ་རུ་རས་ནི་རླུང་མཁྲིས་བད་ཀན་ཀུན་སེལ་ཞིང་། །དོན་སྣོད་ནད་སེལ་མཆེར་ནད་སྐྱེད། །བ་རུ་རས་ནི་ནད་རྣམས་ཀུན་ལ་ཕན་པ་སྟེ། །མཁལ་མའི་ནད་ལ་ཤིན་ཏུ་གནོད་པ་འོ། །སྐྱུ་རུ་རས་ནི་ཁྲག་མཁྲིས་ཀུན་ཕན་ཏེ། །སྙིང་ལ་ཅུང་ཙམ་གནོད་ཅིང་མཁལ་མའི་ནད་ཀྱང་སྐྱེད། །ཛཱ་ཏིས་ཚ་གྲང་ཐམས་ཅད་སེལ། །གློ་དང་སྙིང་གི་དབུགས་རྣམས་འདྲེན། །སུག་སྨེལ་ཚ་གྲང་འདུས་པ་སྟེ། །ཤ་རྩར་སྨན་ཁྲིད་རྨ་ཁ་འབྱོར་བར་བྱེད། །ལི་ཤིས་བསིལ་ཞིང་མཆིན་པའི་ནད་ལ་གནོད། །ན་ལེ་ཤམ་ནི་དྲོད་སྐྱེད་བད་ཀན་འཇིལ་བ་སྟེ། །རྣོ་འཇམ་མཁྲིས་པའི་ནད་དག་སྐྱེད་པར་བྱེད། །པི་པི་ལིང་གིས་བད་མཁྲིས་སེལ་ཏེ་རླུང་ནད་སྐྱེད། །སྨད་ཀྱི་རླུང་སེལ་འཇམ་རྩི་དག་ལ་མཆོག་ཏུ་འོ། །གླ་གོར་ཞོ་ཤས་འཁྲུ་བའི་སྨན་དང་སྙིང་ནད་དང་། །ཨ་བ་དེ་མོས་འཁྲུ་བའི་ནད་དང་སོ་ནད་སེལ་བར་བྱེད། །ཆུ་སེར་ནག་པོས་མགོ་འཁོར་བ་དང་མིག་མི་མཐོང་། །བད་ཀན་རྒྱས་པའི་སྙིང་ནད་སེལ། །

སྙིང་གི་ཞོ་ཤས་སྙིང་ལ་རླུང་ཞུགས་མི་དྲན་དང་། །འབོག་པའི་ནད་དང་བརྒྱལ་བའི་ནད་ཀུན་སེལ། །མཁལ་མ་ཞོ་ཤས་མཁལ་ནད་སེལ་ཞིང་དྲན་པ་སྐྱེད། །མཆེར་པའི་རླུང་དག་སེལ་བར་བྱེད་པ་སྟེ། །སྟར་བུས་བད་ཀན་གློ་ནད་སེལ་བར་བྱེད། །གློ་སྙིང་ནད་དང་འཁྲུ་བ་གཅོད་པ་སྟེ། །རྒུན་འབྲུམ་གློ་མཆིན་ནད་སེལ་ཕོ་བ་ཡི། །སྟར་བུ་རྒུན་འབྲུམ་དག་གིས་ཕོ་ནད་སེལ། །ཏིག་ཏ་ཟི་ར་དཀར་ནག་གིས་ཀྱང་དྲོད་སྐྱེད་དོ། །མ་ནུ་ལ་ལ་ཕུད་ཀྱིས་དྲོད་སྐྱེད་བད་ཀན་སེལ། །ཀ་ཀོ་ལས་ཀྱང་དྲོད་སྐྱེད་ཕོ་བ་དག་ལ་ཕན། །འཇམ་འབྲས་སྲ་འབྲས་ཨ་འབྲས་ཀྱིས། །ཆུ་སེར་སྐེམ་ཞིང་འཁྲུ་གཅོད་མཁལ་ནད་སེལ། །གསོ་མ་ར་ཙ་པ་ཏོ་ལས། །ཐ་ཀར་རྡོ་རྗེས་ནིམ་པས་ཀྱང་། །དེ་རྣམས་དུག་ནད་ཆུ་སེར་སྐེམ་སྟེ་བད་ཀན་སྐྱེད། །དུག་མོ་ཉུང་དང་སོ་ཆ་གླ་སྒང་དང་། །སྐྱུགས་སྨན་ཡིན་ཏེ་མཁྲིས་པའི་ནད་ཀྱང་སེལ། །གསེར་གྱི་གཟོང་བུས་སྐྱུགས་དང་མཁྲིས་ནད་སེལ། །

སེའུ་འབྲུ་སུག་སྨེལ་ཡ་བཀྵ་ར་དག་གིས་ཀྱང་། །ཤུ་ཏི་ཤུ་མོ་ཟས་ནི་རླུང་དང་ཕོ་ནད་མཁལ་ནད་སེལ། །སྟང་ཀུ་ཨ་ཤྭ་གན་ངྷ་དང་། །དེས་ནི་མཁལ་མའི་ནད་རྣམས་སེལ་བར་བྱེད། །འབྲས་བུ་ནམ་མཁའ་འདྲ་སྟེ་ཀུན་ལ་ཁྱབ་པ་འོ། །ཨུཏྤལ་ནི་ལོ་ཨཏྤལ་དང་། །ནཱ་ག་གེ་སར་པུཥྤ་ཨ་ཏི་པུཥྤ་དང་། །དེ་རྣམས་ཁྲག་མཁྲིས་ནད་དང་རྣག་ཀུན་སྐེམ་པར་བྱེད། །སེ་བ་སྨྱག་ཤད་མེ་ཏོག་དཀར་བ་སྣ་ཚོགས་བསིལ། །ལོ་མ་གུར་གུམ་བསིལ་ཏེ་མཆིན་ནད་སེལ། །ད་ལིས་ལོ་མས་རླུང་མཁྲིས་སེལ་ཞིང་བད་ཀན་འཁྲུ་བར་བྱེད། །ནིམ་པས་ཆུ་སེར་སྐེམ་པ་དང་། །རྒྱ་ལྕང་ལོ་མ་འདབ་མ་ཡིས། །ཚ་བ་སེལ་ཏེ་རྟ་ཚེར་བ་ཡང་དེ་བཞིན་ནོ། །

ཕལ་ཆེར་ལོ་མ་དག་ནི་སྡོང་བུའི་རྗེས་སུ་འབྲང་། །མེ་ཏོག་འབྲས་བུའི་རྗེས་སུ་འབྲང་བ་སྟེ། །སྡོང་བུ་ཙ་ནྡན་དཀར་དམར་བ་ལེ་ཀ །ཁྲག་མཁྲིས་ཚད་པ་སེལ་ཏེ་སླེ་ཏྲེས་དང་། །ཏིག་ཏ་དག་དང་ཙབས་ཤིང་ཤུན་པ་དང་། །རྩ་དང་མཁྲིས་པའི་ཚད་པ་སེལ་བར་བྱེད། །ཤིང་མངར་ཤུག་པ་སྐྱེར་པ་དག་གི་རྩ་བ་སྟེ། །གློ་ནད་ཚད་པའི་ནད་དག་སེལ་བར་བྱེད། །ཀཎྚ་ཀཱ་རིས་གློ་ནད་སེལ། །སླེ་ཏྲེས་སེང་ལྡེང་ཁྲག་ནད་ཆུ་སེར་སྐེམ། །སྡོན་བུ་ཁྲོན་བུ་དུར་བྱིད་ལྕུམ་རྩ་ཡིས། །འཁྲུ་སྟེ་ཐར་ནུ་རེ་ལྕག་པས་ཀྱང་འཁྲུ། །སྤང་རྒྱན་སྤང་རྩི་དོ་བོ་ཧོང་ལེན་དག་ཀྱང་འཁྲུ། །པི་པི་ལིང་དང་ར་སྣ་མཱུ་ལས་དྲོད་སྐྱེད་གྲང་བ་སེལ། །མཁྲིས་པའི་ནད་སྐྱེད་ཆུ་སེར་སྐེམ། །བོང་ང་དཀར་པོ་སྦྲུལ་དང་སྡིག་པ་རུ་རྟས་ནི། །ཁྱི་ཡི་མཆི་བའི་དུག་རྣམས་རབ་ཏུ་ཞི་བར་བྱེད། །མ་ནུ་བཞི་སྦྱར་འཁྲུ་སྟེ་ཕོ་བའི་ཁྲག་མཁྲིས་སེལ། །ཀྱི་ལྕེ་བས་ཀྱང་འཁྲུ་སྟེ་ཤེལ་ཏི་ཀ །ཏྲི་བྱིད་ཏས་ནི་གློ་ནད་ཀུན་འཇོམས་ཏེ། །ཏྲི་བྱིད་སེར་པོས་ཁྲག་ནད་མཁྲིས་པ་འཁྲུ། །ཆུ་ལ་བབས་པ་དག་ལ་ནི། །ག་པུར་ཚ་བ་ཞི་བས་བད་རླུང་སྐྱེད། །ཅུ་གང་ག་པུར་ཁྲག་མཁྲིས་གློ་ནད་སེལ། །གུ་གུལ་དཀར་པོས་ཚ་བ་ཞི་ཞིང་ཆུ་སེར་སྐེམ། །གི་ཝང་དུག་དང་ཚད་པའི་ནད་ཀུན་སེལ། །ཤྲཱི་རི་ཁཎྚས་འཁྲུ་ཞིང་ཆུ་སེར་སྐེམ། །ཅོང་ཞིས་སྐན་དང་གྲང་བའི་ནད་ཀུན་སེལ། །རྒྱམ་ཚྭ་ཁ་རུ་ཚྭ་དང་ལྕེ་མྱང་ཚྭ། །མོ་ལྡོམ་ཚྭ་དང་ཙབས་རུ་ཚྭ་དང་རྒྱ་ཚྭ་དང་། །བུལ་ཚྭ་ལན་ཚྭ་དག་ནི་ཆུ་ཡི་ནུས་པ་འོ། །རྒྱམ་ཚྭ་ཁ་རུ་ཚྭས་ནི་གྲང་ཞི་རླུང་ཞི་ཁྲག་མཁྲིས་སེལ། །ལྕེ་མྱང་ཚྭ་དང་ཙབས་རུ་ཚྭས་ནི་རླུང་སྐྱེད་གྲང་བ་འཇིལ། །མོ་ལྡོམ་ཚྭ་དང་རྒྱ་ཚྭས་གྲང་བ་འཇིལ་ཞིང་ཆུ་ལམ་སྦྱོང་། །བ་ཚྭ་བུལ་ཚྭས་གློ་ནད་སྐྱེད་ཅིང་སྐྱུག་པར་བྱེད། །ལན་ཚྭས་རླུང་དང་གྲང་བ་སེལ་ཞིང་ཁྲག་དང་མཁྲིས་པ་སྐྱེད། །ས་ནི་ས་ཡི་བཅུད་དང་རྡོ་ཡི་རང་བཞིན་ནོ། །

མུ་ཟིས་ནད་ཀུན་འཇོམས་པ་སྟེ། །ཁྱད་པར་ཁྲག་དང་ཆུ་སེར་སྐེམ། །ཅོང་ཞིས་སྐྲན་དང་གྲང་བ་སེལ། །མཆིན་ནད་ཁྲག་མཁྲིས་དག་ལ་གནོན་པར་འགྱུར། །བྲག་ཞུན་གྱིས་ནི་རྣག་དང་ཁྲག་རྣམས་སྐེམ། །མཆིན་ནད་དག་དང་ཚད་པ་ཀུན་སེལ་གྲང་བ་སྐྱེད། །མཚལ་གྱིས་རྩ་ཡིས་ཚད་པ་སེལ་ཏེ་གློ་རྩ་གསོ། །ཧ་ཤིག་པ་ཡིས་རྩ་ལམ་སྦྱོང་། །དར་ཚུར་རྩ་མདུད་གྲོལ་བར་བྱེད། །རྡོ་ནི་གསེར་དངུལ་ཟངས་མ་འོ། །མུ་ཏིག་ལྕགས་རྣམས་རྡོ་ཡི་གྲངས་སུའོ། །སོ་མ་རཱ་ཛ་ལས་སྨན་དང་ཟས་ཀྱི་ལེའུ་སྟེ་གོ་བཞི་པའོ།།  །།

 

དེ་ནས་ཡང་གསུངས་པ། །བེ་ཏ་རི་ཡི་རྩེ་མོ་ལ། །དྲང་སྲོང་བཞི་ཡིས་བསྐོར་ནས་ནི། །འཕགས་པ་འཇམ་དཔལ་གཞོན་ནུ་ལ། །བསྟོད་ནས་དཔྱད་ཀྱི་རྫུ་འཕྲུལ་ནི། །དབུག་བཅད་གཤགས་པ་དག་དང་ནི། །ཡན་ལག་དང་པོ་མགོ་བོ་ལ། །རུས་པ་དག་དང་ཆུ་བ་དང་། །རྩ་དང་ཤ་དག་བཅོས་པ་ཡིས། །སྲུབས་བཞི་རུས་པ་བཅོས་པ་ནི། །སྲུབས་དང་རྣ་ལྷན་བྱེ་བ་ལ། །ཆིངས་དང་ཕུར་པས་བསྡམ་པ་དང་། །གླ་སྒང་གོ་སྙོད་བཅའ་ལྒ་ཡིས། །ཚ་ནན་དང་ནི་བྱེ་གདབ་བྱ། །མེ་བཙའ་སྤྱི་གཙུག་དག་ཏུ་གདབ། །རུས་པ་དག་ལ་སྨན་དང་དཔྱད། །སྨན་ནི་ལྟོ་སྨན་རྨ་སྨན་ནོ། །ཨ་བྱག་ཤེལ་ཏ་སྤྱི་ཞུར་དང་། །ནེ་གུ་ཆུང་དང་པ་རེ་ཀོན། །པ་རི་ཙི(ཧོང་ལེན)དང་ཏྲི་བྱིད་ཏ། །བལ་བུ་བདུད་རྩི་སྣུམ་ཅན་དང་། །བྱེ་རུག་བཙུན་མོ་རེ་རལ་དང་། །ཨ་བྱག་རྣམ་པ་གསུམ་དུ་འོ། །སྨན་དང་སྔོ་དང་སྲོག་ཆགས་དང་། །དེ་གསུམ་ཨ་བྱག་དག་ཏུ་འོ། །

ཤེལ་ཏ་དག་ནི་རྣམ་གསུམ་ལ། །སྨན(རྒྱ་ཚྭ)དང་རྩི(བྱང་བ་)དང་སྔོ་(དོང་དྲ)དང་ངོ་། །དེ་གསུམ་ཤེལ་ཏ་རྣམ་གསུམ་མོ། །སྲོག་ཆགས་ཨ་བྱག་ཀླད་པ་ལ། །རྩི་ནི་ཤེལ་ཏ་ལྷ་བ་ལ། །སྨན་གྱི་ཤེལ་ཏ་ཀླད་རུས་ལའོ། །ནེ་གུ་ཆུང་ནི་རྣམས་གསུམ་སྟེ། །སྤང་རྒྱན་ལྟོ་རུ་གཏང་བར་བྱ། །དེ་རྣམས་རྩི་ཡི་སྦྱོར་བ་སྟེ། །བྱེ་མ་ཀ་ར་དག་དང་སྦྱར། །རུས་རྙིང་གདུས་པའི་ཁུ་བ་དང་། །ཨ་བྱག་ཤེལ་ཏ་སྤྱི་ཞུར་གསུམ། །པདྨ་ལྡུམ་དང་གཡག་རུ་དང་། །ནེ་གུ་ཆུང་དང་ད་ལིས་པུས། །སྣུམ་ཅན་སྔོ་ནི་ཨ་བྱག་དང་། །མཚལ་དང་དོམ་མཁྲིས་དག་དང་སྤྱར། །ཆང་ངམ་རུས་ཁུ་རྟ་བྱས་གཏང་། །རུས་བཟོ་འོག་ཏུ་བསྟན་པ་ལ། །རྨ་སྨན་ཆུ་སེར་འདྲེན་པ་དང་། །ཁ་རུ་ཚྭ་དང་རྒྱམ་ཚྭ་དང་། །ཏྲེ་མུ་ལ་དང་ཨ་བྷྲི་རྩ། །རྩ་ལ་གུར་གུམ་གུར་འདྲ་དང་། །མཚལ་དང་དོམ་མཁྲིས་ཡུང་བ་དང་། བ་བླ་མུ་ཟི་ལྡོང་རོས་གསུམ། །ལྷ་བ་འཛིན་པར་བྱེད་པ་འོ། །རུ་རྟ་ཧོང་ལེན་མ་ནུ་དང་། །ཙི་ཏྲ་ཀ་ཡིས་རུས་རོ་འདོན། །རྒྱ་ཚྭ་རྒྱམ་ཚྭ་ལན་ཚྭ་དང་། །མཚལ་དང་དོམ་མཁྲིས་ལྡོང་རོས་དང་། །སྤྱི་ཞུར་རྨ་ལ་ཁེབས་པར་(ཆུ་སེར་འདྲེན་)རོ། །ཐ་རམས་བྲ་རམས་པ་རེ་ཀོན། །འབོག་ཡག་ཤ་འུ་གསོ་བ་འོ། །དང་པོ་ལྷ་བ་གཟུང་བར་བྱ། །ལྷ་བ་ཟིན་ནས་ཆུ་སེར་འདྲེན། །ཚྭ་གཉིས་བཞག་ལ་གཞན་མ་གཏང་། །ལྷ་བ་རྣག་ལ་རྨ་རྩི་ཟིན། །ལྷ་བ་སྨུག་པོ་བཅོས་པ་འོ། །སྨན་གྱི་སྦྱར་ཐབས་འདི་ལྟ་སྟེ། །ཁ་རུ་ཚྭ་བས་རྒྱམ་ཚྭ་མང་། །གུར་གུམ་དང་ནི་གཞན་མཉམ་མོ། །བ་བླ་བས་ནི་ལྡོང་རོས་མང་། །མ་ནུ་ལ་སོགས་མཉམ་པ་སྟེ། །རྒྱ་ཚྭ་རྒྱམ་ཚྭ་ལན་ཚྭ་དང་། །ལན་ཚྭ་དག་ནི་སུམ་འགྱུར་རོ། །

གསེར་དང་ཟངས་ཀྱི་ནང་དུ་འོ། །ནུ་ཞོ་ཆུ་འཐག་བྱས་ཏེ་མཉེ། །ལྡོང་རོས་བ་བླ་ཡང་ན་མཚལ། །ལྡོང་རོས་མང་ན་ངན་པ་འོ། །རྩི་ཆོས་རྨ་མདོག་སྐྱ་དམར་འདོད། །ཡང་ན་ཏྲེ་མུ་ལ་དང་ནི། །ཨ་འབྲས་རྒྱ་ཚྭ་ཁྲ་རྐང་དང་། །ཁ་རུ་ཚྭ་སྦྱར་ལྷ་བ་འཛིན། །རྒྱལ་པོ་རེ་རལ་འོལ་སེ་དང་། །ཤུ་དག་སྦྱར་བས་རུས་རོ་འབྱིན། །མཚལ་དང་དོམ་མཁྲིས་ཅུ་གང་དང་། །གླ་རྩི་དང་ནི་དོམ་མཁྲིས་ལྔ། །ཚ་བ་ཞི་དང་རྩ་སྒོ་སྡོམ། །རྩབས་ཤིང་ཨ་བྱག་ཤེལ་ཏ་དང་། །གསེར་དང་བཞི་ནི་ཞིབ་ཏུ་བཏགས། །ཀ་རར་སྦྱར་བས་ཆུ་སེར་འདྲེན། །སེར་ག་དག་ཀྱང་འབྱོར་བར་བྱེད། །ཡང་ན་རྨ་རྩི་རིན་པོ་ཆེ་། །རྩེ་ཤིང་ཧྭ་རུར་སྦྱར་བ་ཡི། །རུས་པ་གས་པ་སྲུབས་གསོ་སྟེ། །ཧྭ་ལེན་ཧྭ་ཕེན་གས་པ་གསོ། །ཧིར་ཀེན་ཧི་དིན་ལྷ་བ་སྙག །རྟ་རུས་འབྲུག་རུས་དག་གིས་ནི། །ཞོམ་པ་གསོ་བར་འགྱུར་བ་སྟེ། །དུང་དང་མགྲོན་བུ་ཉ་ཕྱིས་ཀྱིས། །སེར་ག་དག་ནི་འབྱོར་བར་བྱེད། །རྒྱ་སྐྱེགས་བྱ་ཁྲ་དག་དང་ནི། །དུར་བྱིད་ཀླད་སྤྲིའི་རྣག་ཁྲག་འདྲེན། །ག་པུར་གསེར་མཚུར་སྦྱར་བ་ཡིས། །མཛེར་པ་གཅོད་དང་ཚ་བ་འཇིལ། །སེར་བ་ཅོག་ཅོག་མགོ་བོ་དང་། །དོམ་མཁྲིས་སྦྱར་བས་རྩ་ཆད་འཚོ། །སྦྲང་རྩི་བཙུན་མོ་བོང་ཁྲག་འདྲེན། །ག་པུར་ཉ་ཕྱིས་དོམ་མཁྲིས་དང་། །བུས་པ་ཁྱི་དང་ཅོ་ག་ཡི། །ཀླད་པ་འོ་མར་སྦྱར་བྱས་ཏེ། །སྲོག་ཆགས་ཨ་བྱག་སྦྱར་བ་ཡིས། །ཀླད་སོགས་ཤ་འུ་སྐྱེད་པར་བྱེད། །རིག་པའི་མདའ་ཡིས་དཔྱད་ལ་གདབ། །ཡང་ན་གཅིག་ཐུབ་གྲོག་སྒལ་མ། །ཀ་ར་དག་དང་སྦྱར་ལ་གདབ། །ཆག་པ་དག་ལ་ཐུན་བསྐྱེད་དེ། །འཐེམས་བར་བརྡར་ལ་གདབ་པར་བྱ། །བ་ལུ་ཀ་ཡི་མཁྲིས་པ་དང་། །སྐྱུར་མོའི་སྙིང་པོ་དང་བཅས་པ། །ཨ་བི་ཤ་ཡི་ལོ་མ་དང་། །གཉིས་པ་དག་ནི་ཆ་སྙོམས་ཏེ། །མཁྲིས་པ་སུམ་ཆ་བསྟོད་ལ་གཏང་། །ཆུ་ལ་བཏབ་ན་གཏང་བར་བྱ། ཁོང་དུ་སྨུག་པོ་སྦལ་རྒྱབ་ཆུ། །ཆུ་ནང་བརྡར་ལ་གཏང་བར་བྱ། །རྨ་ལ་ཕྱེ་མ་གདབ་པར་བྱ། ཁོང་དུ་ཕྱེ་མ་ཆུས་ཕུལ་གཏང་། །ཨ་བི་ཤ་ཡི་ལོ་མ་དང་། །སྐྱུར་མོའི་ལོ་མ་མ་ཡིན་ཏེ། །སྙིང་པོ་རྩ་བ་དག་ཡིན་ནོ། །ཆང་ནི་གཏང་བར་མི་བྱ་སྟེ། །དང་པོ་ལྟོ་ནི་ཅུང་ཙམ་དགུག །སོ་མ་རཱ་ཛ་ལས་རྨ་སྨན་དང་ཁོང་སྨན་གྱི་ལེའུ་སྟེ་གོ་ལྔ་པའོ།།  །།

 

དེ་ནས་རུས་པའི་དཔྱད་དག(རུས་པ་རྡིབ་པའི་ཕྱོགས་སུ་མཐོངས་ཕྱེ་དེ་ཡང་བྱ་གབ་ཀྱི་མིག་འབྲིང་པོ་ཙམ་དབྱེ་ལ། མིག་མི་ཆེ་བར་བྱ་ཆེས་ན་རུས་པ་མྱུར་དུ་བྱུང་)ནི། །གྲི་དང་མདའ་དང་རྡོ་དང་ནི། །ཤིང་དང་གྱོ་མོ་ཕོག་པ་འོ། །འཐེམས་དང་གས་དང་སྟེང་ཆག་དང་། །སྒང་གྲུམས་མགོ་ནི་ཆག་པ་དང་། །སོ་གཙིགས་དག་ཏུ་སོང་བ་ལ། །དཔྱད་ནི་ཤ་བཟོ་རུས་བཟོ་གཉིས། །ཤ་བཟོ་སྐྱོན་ཡོན་ལ་འུར་བྱ། །འཕར་རྩ་རྣ་བའི་ཕྱི་མཆན་དང་། །ནང་རྒྱུག་སྙིང་རྩ་བླ་རྩ་དང་། །སྤྱི་གཙུག་བེ་གསང་རུས་པ་ཡི། གཟེར་རྩ་དག་ནི་བཅད་མི་བྱ། །ཤ་རུ་མོན་རུ་བཅད་མི་བྱ། །ཆུ་བ་རྒྱུས་པ་བཅད་མི་བྱ། །

དང་པོ་བཙག་གིས་ཐིག་བཏབ(སྔོན་དུ་གཙགས་བུས་བཙགས་ལ་དེ་ནས་གཟོད་དབུག)ལ། །པར་གྱིས་བྱུང་ན་རྩ་ཡིན་ཏེ། །གཞན་དུ་བྱོལ་ལ་དྲ་བར་བྱ། །ཤ་བཟོ་ཤ་ལ་ལུས་ཚུད་བྱ། །འཁོར་གྱིས་མནན་པ་ཤིན་ཏུ་གཅེས། །རྩ་ཆོད་སྤྲ་བས་དགག་པར་བྱ། །བཞི་ཤོར་ཡན་མན་ཟླ་གམ་བྱ། །གྲུ་གསུམ་དག་ཏུ་མི་བྱ་འོ། །སྤྱི་བོར་རྨ་ནི་གྲུ་གསུམ་འབྱུང་། །དེ་ནི་གནས་སྒོ་བྱེ་སྟེ་འཆི། །རྒྱུ་སྐར་སྨལ་པོ་གཤའ་ལག་དང་། །སྲིན་མོའི་ལག་ལ་ཤ་མི་དྲ། །ཕོག་ན་ཡང་ནི་ངན་པ་འོ། །ལྷ་བ་འཐེམས་པས་ལྷ་ཁྲག་དབུག །མདོག་ལོག་ཁྲ་བོ་རྫིམ་སྒོང་འདྲ། །སྐྱ་བོ་རྩིབ་མ་སོར་བཙིར་བ། །ལྷ་འཐེམས་འོག་ཆག་མདོག་སྐྱ་འོ། །བརྡར་ཐབས་ཡ་ཤས་འགེབས་པ་ན། །ཕུག་ནི་བརྡར་འོག་ཆུད་པར་བྱ། །

འོག་གི་འབྲོས་ཤའི་སོ་དག་གོ །ལྷ་བ་ཕོ་མོ་གཉིས་དག་སྟེ། །ལྷ་ཁྲག་ཆེ་བ་ཕོ་རིགས་ཏེ། །ཆུང་བ་ལྷ་བ་མོ་རིགས་ཡིན། །ལྷ་རྩ་ཚངས་པའི་བུ་ག་དང་། །སྲུབས་དག་བརྡར་བར་མི་བྱ་སྟེ། །མིག་འབྲས་ཐད་དང་རྣ་བའི་ཐད། །རྭ་གཉིས་ཐད་དུ་གཟབ་པར་བྱ། །ལྷ་རྩའི་འོད་ནི་དམར་རམ་སྨུག །ཆོད་ནས་མྱུར་དུ་སྨན་དག་ནི། །མཚལ་དང་དོམ་མཁྲིས་དག་དང་ནི། །རུས་གཟན་དག་གིས་མྱུར་དུ་དགག །ཟིན་ན་རྩ་འོད་དཀར་བ་ནི། །རྡོ་གེ་བ་དག་ཡིན་པ་འོ། །ཟིན་པའི་རྟགས་དེ་ཤོར་ན་ནི། །ལྷ་བ་དག་ནི་འབྲོས་པར་འགྱུར། །ལྷ་བ་ཆུང་བ་དཀར་བར་འདོད། །ཆུ་བླུགས་ཆགས་པ་ལྟ་བུ་འོ། །ཆུ་སེར་ལྷ་བ་དག་ཏུ་འདོད། །ཕྱོགས་བཞི་བབས་ན་བཟང་བ་འོ། །ལྷ་བ་གསོན་གཤིན་ཕྱེད་པ་དང་། །མར་གྱིས་ལྷ་བ་བཀུ་བར་བྱ། །ལེ་བརྒན་དར་བལྟབ་བཙང་བྱ་སྟེ། །བྱ་ཀུ་ཏྲི་ནི་མཱུ་ལ་དང་། །ལྡོང་རོས་པ་ལུ་ཀ་མཁྲིས་དང་། །བཙུན་མོ་རེ་རལ་ཀ་རར་སྦྱར། །རྨ་རྩི་མཆོག་ཏུ་གྱུར་པའོ། །མར་དང་ཚིལ་བུས་བྱིབ་པར་བྱ། །ཞག་གསུམ་ཞག་ལྔ་མ་ལོན་པར། །ལྷ་བ་བརྡར་བར་མི་བྱ་འོ། །

བཅུ་གཅིག་འདས་ནས་ལྷ་མིག་རྣག །བརྡར་བ་ཤིན་ཏུ་དཀར་བར་འགྱུར། །རྩེའུ་ཆུང་གཏང་བ་མན་ངག་སྟེ། །ཟྭ་དང་སྒོག་པ་བྲ་ཟན་དང་། །ལྷ་བའི་རྒྱ་དག་བསྐྱེད་པ་ནི། །གོམས་པ་དག་ལ་ཤིན་ཏུ་གཅེས། །ཐོག་བླང་བར་བླང་འོག་གདན་ནོ། །འབྲོས་ན་དགུག་པར་བྱ་བ་ཡིན། །སྟེང་འཐེམས་འོག་ཆག་བྱི་རྩེ་མིག །ཕུག་ལ་ཆུ་སེར་མྱུར་དུ་འདོན། །ལྷ་ཆུ་གཡའ་ཆུ་ལྟ་བུར་འདོན། །སྐམ་ན་མཐིལ་བརྟོལ་གྲོ་ཐེམ་གཞུག །ལྷ་བའི་ཤ་འུ་བྱུང་བ་ན། །ཁ་ཤ་སྡུད་པའི་སྨན་དག་ནི། །གོང་དུ་སྨན་གྱི་ལེའུ་བསྟན། །ཡང་ན་དྲེའུ་ཀར་པ་རི་གཏང་། །ཞུ་མཁན་དུགས་ཀྱིས་ཀླད་ནད་འདོན། །བྱ་བྲུན་འོམ་བུའི་དུགས་ཀྱིས་ནི། །རྩ་ཡི་ཚད་པ་འདོན་པར་བྱེད། །མཚེ་ཚན་གློ་སྙིང་ཚད་པ་འདོན། །རལ་གྲིས་གཤགས་པའི་གས་སྣ་ནི། །མེ་བཙའ་དག་གིས་བསྲུང་བར་བྱ། །གས་པ་དག་ནི་བརྟག་པར་བྱ། །གས་སྣ་རིང་ན་སྙག་པར་བྱ། །ཚོམ་བུ་དག་ཏུ་གདབ་པར་བྱ། །མཐའ་དང་དཀྱིལ་དུ་བྱི་རྩེ་མིག །ཕུག་ལ་གྲོ་གའི་ཐེམ་བུ་གཞུག །སྟེང་འགྲམས་དུམ་བུར་ཆག་པ་འོ། །སྟེང་གི་སྐྱོན་ཅན་བླང་བར་བྱ། །སྒང་གྲུམས་མཐའ་ནས་བརྡར་བར་བྱ། །

འོག་ཆག་པ་ཡང་དེ་བཞིན་ཏེ། །སོ་གཙིགས་ཡང་དག་མཐའ་ནས་བརྡར། །རྡོལ་ཆེན་ཀླད་པ་འཐེམས་བྱས་ཏེ། །ཀླད་པ་རྡོལ་ན་འཛག་གཅོད་བྱ། ཁྱད་པར་མདའ་ཡི་བཅོས་པ་ནི། །ཤ་རུས་ཕུག་ནས་ཀླད་ལ་སོང་། །མ་སླེབས་ཟུར་གྱི་རུས་ཞུར་དང་། །སྤྲི་བཙན་པ་དང་མནན་པ་འོ། །མདེའུ་འོབས་སུ་བསྐོར་ལ་འདོན། །ཀླད་པའི་ཁྲུས་སུ་གི་ཝང་དང་། །གུར་གུམ་དག་ནི་ཤིན་ཏུ་བཟང་། །ཀ་ར་ཁྱེའུ་འི་ནུ་ཞོ་དག །ཐེམ་བུ་ཐོད་དཀར་གྲིལ་བྱས་ཏེ། །ལུག་ནག་ཅོ་ག་མི་དང་ནི། ཁྱི་དང་ཨ་བྱག་དག་དང་ནི། །དོམ་མཁྲིས་ག་པུར་རི་ཤོ་དང་། །ཀ་ར་ནུ་ཞོའི་ལྡེ་གུ་གཏང་། །བྲག་ཞུན་མར་དཀར་བསིལ་དུ་གཏང་། །ཀླད་པའི་སྲུབས་དང་དཔག་བསམ་ཤིང་། །སོང་ན་ངེས་པར་འཆི་བར་འགྱུར། །རྩ་དང་རྒྱ་སྲུབས་མེ་བཙས་བསྲུང་། །ཤིང་དང་རྡོ་དང་གྱོ་མོག་གིས། །འཐེམས་དང་གས་དང་ཆག་པ་ལ། །བརྡར་བ་གོང་བཞིན་ཤེས་པར་བྱ། །འཐེམས་པ་སྐམ་པའི་ཕྱོགས་ནས་བརྡར། །ཐོག་བླང་སུམ་ཆ་བླང་བ་དང་། །སུམ་གཉིས་འོག་གདན་འཐེམས་པ་ལའོ། །སྒང་གྲུམས་གསོན་གཤིན་མཐའ་ནས་བརྡར། །སྟེང་ཆག་ལྷ་བ་གསོན་གཤིན་སྦྱར། །འོག་ཆག་མཐོང་ནི་དབྱེ་བར་བྱ། །གས་སྣ་བྱི་རྩེ་མིག་དབུག་གོ །ཤ་བཟོ་བྱེད་མཚམས་བརྟག་ལ་བྱ། །

སྤྱི་གཙུག་རུས་པ་དཀར་ལ་གྱོང་། །མཚོགས་མའི་རུས་པ་འཚེར་ལ་མཁྲེགས། །ལྟག་ཁུང་རུས་པ་འབར་འབུར་མང་། །རུས་སོབ་རྣ་ལྷན་ཕུབ་གོན་འདྲ། །ལྟག་སོ་དག་ནི་བརྡར་མི་བྱ། །སྤྱི་གཙུག་སྐྲ་འཁྱིལ་ཐུར་གང་དུ། །མཐེབ་ལོང་གང་དུ་བསྐོར་མི་བྱ། །བཞི་ཤོ་དྲ་བ་དཔྱད་ལ་དྲ། །མཚོམས་མ་རྒྱ་སྒོ་ཆུ་ཀུན་ནི། །ཤ་རུའི་རྩེ་མོ་གྲི་གུག་འདྲ། །རྒྱ་ལ་དྲ་ན་བྲང་ཅེར་དྲ། །ལྟག་པ་རྒྱ་སྒོ་ཆེན་པོ་ལ། །མོན་རུ་ཉ་ལྟང་གཤིབས་པ་འདྲ། །རྒྱ་ལ་དྲ་ན་སུལ་དུ་གཤགས། །ཟ་གུ་ཆུང་གི་འགུལ་ཤ་ནི། །རིམ་པ་མང་སྟེ་ཤ་རྔམ་ཅན། །རྒྱ་ལ་དྲ་ན་གཤགས་ཐབས་སོ། །བཙག་ཐིག་འཁོར་ནི་ཤིན་ཏུ་གཅེས། །སྤྲུ་འམ་ཕ་བ་ཧྲག་ཧྲོག་བཙོང་། །རུས་འཛེར་དག་ཀྱང་རང་བྱུང་གཞག །ལར་ན་བྱེའུ་ཚང་བཞིན་དུ་བྲུད། །མདེའུ་བཅོས་པ་རྨིང་ནས་བྲུ། །གས་ན་ཝ་གྲུས་གས་སྣ་སྙག །སྟེང་འོག་གཉིས་ཀ་ཆག་པ་ན། །རྒྱ་སྒོ་གསུམ་དང་འཕར་རྩ་དང་། །འཕྲུལ་ཤ་ཟངས་གཟེར་འདྲ་བར་བྱ། །གཞན་དུ་བསྐོར་བ་དག་ཏུ་བྱ། །

ཤ་གདན་བསལ་ལ་བརྡར་ནས་ནི། །མཐིལ་ལ་ཀླད་པའི་འོད་དག་དཀར། །བྱི་རྩེ་མིག་ནི་ཀླད་ཐེམ་བྱ། །མཐིལ་དུ་ཀ་ར་གུར་གུམ་གདབ། །རུས་མདོག་ལེན་ཅིང་ལྷ་བ་སྡུད། །ག་པུར་ཀླད་པའི་ཚ་བ་སེལ། །དོམ་མཁྲིས་ལྷ་བ་གསོན་གཤིན་དང་། །རྩ་ཁ་ལྷ་བའི་ཁ་ཡང་སྡོམ། །ཐོད་(ཧ་ཤིག)དཀར་འཆག་གིས་ལྷ་བ་འཛིན། །གྲོ་གའི་འཚང་གིས་ཆུ་སེར་འདྲེན། །ལྷ་བ་གྲང་བས་བྱེར་བ་ལ། །ལྕ་བ་མར་དང་སྤོད་བཏབ་གཏང་། །མར་དང་ཚིལ་བུས་ལྷ་བ་འཛིན། །གཟེར་ཐེམ་མར་ཕབས་ཞོ་བཙགས་གཏང་། །སྲུབས་ཀ་ཟུར་ལ་ལྷ་བ་བརྡར། །མཁས་པས་མཐིལ་ནི་སྲབ་ཏུ་སྦྱང་། །སྐམ་ངོས་བྱི་མིག་དག་དང་ནི། །མང་དུ་དབུག་པར་བྱ་བ་ཡི། །ཤ་ངན་མཛེར་བ་བྱུང་བ་དང་། །རྡེབས་པ་གཞན་ལ་ཚ་བ་ཆེ། །ཚ་སྦོས་གཏར་དང་བསིལ་གྱིས་བཅོས། །ཚད་པ་མེད་པར་སྦོས་པ་ནི། །གྲང་སྦོས་དག་ནི་དྲོད་ཀྱིས་བཅོས། །ཀླད་པ་ལྷ་བ་ཤ་དང་གསུམ། །ཤ་འུ་སྐྱོན་མེད་མཉམ་པར་འོང་། །ཤ་འུ་བྱུང་ན་དོམ་མཁྲིས་དང་། །ཀ་ར་དག་ཀྱང་གཏང་བར་བྱ། །གསུམ་ན་ཀླད་པའི་ཤ་འུ་སྐྱེ། །བདུན་ན་ལྷ་བའི་ཤ་འུ་སྐྱེ། །དགུན་དང་སྟོན་ནི་དྲོད་ཀྱིས་བཅོས། །དཔྱིད་དང་དབྱར་ནི་བསིལ་གྱིས་བཅོས། །རྒན་པོ་བྱིས་པ་བཅུད་ཀྱིས་ཏེ། །དར་མ་བསིལ་གྱིས་བཅོས་པར་བྱ། །རླུང་དང་བད་ཀན་བཅུད་ཡིན་ཏེ། །མཁྲིས་པ་བསིལ་གྱིས་བཅོས་པར་བྱ། །འོག་ཆག་པ་ཡི་བཅོས་པ་ནི། །ཤ་བཟོ་རྒྱ་དག་བསྐྱེད་པར་བྱ། །ཟླུམ་དང་གྲུ་བཞི་ཧོམ་ཁུང་དུ། །དྲ་བ་དག་ཏུ་མི་བྱ་འོ། །ཟླ་གམ་ཅུང་ཞིག་འཇོང་བར་དྲ། །རུས་པ་ཝ་བྲུས་མི་བྱ་སྟེ། །རྒྱ་བཀྱེད་བྱེའུ་ཚང་བཞིན་དུ་བྱ། །མཐིལ་ནི་སྲབ་པར་ཆེར་སྦྱང་བྱ། །བྱི་རྩེ་མིག་ཀྱང་མང་དུ་དབུག །ཀླད་ཉུལ་རྩེ་སོར་བཞི་རུ་གཏང་། །དབུགས་བསྡམ་ཆུ་སེར་བལྟ་བར་བྱ། །སྒང་གྲུམས་མིག་གི་དཔྱད་དག་ནི། །རུས་འཛེར་རང་འབྱུང་དག་ཏུ་གཞག །གས་སྣ་འོབས་སུ་བརྡར་བར་བྱ། །ཤ་དག་རུ་རྟ་ག་པུར་ནི། །རུས་འཛེར་ཐོག་ཏུ་གདབ་པར་བྱ། །

སྔོ་འམ་ནག་ན་རྒྱ་ཚྭ་དང་། །རུ་རྟས་ཀླད་པའི་རུལ་བ་གཅོད། །ག་པུར་ཅུ་གང་ཚད་པ་སེལ། །གུར་གུམ་དོམ་མཁྲིས་ཀླད་རླངས་འདོན། །མ་ནུས་ཀླད་པ་གསོ་བར་བྱེད། །ཨ་བྱག་མུ་ཏིག་རྩ་སྒོ་བསྲུང་། །ཧོང་རྡོལ་དག་གི་བཅོས་ཀ་ནི། །རུས་རོ་དག་ནི་རང་འབྱུང་སྟེ། །མཐའ་མའི་སྐྱོན་དང་གས་སོ་བརྡར། །སྤྲི་བཙན་སེར་དང་ནག་པ་ལ། །བརྡར་ན་རྣག་དང་ཆུ་སེར་འོང་། །སྤྲི་ལ་དཔྱད་བྱ་ཆུ་སེར་འདོན། །འཐེམས་པ་དག་གི་བཅོས་ཀ་ནི། །ཕྱི་འཐེམས་རུས་པ་རྩུབ་པ་དང་། །བར་འཐེམས་རུས་མདོག་ཁྲ་བོ་དང་། །འོག་ཆག་རུས་མདོག་དཀར་བ་དང་། །འཐེམས་པ་རུས་ཐོག་བླང་བ་དང་། །སུམ་གཉིས་བར་དུ་བླང་བ་དང་། །འོག་ཆག་གདུང་ལ་གཏུགས་པ་འོ། །ལྷ་ཁྲག་ཕྱོགས་བཞི་ཀུན་ནས་འོང་། །ལྷ་ཁྲག་གར་ཞིང་མདོག་དམར་ཆགས། །ནག་དང་སེར་དང་སླ་བ་ནི། །མཐངས་དང་ལྷ་བ་གཉིས་ལ་གནོད། །ལྔ་དང་བདུན་དང་བཅུ་གཅིག་སྟེ། །དེ་ལ་ཐལ་ན་འཚོ་བ་དཀའ། །གནད་རྩ་ཆད་ན་འཆི་བ་སྟེ། །སྒོག་པ་ཆང་དང་བྲ་ཁུར་གཏང་། །དེ་བས་ལྷ་འཐེམས་མྱུར་དུ་བཅོས། །ལྷ་བྱེར་རྣམ་པ་གཉིས་དག་སྟེ། །སྐམ་བྱེར་དང་ནི་གཤེར་བྱེར་རོ། །ལྷ་མིག་སྐམ་ལ་ཚད་པ་ཆུང་། །དབུགས་ཐུང་རྩ་ནི་མི་ཚང་བ། །རུས་མདོག་ནག་པ་དག་ཡིན་ཏེ། །བྲག་ལ་མེ་ཡིས་ཚིག་པ་འདྲ། །རླུང་དང་གྲང་བས་ལོག་པ་སྟེ། །ཞག་བདུན་དག་ན་ལྡོག་པ་འོ། །ལྷ་བ་གསོན་གཤིན་དབྱེ་བར་བྱ། །ན་ག་པུཥྤ་ཁ་རུ་ཚྭ། །དན་ད་ཅུ་གང་གདབ་པར་བྱ། །

ཁ་ཞུན་རུས་པའི་ལྷ་བས་བྱ། །ཡང་ན་བཙོས་ཁྲག་ལྷ་བ་སྡོམ། །ཨ་ཝ་ཏྲེ་མུ་ལ་དག་གིས། །ལྷ་བ་དག་ནི་འདྲེན་པར་བྱེད། །པི་པི་ལིང་དང་རུ་རྟ་དང་། །བཙུན་མོ་རེ་རལ་གསུམ་གྱི་ཕྱེ། །ནན་བྱ་མར་ཁུར་བཙོས་ལ་འོ། ཁོང་དུ་ཆང་དང་ཟྭ་དང་ནི། །སྒོས་པ་བྲ་པོ་ཁུར་བ་དང་། །ཉ་ཆུ་བྱུང་བ་གཏོང་བ་སྟེ། །སྦྲང་རྩི་དག་ཀྱང་གཏང་བར་བྱ། །ཚད་པ་ཆེ་ཞིང་སྐམ་པ་དང་། །རྣག་དང་ཆུ་སེར་མང་བ་དང་། །དཔེར་ན་ཞིང་གི་ཚན་ལངས་འདྲ། །དབུགས་ཐུང་ཚིག་པ་ཟ་བ་སྟེ། །དེ་ནི་ལྷ་བ་གཤེར་བྱེར་རོ། །

རྩེའུ་ཆུང་ཁ་ནི་དབྱེ་བ་ཡང་། །ཡང་ན་དཔུང་རྩ་གདབ་པར་བྱ། །ཀྲ་པུ་པ་རི་སེ་རྒོད་མ། །གུར་གུམ་ཡལ་བ་སན་ཏི་གདབ། །ག་པུར་ཀ་རས་དགབ་བར་བྱ། །ལྟོ་རུ་གུར་གུམ་བདུན་པ་གཏང་། །འདར་ཏེ་སྐོམ་དད་ཆུང་བ་དང་། །སླ་ཞིང་དབུགས་ནི་རྒོད་པ་དང་། །རྨ་ཁ་སྐམ་པ་དག་གིས་ནི། །གཤེར་བྱེར་སྐམ་བྱེར་ལོག་པ་དང་། །ཁ་རུ་ཚྭ་དང་རྒྱམ་ཚྭ་དང་། །ཙབས་རུ་ཚྭ་དང་སྦྲང་རྩི་དག །ཁོང་དུ་གཏང་ལ་དབུགས་བསྡམ་མོ། །ཀ་ར་ཨ་འབྲས་ཏྲེ་མུ་ལ། །དོམ་མཁྲིས་གསུམ་གྱིས་ལྷ་བ་འདྲེན། །ལྕ་བ་པི་པི་ལིང་དང་ནི། །མར་དུ་བསྐོལ་བས་ནན་བྱ་འོ། །རྩ་ཡི་རུལ་གཅོད་ཚན་དང་ནི། །ཀ་ར་སྦྲང་རྩི་ཁྱེའུའི་ཞོ། །ཀྲ་པུ་པ་རི་གུར་གུམ་དང་། །རི་ཤོ་མ་དང་ཅུ་གང་དང་། །ཀ་རས་ལྷ་བའི་ཤ་འུ་བསྐྱེད། །རུས་བརྡར་ཐག་ནི་ཆོད་པར་བྱ། །ཆུ་སེར་འདྲེན་པའི་སྨན་ལ་ནི། །ནིམ་པའི་ལོ་མ་ཕ་རི་ཀོན། །ཀ་ར་དཀར་པོ་སྦྱར་ལ་གཏང་། ཁོང་དུ་རྟ་ལྤགས་ཀྱི་ལྕེ་བ། །སྤང་རྒྱན་འབུ་སུག་ཧོང་དང་ནི། །ཨ་བྱག་ཤེལ་ཏང་སྤྱི་ཞུར་དང་། །པ་རི་ཀོན་དང་ལྕུམ་རྩ་དག །ཀ་ར་དང་སྦྱར་ཕྱེ་མ་གཏང་། ཁུ་བ་རུས་པ་གདུས་པ་གཏང་། །མེ་བཙའ་བཞི་སྒྲོམ་དག་ཏུ་འོ། །རྒྱུས་པ་ཤུ་བ་གཅད་མི་བྱ། །སོ་མ་རཱ་ཛ་ལས་རུས་པ་བཅོས་པའི་ལེའུ་སྟེ་གོ་དྲུག་པའོ།།  །།

 

དེ་ནས་སྲུབས་དག་བཅོས་པ་ནི། །རྩ་དང་སྲུབས་ནི་ཞིག་པ་འོ། །རྩ་བཅོས་པ་ཡི་མན་ངག་མ་ནི། །རྨ་ཁ་ཆུང་ན་ཅུང་ཙམ་བཀྱེད། །དྲ་གཤགས་དག་ཀྱང་ཆེར་མི་རུང་། །རྔབ་རུ་དག་ནི་གཟུག་པར་བྱ། །ཨ་འབྲས་དང་ནི་ཏྲེ་མུ་ལ། །བཙུན་མོ་ར་རལ་དོམ་མཁྲིས་གདབ། །རུས་མདོག་དཀར་ལ་ཤ་འུ་མེད། །ཆུ་སེར་གཏིང་དུ་སོང་པ་འོ། །སྲུབས་སུ་ཞིག་ན་མེ་བཙའ་གདབ། །ཚ་ན་ཐང་གཏང་ཚ་ལྟོ་བྱ། །དྲོད་ནན་གླ་སྒང་དག་གིས་མནན། །གླ་འབྲེང་ངམ་ནི་དར་འཇག་གིས། །དཀྲི་ཞིང་བསྡམ་པར་བྱ་བ་འོ། །ཟས་ནི་བཅུད་ཅན་གཏང་བར་བྱ། །སྤྱོད་ལམ་དྲག་པོ་མི་བྱའོ། །ཀླད་པ་དག་གི་བཅོས་པ་ལ། །མཚོ་འཁྲུགས་དག་གི་བཅོས་ཐབས་ལ། །མཚོ་འཁྲུགས་སྤོད་ཀྱིས་དྲང་དུགས་བྱ། །ཚེ་བ་སྐྱེས་ན་རྩེའུ་ཆུང་གཏང་། །ཨ་སོ་གདབ་ཅིང་རྩེའུ་ཆུང་གདབ། །བདུད་སྒོ་ཚིགས་པ་དྲུག་པ་དང་། །བྲང་གི་རྒྱལ་མོ་ལྷེན་སྣར་སྲེག །ཀླད་སྤྲི་བཙན་དང་འཛག་པ་དང་། །རྡིབ་དང་ལྐུགས་དང་སྦོས་པ་འོ། །

སྤྲི་བཙན་ནག་དང་སྔོ་བ་ལ། །རྒྱ་ཚ་ཏྲེ་ནི་མུ་ལ་དང་། །ག་པུར་འདམ་བུ་ཀ་ར་གདབ། །དོམ་མཁྲིས་དག་ནི་གདབ་པར་བྱ། །སྤྲི་བཙན་དམར་དང་ནག་པ་དང་། །སྐྱ་བོ་སློ་སློ་བྱུང་བ་ན། །ཆང་གིས་བཀྲུ་ཞིང་གུར་གུམ་ཆུས། །ཀ་ར་ཨ་བི་ཤ་དང་ནི། །དོམ་མཁྲིས་ཕྱེ་མ་གཏང་བར་བྱ། །ཤིང་མངར་ཏིག་ཏ་སྦྲང་རྩི་དང་། །སྤྲི་ལ་རྒྱ་ཚྭ་དར་ཚུར་དང་། །ག་པུར་མཚལ་དང་གུར་གུམ་གདབ། །གླང་མའི་འཐེམས་ཀྱིས་ཀླད་པ་གནན། །ཀླད་རུས་བར་དུ་སྨན་གཏང་ངོ་། །ཀ་ར་ག་པུར་ཅུ་གང་དང་། །ད་ཏྲིག་ནཱ་ག་གེ་སར་གཏང་། །སྤྲི་དང་ཀླད་པའི་བར་དག་ཏུ། །གསེར་གྱི་ཐུར་མས་ཀླད་པ་ལ། །མ་སོང་བར་ནི་བརྟོལ་བར་བྱ། །རལ་བ་དག་གི་བཅོས་པ་ནི། །རྒྱལ་པོ་རེ་རལ་དག་དང་ནི། །བཙུན་མོ་རེ་རལ་ག་པུར་གཏང་། །རྨ་ལ་ག་པུར་བཙུན་མོ་དང་། །དོམ་མཁྲིས་དག་ནི་གཏང་བར་བྱ། །འཛག་ན་ཉ་ཕྱིས་མགྲོན་བུ་དང་། །སྲོག་ཆགས་ཨ་བྱག་དག་དང་ནི། །ཡང་ན་དོམ་མཁྲིས་མུ་ཏིག་དང་། །ག་པུར་ཅུ་གང་གུར་གུར་དང་། །ནུ་ཞོ་དག་དང་སྦྱར་ལ་གཏང་། །དྲི་མེད་བསྐུས་ལ་བསྡམ་པར་བྱ། །ཞག་གསུམ་དག་ན་ཆོད་པའི་རྟགས། །དབུགས་བསྡམས་རྨ་རུ་ཆུ་སེར་འོང་། །འཕར་བ་དྲག་ན་ཆད་པ་ཡིན། །མདེའུ་ལྡང་ཉལ་དག་ཏུ་བསྲོ། །ཀླད་སོབས་བྱི་བ་ཅོ་ག་དང་། །ཁྱི་ཡི་ཀླད་པ་མར་སྦངས་གཏང་། །ག་པུར་དོམ་མཁྲིས་ནུ་ཞོ་སྦྱར། །གཟེར་རྩ་དོམ་མཁྲིས་མཚལ་དག་ནི། ག་པུར་སྦྱར་བའི་ལྡེ་གུ་ནི། །ནུ་ཞོ་དག་གིས་བྱས་ལ་བྱུག །མགོ་བོ་ཟངས་སམ་གསེར་གྱིས་བསྲེག །ནང་གི་ལྗོན་ཤིང་རྩ་དག་ནི། །གནག་ན་གསེར་གྱི་ཐུར་མས་གདབ། །དམར་ན་རང་འོད་ཡིན་པས་བཟང་། །ཅུ་གང་གུར་གུམ་ག་པུར་དང་། །དོམ་མཁྲིས་ཀ་རའི་ཕྱེ་མ་གདབ། ཁོང་དུ་ཡང་ནི་དེ་དག་གཏང་། །རྩ་མཐེམས་བཅོས་པ་དག་ཡིན་ནོ། །

ཀླད་པ་འཁྱིམས་ན་མེ་བཙའ་གདབ། །ལྟག་པའི་འབྲེལ་མཚམས་ཁ་གསུམ་བསྲེག །མཚོགས་མ་དབྱེ་གདབ་བདེ་ན་ལེགས། །ཚ་བ་ཆེ་ལ་འཐོམས་པ་དང་། །ཙོག་ཙོག་འདུག་པ་མི་ཚུགས་དང་། །བརྒྱལ་དང་ལྐུགས་པ་ཕལ་ཆེར་འཆི། །ལྟག་པའི་རུས་པ་ཁ་དག་དབྱེ། །འདུས་སོ་གསུམ་པོ་གདབ་པར་བྱ། །སྣ་རྩེ་གཏར་ཞིང་རྒྱ་ཆིངས་བྱ། །ལྐུགས་པ་ཀླད་རལ་ཀླད་རྩ་གཅོད། །ཆུ་སེར་གཏིང་དུ་སོང་བས་ལྐུགས། །ཀླད་པ་སྦོས་ན་ཆུ་སེར་ནི། །རྗེས་ཞབས་སོང་ན་ལྐུགས་པ་ཡིན། །རྩ་ཆད་ལྷ་བྱེར་ཀླད་སྟེང་དུ། །ཆུ་སེར་སོང་བས་ལྐུགས་པ་འོ། །ཚ་བས་ལྐུགས་དང་གྲང་བས་ལྐུགས། །ཀླད་མདོག་ཉམས་ལ་ནག་པོར་སོང་། །ལྐུགས་ན་ལྕེ་ཡི་གབ་རྩ་གཏར། །སྒྱིད་ཁུང་དགབ་རྩ་ནག་པོ་གདབ། །ནུ་ཞོ་དག་གིས་ཀླད་ཁྲུས་བྱ། །རུས་པ་དག་ནི་བརྡར་བར་བྱ། །དྭ་བ་སུག་པ་ཆུ་ནང་བསྐོལ། །ཀླད་རུས་བར་དུ་ཐིགས་པ་ནི། །རེ་རེ་གཉིས་གཉིས་བླུག་པར་བྱ། །

སྣ་རྩ་རྩེའུ་ཆུང་ཁ་ཕྱེ་བྱ། །རྣ་བའི་ཕྱི་མཆན་བསྲེག་པར་བྱ། །ཚ་སྦོས་གྲང་སྦོས་བཅོམ་པ་ནི། །ཀླད་པ་བསྡོངས་པའི་རྩ་དག་ནི། །དོན་སྣོད་བསྡོངས་པའི་རྩ་ཡིན་ཏེ། །སྒལ་པའི་ཚིགས་ནས་གྱེན་ལ་རྒྱུག །ལྟག་བསྐོར་བ་ནས་སྒལ་བར་དུ། །གཅིག་ཏུ་རྒྱུ་སྟེ་ཡན་ཅད་ནི། རྒྱལ་པོ་གསུམ་དང་བློན་པོ་གསུམ། །ལྟག་བསྐོར་བ་ནས་གྱེས་པ་དེ། །རྒྱབ་ནི་བློན་པོ་རྒྱུངས་པས་འཁྱུད། །ལྕེ་ཡི་གབ་རྩ་ནག་པོ་དང་། །སྣ་ཡི་ཟུར་རྩ་དག་དང་ནི། །མིག་རྩ་མིག་གིས་གཟེར་རྩ་དང་། །ཡང་ན་རྣ་བའི་རྩ་དག་སྟེ། །དྲ་བ་བཞིན་དུ་འབྲེལ་པ་འོ། །དོན་དང་སྣོད་ཀྱི་རྩ་དག་ནི། །ཚངས་པ་བུ་གའི་རྩ་དང་འབྲེལ། །རྡོལ་དང་མ་རྡོལ་རེ་ཐག་འབྲེལ། །ཀླད་པ་བཟང་བ་ཚ་སྦོས་ཏེ། །ཀླད་པ་ངན་པ་གྲང་བས་སྦོས། །བཟང་ན་གཏམ་ནི་ཉུང་བ་སྟེ། །ཀླད་ངན་གཏམ་ནི་མང་ལ་འཆལ། །ཚ་སྦོས་ཁུར་བ་ལངས་པ་འདྲ། །གྲང་སྦོས་དགུན་གྱི་ཆུ་འཁྱགས་འདྲ། །ཚ་སྦོས་སྐྱ་བོ་བེམས་བེམས་པོ། །རྒྱ་རྩ་མེ་རུ་རྒྱས་ནས་འོང་། །ཀླད་པ་རྡིབ་ཏུ་མི་སྟེར་ཏེ། །རྨ་ཁ་རང་འགག་དག་ཏུ་འོ། །

ཚ་བས་བམ་ཞིང་ཁ་མཚུལ་སྐམ། །རྣག་མདོག་དམར་སྨུག་དག་ཏུ་འོང་། །རྩེའུ་ཆུང་གཏར་དང་གློ་རྩ་གཏར། །བསིལ་དང་ག་པུར་དག་དང་ནི། །འབྲི་རྟ་དག་ནི་གཏང་བར་བྱ། །ཤ་འུས་རྣག་དག་འཁྱིམས་པས་ན། རྣག་ཡོད་ཤ་འུ་ཞུ་བ་འོ། །ཀླད་ཉུལ་དག་ནི་གཏང་ནས་སུ། །ཨ་བི་ཤ་དང་ཀ་རའི་ཕྱེ། །ཆུ་འཛེར་སློ་སློ་ཆུ་འཛག་པ། །རིན་པོ་ཆེ་ཡིས་བསྲེག་པར་བྱ། །ཀླད་འཛེར་ཤ་ཤ་རྨེན་བུ་འདྲ། །ཏྲག་ཏྲག་པོར་འདུག་རིན་པོ་ཆེ། །ཐུར་མ་ཡིས་ནི་བསྲེག་པར་བྱ། །བཅད་དུ་མི་རུང་བསྒུལ་མི་བྱ། །ལོན་ན་ཕྱེ་དང་ག་པུར་དང་། །ཀ་ར་དག་གི་ཕྱི་མ་གདབ། །དེས་ཀྱང་ཐུབ་པར་མ་གྱུར་ན། །རྒྱ་ཚྭ་ཀ་ར་གུར་གུམ་དང་། །ར་མཉེ་བ་དང་ཏིལ་མར་ནང་། །བསྐོལ་བ་དག་ནི་གཏང་བར་བྱ། །གུ་གུལ་ཀླད་པའི་ཆུ་སེར་འདྲེན། །རྒྱ་ཚས་ཀླད་པའི་འཛེར་བུ་བཅོད། །ར་མཉེ་བས་ནི་སྦོས་པ་ཞི། །མར་ནག་རྩ་མིག་དག་ཏུ་འདྲེན། །གྲང་སྦོས་དག་གི་བཅོས་ཀ་ནི། །འཁྱགས་པ་ལུད་པ་འདྲ་བར་སྦོས། །རྩ་ཆུ་སྤྱོད་ལམ་གྲང་བ་སྟེ། །འདར་ལ་སྣ་འབུད་མིག་ཆུ་ལྡིང་། །རྣག་ཆུ་ཚིག་མ་ཅན་དུ་འོང་། །རྗེས་ཞབས་རྣག་ཆུ་ལྷུང་ཉེན་ཡོད། །རྒྱ་ཚྭ་རྒྱམ་ཚྭ་ལྕེ་མྱོང་ཚྭ། །ལན་ཚྭ་དག་གི་ཕྱེ་མ་གདབ། །ལྷ་བ་ཅན་དུ་དྲོད་བཅོས་བྱ། །

སྒོག་པ་དག་དང་ཆང་བསྐོལ་དུ། །སྤོད་ནག་ཚན་དེ་བཏབ་ལ་གཏང་། །ལི་ཤི་ཛཱ་ཏི་ཀ་ཀོ་ལ། །ཚྭ་སྣ་ཚན་དེའི་ཕྱེ་མ་གཏང་། །ཆུ་སྐོལ་ཆང་སྐོལ་ཕུལ་ལ་གཏང་། །ཁ་ཟས་བསིལ་དྲོད་སྙོམས་པ་འོ། །ཀླད་པ་དག་ལ་སོང་བ་ཡིས། །བཏོག་ཤ་མི་བཟའ་རུས་མི་མུར། །གློ་དང་སྦྲིང་པ་བསྡམ་པ་དང་། །བྱ་རྨྱང་བྱེད་དང་ལངས་འདུག་དང་། །གླལ་དང་མིག་རྒྱང་བལྟ་བ་ཡང་། །ཆུ་ལ་མི་དབྱུང་ཁྱི་མི་བརྡེག །དྲི་མ་བཙིར་དང་བུད་མེད་སྤང་། །ངུ་དང་རྟ་དང་གླུ་དང་སྐད་ཆེ་སྤང་། །སྟེང་འཛངས་མཆོངས་དང་གཞུ་དག་སྤང་། །རྟ་རྐྱང་བོང་བུ་སྤྲེའུའི་ཤ །རྔ་མོ་ཕག་དང་ཉ་ཤ་དང་། །གར་ཆང་ཆང་རྒན་སྐྱུར་པོར་སྤང་། །ཀླད་རྩ་གསེར་གྱིས་བསྲེག་པར་བྱ། །ལྷ་རྩ་མར་གྱིས་བསྲེག་པ་དང་། །ཤ་རྩ་སྤྲ་བས་བསྲེག་པར་བྱ། །

ཁྲག་ཤོར་དཀར་པོ་དག་དང་ནི། །སྤུ་འམ་སྤྲ་བ་དག་གིས་བཅད། །ཤུ་དག་བཅའ་ལྒས་རུལ་ཡང་གཅོད། སེང་ཕྲོམ་དག་གི་དུགས་ཀྱིས་ནི། །ཀླད་པའི་རླངས་པ་འདོན་པ་འོ། །མཚེ་དང་ཚ་ཡི་དུགས་ཀྱིས་ནི། །རྩ་ཡི་ཚད་པ་དག་ཀྱང་འདོན། །འོམ་བུའི་དུགས་ཀྱིས་རུས་པའི་ལྷ་བ་འདོན། །ཆུ་རྡོའི་དུགས་ཀྱིས་སྣོད་ཀྱི་ཚ་བ་འདོན། །ཆུ་རྩས་རྨེན་པ་རྟས་པ་སྟེ། །དོམ་མཁྲིས་རྒུ་གྲུས་ཨ་རུ་ར། །བུ་རམ་ལི་ཤིས་རྩ་ཆད་མཐུད། །སོ་མ་རཱ་ཛ་ལས་སྲུབས་དག་བཅོས་པའི་ལེའུ་སྟེ་གོ་བདུན་པའོ།།  །།

 

དེ་ནས་རྩ་ཡི་བཅོས་པ་ནི། །ཁ་ཟས་བསིལ་དང་རྨ་ཞུན་ནི། །བསིལ་གྱིས་བཅོས་ཏེ་རྨ་ཆོས་ནི། །རྨ་རྩི་བུ་རམ་མཚལ་དང་ནི། །ཕུར་མོའི་ཐལ་བ་གུ་གུལ་དཀར། །རྩ་མུ་ལ་དང་ཏྲེ་བུ་ལ། །ཀ་རའི་ཕྱེ་མས་རྨ་རྩིའི་ཁེབས་པར་གདབ། །ཡང་ན་ཟླ་ཞུན་མཱུ་ལ་གཉིས། །མཚལ་དང་བཙུན་མོ་རེ་རལ་དང་། །ཀ་ར་རྩ་ཁར་གདབ་པར་བྱ། །འདུས་སོ་ཆུ་རྒྱུས་རྩ་ཆོད་ན། །མདུན་ངོས་སྲུབས་ནས་ཕུན་གང་དུ། །བྱི་རྩེ་མིག་དག་དབུག་པར་བྱ། །རྩ་ཆད་གསེར་གྱིས་བཅོས་པར་བྱ། །མཱུ་ལ་གཉིས་དང་བྲག་ཞུན་ནོ། །སོས་ཀའི་ཟངས་མའི་འཛེར་བུ་དང་། །དོམ་མཁྲིས་ཤིང་མངར་གུར་གུམ་དང་། །ཀ་རར་སྦྱར་ལ་གདབ་པར་བྱ། །སྨིན་ཕྲག་སྙིང་རྩ་སྲོག་རྩ་འཁྱིལ། །ཆོད་ན་ཏྲེ་མ་ཕ་བོང་དྲགས། །རྒུན་འབྲུམ་ཉ་ཡི་མཁྲིས་པ་གདབ། །

གྲང་ཐང་བྱ་ཞིང་ཁ་ཞུན་ནི། །ཚ་གྲང་ཚོད་དང་སྦྱར་ལ་གཏང་། །ཚིལ་བུ་མར་དང་སྦྱར་ལ་བྱ། །ཤིན་ཏུ་ན་ཚབས་ཆེ་བ་དང་། །ཚ་བ་ཆེ་ན་གཏར་བ་ནི། །གདོང་སྲིན་རྣ་རྩ་མིག་ན་ནི། །མིག་རྩ་རིང་བུ་གཏར་བ་དང་། །སྙིང་རྩ་མི་བདེ་ཨོལ་མདུད་གདབ། །དབུགས་ཐུང་གླལ་དང་ལུ་བ་དང་། །དཔྲལ་བའི་རྩ་དག་གཏར་བ་སྟེ། །དང་ག་དག་ནི་མི་བདེ་ན། །གུང་མོའི་སྲིན་ལག་གདུབ་རྩ་གཏར། །ཚིགས་པ་བཅུ་གཉིས་བཅུ་གསུམ་དང་། །ཕོ་བའི་རྩ་གཉིས་བསྲེག་པར་བྱ། །རྣ་རྩ་ཆོད་ན་བསིལ་དྲོད་ནི། །གོང་བཞིན་ཕྱི་འཇུག་ལོང་མོ་ནི། །ཕྱི་ཡི་དགྲ་རྩ་དག་དང་ནི། །ནུ་མའི་རྩ་འགུལ་དག་དང་ནི། །ལྟག་ཆུའི་ནང་གཉིས་འདུས་སོ་ཆེ། །སོག་པའི་དཀྱིལ་དང་རྩིབ་ཐུང་སྣ། །བཅུ་བཞི་བཅོ་ལྔ་བསྲེག་པར་བྱ། །ཀླད་པའི་དཀྱིལ་དུ་ནང་གདུང་ཆག །ཆུ་སེར་འཛག་སྟེ་འཆི་བར་འགྱུར། །གཡས་གཡོན་ཚོན་གང་བཅལ་བར་ནི། །ལྷ་རྩ་ཁྱི་ཉལ་ཡོད་པས་གཟབ། །སྣ་རྩ་གདབ་ཅིང་སྣ་ཁྲག་འདོན། །ལྷ་བ་མར་བསྲེག་པས་ནི་དགང་། །རྩ་བྱེར་དག་ཏུ་སོང་བ་ལ། །བུད་མེད་ཁྲག་དང་མཚལ་དང་ནི། །མཱུ་ལ་གཉིས་དག་གཏང་བར་བྱ། །ཁ་ཞུན་ཉེ་ཤིང་ར་མཉེ་བའི། །ཞོ་དང་སྦྱར་བ་དག་གིས་བྱ། །དབུགས་ཐུང་སྟོད་གཟེར་སྐོམ་དད་ཆེ། །དཔྲལ་བའི་སྐྲ་མཚམས་སོར་བཞི་ནས། །ཕུན་གང་དག་ཏུ་གཏར་བར་བྱ། །རྒྱ་བསྐོར་གར་བབས་བསྲེག་པར་བྱ། །ཀླད་པའི་བེ་གསང་ཆོད་ན་འཆི། །རུས་པ་སྟེང་འོག་ཆག་པ་ན། །རུས་པའི་བར་ཏུ་རྩ་འཐེམས་དང་། །ལྔའམ་དྲུག་ན་མ་རླན་ན། །གཡས་གཡོན་ཐུར་ཚོན་རེ་རེ་ཡང་། །ཕན་ཚུན་བཅལ་བར་བྱི་རྩེ་མིག །རྣག་ཆུ་འདོན་ཅིང་དཔྲལ་རྩ་གཏར། །རྨ་རྩི་ཏྲེ་མུ་ལ་དག་དང་། །ཙ་མུ་ལ་དང་བཙུན་མོ་གདབ། །དོམ་མཁྲིས་ཅུ་གང་གུར་གུམ་གདབ། །གཤེར་བྱེར་ཚ་བ་སྐྱེས་ནས་ནི། །རྣག་ཆུ་མང་ཞིང་སླ་བ་དང་། །ངང་སེར་དག་ཏུ་འབྱུང་བ་འོ། །

རྩེའུ་ཆུང་དག་ནི་ཁ་ཕྱེ་གདབ། །ག་པུར་གུར་གུམ་ཀ་ར་དང་། །བྱེ་མ་རག་ཆོད་ལོ་ན་དང་། །མཱུ་ལ་གཉིས་དང་རྡོ་རྒྱུས་དང་། །བྱ་ཕོའི་ཟེ་དང་བུད་མེད་སྨད། ཁྱི་ཁྲག་དག་གི་ལྡེ་གུ་གཏང་། །ནུ་ཞོའི་ལྡེ་གུས་ཀླད་རུས་བྱུག །ཅུ་གང་རྩ་ཡི་ནང་དུ་རྒྱུག །ག་པུར་ཚ་བ་སྤྱི་དག་སེལ། །བ་ལ་ཀ་ཡིས་གློ་ནད་སེལ། །པུ་ཙེ་ཤེལ་གྱིས་མཆིན་པ་ལའོ། །ཀྱི་ལྕེ་ཚ་བ་བ་སྤུར་འདྲེན། །བ་ཤ་ཀ་ཡིས་ཁྲག་མཁྲིས་སེལ། །གླ་སྒང་གསོ་མ་ར་ཙ་ནི། །ཆུ་སེར་དག་ནི་སྐེམ་པར་བྱེད། །རྩེའུ་ཆུང་དཔུང་རྩ་དག་ཀྱང་གདབ། །ལྷ་བ་སྐམ་བྱེར་བཅོས་པ་ནི། །མཱུ་ལ་རྣམ་གཉིས་ལོ་ན་དང་། །རུ་རྟ་འབྲུག་རུས་འོ་མར་སྦྱར། །ཀླད་རུས་དག་ལ་བྱུག་པར་བྱ། །རུས་པའི་ལྷ་བས་ཁ་ཞུན་བྱ། །ལྟོ་རུ་སྒོག་པ་ཟྭ་ཚོད་དང་། །བྲ་བོ་ཀེ་རུ་ཤིན་ཏུ་བསྔགས། །ཉ་རློན་ཉུང་རློན་དག་ཀྱང་ངོ་། །གཏར་དྲག་འཁྲུ་དང་སྐྱུགས་པ་དང་། །ཁ་ཞུན་ཞན་པས་ཉི་ལྷག་ཁྱེར། །རྒས་དང་ཟས་ཡེན་དག་ཡིན་ཏེ། །རུས་མདོག་རུ་རྟ་འདྲ་བ་དང་། །ཐུད་རུལ་འདྲ་བ་བརྡར་བར་བྱ། །ལྷ་ཁྲག་ནག་པ་བརྡར་བར་བྱ། །དམར་པོར་སླེབས་པ་གཞག་པར་བྱ། །མཛེ་ལྕི་རུས་ཕ་མར་ནག་སྦྱར། །སྤྱང་འབྲོས་ཤིང་ལྟར་འབྲོས་པ་ལ། །ལྷ་ཆུ་ལྷ་སྟེ་འབྲོས་པ་ལ། །ལྷ་བ་དག་ནི་བརྡར་བ་དང་། །ཨ་བི་ཤ་དང་སྐྱུར་མོའི་སྙིང་། །མཱུ་ལ་གཉིས་དང་རྡོ་རྒྱུས་གདབ། །དྲོད་དང་བཅུད་ཀྱིས་བཅོས་པ་སྟེ། །སྐམ་གཤེར་བྱེར་བ་བརྟག་པར་བྱ། །

བད་མཁྲིས་རྩ་རེངས་བཅོས་པ་ནི། །མཱུ་ལ་གཉིས་དང་ལོ་ན་དང་། །དོམ་མཁྲིས་ཅུ་གང་གུར་གུམ་དང་། །སྤྱི་ཞུར་ཤེལ་ཏའི་ཕྱེ་མ་དག །ནུ་ཞོས་ལྡེ་གུ་བྱས་ལ་བྱུག །མཁྲིས་པ་རྩི་དང་ར་མཉེ་བ། །ཝ་སྣར་རྩ་བ་དག་དང་ནི། །སྐྱུར་མོའི་རྩ་བ་དག་ལ་ནི། །ཏྲེ་མུ་ལ་ཡི་ཕྱེ་མའི་ནན། །མིག་ཟུར་བྱ་གདོང་ཞོན་པ་གདབ། །ཚ་བ་སྐྱེས་ན་བྱི་ཙེ་མིག །ཤ་ནི་གཤགས་ཐབས་དྲ་བ་སྟེ། །ཕོ་ཁར་འདྲིལ་ན་སྣོན་བཞི་གཏར། །ལྷེན་སྣ་དག་ནི་བསྲེག་པར་བྱ། །རུལ་སུངས་མི་གཏང་བཅུད་ཆེན་སད། །དཔྱང་ཐག་རྩ་དག་ཆོད་ནས་སུ། །སྟེང་འོག་གཉི་ག་ཆག་ན་ནི། །རྣག་ཁྲག་ཆུ་སེར་དབུགས་ཀྱིས་འབུད། །ལོག་ན་རྨ་ནས་གཡོན་དུའམ། །ཐུར་གང་གཡས་གཡོས་ཕུག་ནས་སུ། །རྣག་ཆུ་དག་ནི་འབབ་ཏུ་གཞུག །ལྷ་བ་བྱེར་ན་དགུག་པར་བྱ། །རྩ་འཕྲིག་དག་ཏུ་མེ་བཙའ་གདབ། །མཆིན་དྲིའི་འདོམས་རྩ་ཆོད་པ་དང་། །སྟེང་འོག་གཉི་ག་གྲུམས་ན་ནི། །རྩེའུ་ཆུང་རྩ་མདུད་སྣེ་ལྷག་ན། །རྡོ་དུགས་སྤྲ་དུགས་མེ་བཙའ་བྱ། །

ཕོ་བར་བབས་ན་རུ་ཐུང་གདབ། །དགབ་རྩ་རྐང་པ་རེངས་ན་གདབ། །སྣེའུ་ལྷག་དང་རྩེའུ་འགོ་གཟེར། །ལག་པ་བཤལ་ཞིང་འདེགས་མི་ཤེས། །དཔུང་རྩ་གཏར་ཞིང་བསིལ་དུགས་བྱ། །རྩ་ཡི་རྒྱལ་པོ་འཁོར་བ་ཆོད། །རུས་པ་སྟེང་འོག་ཆག་ན་བཟང་། །ཀླད་པ་བྱེ་བ་ཡན་ལག་རེངས། །གཡས་གཡོན་གང་བཞིན་དགབ་རྩ་གདབ། །དཔུང་རྩ་གློ་རྩ་གདབ་པར་བྱ། །ཚིགས་པ་ལྔ་པ་བསྲེགས་པར་བྱ། །ཕོལ་གོང་ཐུར་གང་ཚོན་གང་ན། །གྲུ་མོ་བུད་ན་རྩ་ནག་ཡོད། །དེ་ཡང་བསྲེག་གམ་གཏར་བར་བྱ། །གུང་མོའི་རྩ་ཡང་འཁྱིལ་པ་བསྲེག །གཞུང་རེངས་ཆུ་སེར་འཛག་སྒོ་ནི། །ཚིགས་པ་ལྔ་པ་ཁ་གསུམ་བསྲེག །མཇིང་པ་རེངས་པ་བརྡར་བར་བྱ། །བརྒྱུངས་པ་དག་ལ་ཆུ་སེར་འདོན། །ཡང་ན་གཞུག་གུ་ཆུང་དག་གཏར། །རྩ་ཡི་རྒྱལ་པོ་འཁོར་བ་ནི། །ལྔ་པ་དམུ་ལུགས་འཁོར་བ་སྟེ། །གཞན་ནི་གནས་ཀྱང་ངེས་པ་མེད། །མཐོང་དབྱེ་རྣ་མཆན་འགུལ་རྩ་གདབ། །ཕོ་བ་མི་བདེ་འཆུགས་པ་དང་། །སྙིང་མི་དགའ་ཞིང་འདར་བ་ལ། །ལྔ་གསང་བདུན་གསང་བསྲེག་པ་དང་། །རྒྱུ་ཞབས་གཉེར་མ་རེངས་པ་བསྲེག །བཅོ་ལྔ་པ་ཡང་བསྲེག་པར་བྱ། །

བྱིན་གཞུག་དགབ་རྩ་གདབ་པར་བྱ། །ཉི་ཤུ་གཅིག་ལ་དགབ་ཁུང་བབས། །ཉྭ་སུལ་རྐང་མཐིལ་བབས་ནས་ནི། །རྐང་མཐིལ་བབས་ཏེ་ཐོ་རངས་འཆི། །སྤྱི་བོ་དག་ནས་ཐུར་གང་ན། །ཕུན་གསུམ་དག་ནས་ཁྱི་ཉལ་ནི། །ལྕེ་ཡི་གབ་རྩ་ནག་པོར་བསྡམས། །སོག་པའི་རུས་པ་དག་དང་སྡོད། །ལུས་པོ་རེངས་ལ་ལྕེ་མི་བདེ། །མཚོགས་མ་ལྕི་ཞིང་ལྟག་པ་གཟེར། །མཚོགས་མ་དག་དང་མུར་འགྲམ་བསྲག །རྩེའུ་ཆུང་ཐོང་རྩ་གཏང་བར་བྱ། །ཞག་དགུ་དག་ན་ལྕི་ལྡིབ་ན། །དགབ་རྩ་གཏར་བས་ཐུབ་པ་འོ། །

བཅུ་གསུམ་དག་ནས་སྙིང་མི་ཐུབ། །སྐེ་མཇིང་རེངས་པ་སྙིང་ལ་ལྷུང་། །བཅུ་བཞི་བཅུ་བདུན་དག་ལ་ནི། །ཕོ་བ་མཆེར་བ་དག་ལ་ལྷུང་། །དང་ག་མི་བདེ་འཆུགས་ཤིང་སྦོ། །རྩ་ཡི་སྨེ་བ་ཐིག་ལེ་འོང་། །ཉི་ཤུ་གཅིག་ལ་ལྐུགས་ནས་འཆི། །རྣ་བ་དག་ནས་ཐུར་གང་ན། །བློན་པོ་གཉིས་ནི་བླ་རྩ་འོ། །སྤྱི་གཙུག་ཚངས་པ་ཕུན་གསུམ་ན། །བཙན་ན་གསེར་ཐུར་ཁབ་རྩེ་ཙམ། །རྩ་ཁ་བསྲེགས་ཏེ་མ་ཐུབ་ན། །བྱ་རྨྱང་བྱེད་ཅིང་སྙིང་མི་བདེ། །ཞག་དགུ་དག་ན་རྩ་སྐྱོན་གྱིས། །གཡོན་ངོས་མི་བདེ་སྲི་ཁ་མང་། །སྣ་བུག་སྐམ་ཞིང་གྲེ་བ་ཚ། །བོང་མཆུ་ལྟ་བུར་ཤ་བཟོ་བྱ། །གསེར་རམ་ར་གན་ཐུར་མས་བསྲེག །མཁལ་རྩ་དང་བསྡེབས་ཞག་གསུམ་ན། །དཔུང་གཡོན་མི་བདེ་འདར་བ་ན། །རོ་རྒྱབ་གཟེར་ཞིང་ལྕི་བ་ལ། །སྟོད་ལ་ཚིགས་པ་དྲུག་བདུན་བསྲེག །ལག་པ་བཤལ་ན་ལྷ་བ་ནི། །དཀར་ནག་མཚམས་སུ་བསྲེག་པར་བྱ། །གྲུ་མོ་བྱ་རོག་མིག་གཉིས་སྲེག །མཐེའུ་ཆུང་སྲིན་ལག་བར་དུ་བསྲེག །རྒྱུ་མ་ན་ན་མཁལ་ཕུག་ཏུ། །ཆུ་སེར་ལྷུང་སྟེ་ཆུ་སྲི་སྡོམ། །སྨད་མི་ཐེག་ན་དཔྱི་མིག་བསྲེག །བཅུ་གསུམ་དག་ན་རྐང་པ་རེངས། །བརླ་ཡི་ཕྱི་མཆན་པུས་མོས་སླེབས། །པུས་མོ་བྱ་རོག་མིག་གཉིས་བསྲེག །སྒྱིད་ཁུང་རྩ་ནི་དབུས་མ་གཏར། །བྱིན་སྙིང་རྐང་མཐིལ་བབས་ན་འཆི། །བདུད་སྒོ་སྲོག་རྩ་ཆད་ན་འཆི། །ཁ་སྣ་བུད་ཅིང་ཁོང་ཚ་སྐྱུགས། །སྒལ་ཚིགས་ཆུ་སེར་འགྲོ་བ་སྟེ། །གྲང་ཞིང་ཀྱུག་ཀྱུག་འགྲོ་བ་འོ། །དྲག་ཤགས་མི་བྱ་མེ་ཆོས་བྱ། །

དེ་ལྟར་སྤྱིར་ན་སྨིན་མ་ནས། །སོར་བཞི་གྱེན་ལ་དེ་ནས་འཕྲེད། །སོར་གསུམ་ནས་ནི་གདུམ་རྩ་དང་། །ལྷ་རྩ་རེང་བུ་དག་ཏུ་འོ། །དེ་ནས་ཆག་གང་མཁྲིས་པའི་མཚོ། །གཡས་གཡོན་མིག་ཟུར་མཁྲིས་པའི་སྒོ། །མཁྲིས་པའི་མཚོ་ནས་ཆག་གང་ན། །རྩ་ཡི་རྒྱལ་པོ་དག་གནས་ཏེ། །དེ་ནས་རྒྱབ་ཏུ་མཚོན་གང་ན། །ཆུ་རྩ་དག་སྟེ་གཡས་སུ་ནི། །ཚོན་གང་ན་ནི་རླུང་རྩ་འོ། །གཡོན་པ་དག་ཀྱང་དེ་བཞིན་ནོ། །རྒྱབ་ཏུ་ཚོན་གང་ཁྲག་རྒྱུ་འོ། །རྒྱལ་པོ་དག་ནས་སོར་བཞི་ན། །དུང་འབུད་དག་གི་རྩ་དག་གོ །རྒྱབ་ནས་ཐུར་གང་བདུད་ཀྱི་ནི། །ཟངས་འཛེར་དག་སྐྱེ་དེ་ནས་གཡོན། །ཚོན་རེ་དག་ནས་མཁལ་རྩའི་གཟེར། །སྐྲ་མཚམས་ལྟག་རྩ་ནག་པོ་འོ། །དེ་ལྟར་སྤྱི་བོའི་མདུན་དང་རྒྱབ། །ལྟག་པ་རྣ་བའི་ཐུར་གང་ན། ཁྱི་ཉལ་དག་གི་ལྷ་རྩ་འོ། །སོ་མ་རཱ་ཛ་ལས་རྩ་བཅོས་པའི་ལེའུ་སྟེ་གོ་བརྒྱད་པའོ།།  །།

 

དེ་ནས་རྩ་ཡི་བབས་བསྟན་པ། །སྙིང་ལ་བབས་ན་ཐོང་རྩ་དང་། །ཨ་སོ་རྩེའུ་ཆུང་རྐྱང་པ་འོ། །རྒྱུ་མོ་གོང་གི་རྩ་དག་གཏར། །སྐམ་ལ་ལྕེ་དག་སེར་བ་ན། །སེར་ཐིག་བྱུང་ན་ལྕེ་རྩ་གཏར། །ཚིགས་པ་དྲུག་པ་བདུན་པ་བསྲེག །དཀར་ནག་མཚམས་སུ་བསྲེག་པར་བྱ། །ག་པུར་ཨུཏྤལ་སྔོན་པོ་དང་། །ཅུ་གང་གུར་གུམ་གཏང་བར་བྱ། །ཡང་ན་ཛཱ་ཏི་ག་པུར་དང་། །ཞོ་ཤ་གསུམ་དང་ལི་ཤི་དང་། །སུག་སྨེལ་ཀ་རའི་ཕྱེ་མ་གཏང་། །སྙིང་གི་ཞོ་ཤས་སྙིང་འཕྱོ་དང་། །སྟོབས་བསྐྱེད་ཆུ་སེར་སྐེམ་པ་དང་། །གླ་གོར་ཞོ་ཤས་ཆུ་སེར་འདྲེན། །མཁལ་མ་ཞོ་ཤས་ཚད་པ་འཇིལ། །ཛཱ་ཏིའི་དབུགས་དག་འདྲེན་པར་བྱེད། །ཀ་ཀོ་ལས་ནི་རྩ་འགལ་གཅོད། །ལི་ཤིས་ཆུ་སེར་རྨ་ཁར་འདྲེན། །རུ་རྟས་ཆུ་སེར་བྱེར་བ་སྡུད། །ཡང་ན་གུར་གུམ་ཛཱ་ཏི་དང་། །དོམ་མཁྲིས་མཁྲིས་ཆེན་ཙབས་རུ་ཚ། །གུར་གུམ་ཛཱ་ཏེས་རྩ་སྦུབས་སེལ། །དོམ་མཁྲིས་མཁྲིས་ཆེན་བླ་ཅོལ་སེལ། །ཙབས་རུ་ཚས་ནི་ཆུ་སེར་གཅོད། །ཅུང་ཞིང་བདེ་ན་ག་པུར་གཏང་། །ལྐུགས་ན་བཅོ་ལྔ་དག་ན་འཆི། །གློ་ལ་བབས་ན་རྩེའུ་ཆུང་དང་། །ཨ་སོ་དཔུང་རྩ་སྐྱོར་གོང་གཏར། །རྒྱབ་ཀྱི་བཞི་པ་ལྔ་པ་དང་། །མདུན་གྱི་གློ་མིག་བསྲེག་པར་བྱ། །

གྭ་དོར་བསེ་རུ་ག་པུར་དང་། །ཙནྡན་འབྲི་མོག་ཅུ་གང་དང་། །དོམ་མཁྲིས་གསོ་མ་ར་ཙ་གཏང་། །གྭ་དོར་དག་གིས་ཆུ་སེར་སྡུད། །བསེ་རུས་རྩ་འགྲམས་སྡུད་པ་དང་། །ཙནྡན་ཆུ་སེར་སྡུད་པ་དང་། །འབྲི་མོག་ཅུ་གང་རླན་འབེབས་དང་། །དོམ་མཁྲིས་གསོ་མས་རྩ་ཁ་འཛིན། །རྟ་ནི་བུས་པའི་ཆུས་ཕུལ་གཏང་། །ཡང་ན་ཛཱ་ཏི་ལི་ཤི་དང་། །སུག་སྨེལ་ཅུ་གང་ཤིང་མངར་དང་། །ག་པུར་མཚལ་དང་དོམ་མཁྲིས་གཏང་། །ཡང་ན་ཅུང་གང་ཛཱ་ཏི་དང་། །རྒྱ་ཤུག་འབྲུ་གུ་ཕུར་མོ་ཐལ། །ཤིང་ཚྭ་ཤིང་མངར་མཚལ་དང་ནི། །དོམ་མཁྲིས་ཀ་ར་སྦྱར་ལ་གཏང་། །བཅུ་གསུམ་དག་ནས་ལོག་གྱུར་ན། །ཉི་ཤུ་བཞི་ལྔར་མ་འཆི་ན། །དེ་ནས་བཅུད་དང་བཅས་པར་གཏང་། །སྦྲང་རྩི་དག་ནི་མཆོག་ཏུ་འོ། །མཆིན་པ་དག་ལ་བབས་པ་ན། །རུ་ཐུང་དང་ནི་གཤའ་རེངས་དང་། །སྣོད་བཞི་དག་དང་དགབ་རྩ་གཏར། །ཕོ་བ་མཆིན་པ་རེས་མི་བཟོད། །རྩ་བོ་ཆེ་ནི་གཏར་བར་བྱ། །

སྦོས་ན་བྱ་མཆུ་བསྲེག་པ་དང་། །བརྒྱད་པ་དགུ་པ་བསྲེག་པར་བྱ། །གུར་གུམ་མཆིན་ཁྲག་སེལ་བར་བྱེད། །ཙནྡན་རྩར་འདྲེན་ཁྲོ་ཆུས་ནི། །བཟང་ཁྲག་དག་ནི་བགྲངས་སུ་བཅུག །གསང་དུ་རྣག་ནི་བལྟ་བར་བྱ། །མེད་ན་རྩིབ་རེངས་རྒྱབ་ཏུ་བསྲེག །ཉི་ཤུ་དག་ལ་མ་འཆི་ན། །དེ་ནས་འཚོ་བས་གཟབ་པར་བྱ། །མཁལ་མ་དག་ལ་བབས་པ་ན། །རྩ་བོ་ཆེ་དང་བྱིན་གཞུག་དང་། །ཡོབ་ཆེན་གོང་དང་ཕྱི་ལོང་གདབ། །བཅུ་བཞི་བཅོ་ལྔ་ཁ་གསུམ་བསྲེག །སུག་སྨེལ་ཉི་དགའ་འགོ་ལྕམ་དང་། །སྡིག་པ་སྲིན་བུ་དོམ་མཁྲིས་དང་། །བུ་རམ་དག་དང་སྦྱོར་ལ་གཏང་། །ཆུ་སྡོམ་ཛཱ་ཏི་ཆུ་སྐོལ་གཏང་། །ཡང་ན་མཐེབ་མཛུབ་བར་དག་ཏུ། །ཐུར་གང་དང་ནི་བཅོ་བརྒྱད་པ། །བསྲེག་ཅིང་ལོང་རྩ་གཉིས་ཀྱང་གདབ། །དེས་མ་ཐུབ་ན་ལུས་པོ་སྐྲངས། །ཉི་ཤུ་གཅིག་གམ་གསུམ་ན་འཆི། །

མཆེར་རྩར་བབས་པ་བཅོས་པ་ནི། །པུས་མོའི་འཁོར་རྩ་གདུམ་རྩ་དང་། །རྩ་བོ་ཆེ་དག་གཏར་བར་བྱ། །མཆེར་པའི་གསང་དང་དེ་ཚོན་གང་། །ཡང་ན་མཛུབ་གང་གསང་དུ་བསྲེག །རྒྱ་ཚྭ་བྲག་ཞུན་ཙི་ཏྲ་ཀ །བུ་རམ་ཨ་ཤོ་གནྡྷ་གཏང་། །བྲག་ཞུན་ཚ་སྦོས་སྒྲེགས་པ་སེལ། །རྒྱ་ཚྭས་ཆུ་སེར་རྩ་རུ་འདྲེན། ཙི་ཏྲ་ཀས་ནི་ཆུ་སེར་སྐེམ། །བུ་རམ་སྨན་འཇུ་ལུས་སྟོབས་བསྐྱེད། །གདོང་ཤ་སྦོས་ཤིང་ལུས་ཤ་འཇུ། །སྒྲེག་ཅིང་རྩིབ་རེངས་འཁོར་ཞིང་གཟེར། །མཆེར་གསང་བསྲེག་ཅིང་འཇམ་རྩི་བྱ། །ཛཱ་ཏི་སུག་སྨེལ་ཙི་ཏྲ་ཀ །བུ་རམ་དག་གི་རིལ་བུ་གཏང་། །དེས་མ་ཐུབ་ན་འཅི་བར་འགྱུར། །རྒྱུ་མ་དག་ལ་བབས་པ་ན། །རྒྱུ་མ་སྐམ་སྟེ་ཕོ་བ་ལ། །འབྱར་ཏེ་རྟགས་ནི་མིག་མི་འཛུམས། །གྲོ་ལོ་འབོས་མོ་དྭ་བ་དང་། །ད་ཏྲིག་བུ་རམ་དག་དང་སྦྱར། །རྒྱ་ཚྭ་རྒྱམ་ཚྭ་དག་གི་ཐང་། །བུ་རམ་རྒྱུ་མ་འཁྲིལ་བ་འཁྲོལ། །གྲོ་ལོ་འབོས་མོས་རླན་འབེབས་སོ། །དྭ་བས་ཆུ་སེར་སྐེམ་པ་དང་། །རུལ་དག་འདྲེན་པར་བྱེད་པ་ཡིན། །རྒྱམ་ཚྭས་མདུད་པ་གྲོལ་བ་སྟེ། །རྒྱ་ཚྭས་དབུགས་འཁྲུ་ཆུ་སེར་འདྲེན། །རྒྱུ་གསང་ལྟེ་བའི་ཟུར་དང་ཁུང་། །ཚུགས་གསུམ་ཁ་གསུམ་དག་ཏུ་འོ། །

ཡར་ལ་སྐྱུགས་ན་ཕོ་བ་བསྲེག །མར་འབྱང་ད་ཏྲིག་མོན་ཆ་ར། །ཨ་འབྲས་ཐ་རམས་ཞོ་བསྐོལ་གཏང་། །ལོང་ལ་བབས་ན་ལོང་རྩ་གཏར། །བཅུ་གསུམ་དག་ན་ལོང་ཆུ་རྒྱུག །ལོང་གསང་ཁ་གསུམ་དག་ཏུ་བསྲེག །འབྲས་བུ་གསུམ་དང་བ་ལེ་ཀ །ཏིག་ཏ་དུག་མོ་ཉུང་ཐང་གཏང་། །བུ་རམ་བུལ་ཏོག་རྒྱམ་ཚྭ་དང་། །དུར་བྱིད་དག་ནི་མས་ཁ་གཏང་། །དུ་བས་སྣོད་ཀྱི་གཅིན་འཛིན་གཅོད། །བུལ་ཏོག་རྒྱུ་མའི་ལམ་དག་སྦྱོང་། །དུར་བྱིད་རྒྱུ་མའི་ནད་རྣམས་འདེད། །རྒྱམ་ཚྭས་སྣོད་ཁ་བྱེ་བ་སྡོམ། །བུ་རམ་ཟུག་གཟེར་རླུང་འཇོམས་ཏེ། །མཁྲིས་པ་དག་ལ་བབས་པ་ན། །གསེར་མདུང་ཁྱུད་མོ་སྣོད་རྩ་གཏར། །མཁྲིས་གསང་གཡས་གཡོན་དག་ལ་བསྲེག །དོམ་མཁྲིས་ཏིག་ཏ་བ་ཤ་ཀ །གསེར་གྱི་མེ་ཏོག་དུག་མོ་ཉུང་། །བ་ལེ་ཀ་དང་ཁྲོ་ཆུ་གཏང་། །དོམ་མཁྲིས་སྦྱོངས་དང་ཏིག་ཏས་སྡུད། །དུག་མོ་ཉུང་སོགས་བ་སྤུར་འདྲེན། །ལྕགས་ཕྱེ་ཞུ་བར་བྱེད་པ་འོ། །

ཡང་ན་ག་པུར་ད་ལིས་དང་། །ཅུ་གང་ར་ཞོ་སྦྱར་ལ་གཏང་། །ག་པུར་ཉི་མ་སྤྲིན་བསྒྲིབ་འདྲ། །ད་ལིས་སྣོད་ཀྱི་དྲི་མ་འཁྲུ། །ཅུ་གང་རྩར་རྒྱུག་རྩ་ལམ་སེལ། །ཀ་ར་མེ་ལ་ཆུ་བཏབ་འདྲ། །ར་ཞོས་རྡོ་ལ་ཆུ་བཏབ་འདྲ། །རྨ་ནས་ཚོན་གང་བཞི་སྒྲོམ་བསྲེག །ཕོ་བ་དག་ལ་བབས་པ་ན། །སྣོད་བཞི་རུ་ཐུང་གཏར་བར་བྱ། །ཕོ་བའི་མདུན་རྒྱབ་གསང་དུ་བསྲེག །གོ་བྱེ་སུག་སྨེལ་ཀ་ཀོ་ལ། །པི་པི་ལིང་དང་རྒྱམ་ཚྭ་དང་། །སྦྲང་རྩིའི་ལྡེ་གུ་བྱས་ལ་གཏང་། །གོ་ཕྱེས་རྩར་འདྲེན་སུག་སྨེལ་དང་། །ཀ་ཀོ་ལ་ཡིས་དྲོད་དག་བསྐྱེད། །རྒྱམ་ཚྭས་རླངས་འདོན་པི་པི་ལིང་། །ཕོ་བའི་ཟུག་རྣམས་སེལ་བ་འོ། །སྦྲང་རྩི་རྩ་ཡི་མདུད་པ་གྲོལ། །ལྒང་ཕུགས་དག་ལ་བབས་པ་ན། །མཐེབ་མཛུབ་བར་དུ་མེ་བཙའ་བསྲེག །ནང་ལོང་ཐུར་གང་བསྲེག་པ་དང་། །སྤུ་ནི་ནེ་གུའི་མཚམས་སུ་བསྲེག །སྡིག་པ་སྲིན་བུ་སུག་སྨེལ་དང་། །རྒྱ་ཚྭ་རྒྱམ་ཚྭ་དོམ་མཁྲིས་དང་། །གྭ་དོར་ཙབས་རུ་ཚྭ་དག་གཏང་། །སྡིག་པ་སྲིན་བུས་ཆུ་འགག་སེལ། །འཕར་རྩ་ཐམས་ཅད་བསྲེག་པར་བྱ། །ཨ་བྱག་ཤེལ་ཏ་སྦྱི་ཞུར་དང་། །རེ་རལ་རྣམ་གསུམ་གཏང་བར་བྱ། །

ཕོ་བའི་བདུད་རྩ་ནག་པོ་ཆོད། །དཔུང་པ་མི་ཐེག་སྟོད་གཟེར་ན། །གོང་གི་སྨན་གཏང་གདུམ་རྩ་གཏར། །དང་ག་འགྲིབ་ན་ཕོ་གདོང་རྩ། །གོང་མོ་སྲིན་ལག་བར་རྩ་གདབ། །རྐང་པ་ལྕི་ན་བྱིན་གཞུག་གཏར། །འཁྲུ་ན་ཕོ་བ་མེ་བཙའ་གདབ། །བཙན་མོ་རེ་རལ་མཚལ་དོམ་མཁྲིས། །སྐྱུར་མོའི་སྙིང་པོ་ཨ་བྱི་ཤ །ཀ་ར་དག་གི་ཕྱེ་མ་གདབ། །ལོ་ན་འབྲུག་དང་རུ་རྟ་གདབ། །སྲོག་ཆགས་ཨ་བྱག་ཀ་ར་གདབ། །གློ་སྙིང་བླ་རྩ་ཆོད་ན་ནི། །སྐྱེས་བུས་ཞགས་པ་འཕངས་པ་འདྲ། །ཐོད་ཀོར་ན་ཞིང་གཟེར་བ་བསྲེག །ཏྲེ་མུ་ལ་དང་འབུ་སུག་ཧང་། །བྱེ་མ་སེར་པོ་ཁྲག་སྐེམ་དང་། །ཀ་ར་སྦྱར་བས་རྨ་ལ་གདབ། །ཀླད་པའི་རྩ་འདྲ་བེ་གསང་ཆོད། །རུས་ཆག་རྩ་དག་མ་ཆོད་ན། །རུས་པ་བརྡར་དུ་མི་རུང་ངོ་། །ལོག་ན་མུ་ལ་རྣམ་གཉིས་དང་། །བཙུན་མོ་དོམ་མཁྲིས་མཚལ་དང་ནི། །སྲོག་ཆགས་ཨ་བྱག་ཀ་རར་སྦྱར། །རྣ་རྒྱབ་རྩ་བྲན་བྱུང་བར་བསྲེག །གཞུང་ཁྲིད་ཚིགས་པ་ལྔ་པ་བསྲེག །གཞུང་གི་རྩ་ནག་བཅོས་པ་ནི། །རྩ་མ་ཆོད་པར་ཆགས་ན་བཟང་། །ཆད་ན་སྨན་ནི་གོང་བཞིན་ཏེ། །དྲོད་བག་བུ་རམ་གཏང་བར་བྱ། །ཆོད་ན་ཕལ་ཆེར་འཆི་བ་འོ། །ཀླད་མིག་འཁོར་བ་བཅོས་པ་ནི། །ཞུན་དུགས་བྱ་སྟེ་ཆོད་ན་འཆི། །རྣ་བའི་དབང་རྩ་ཆོད་ན་ནི། །རྣ་ལྷན་རུས་པ་རང་བྱུང་གཞག །གཞུང་གི་རྩ་ནག་བཅོས་པ་ནི། །མཆིན་པའི་རུ་ཐུང་གདབ་པར་བྱ། །བྱིན་གཞུག་དག་ཀྱང་གདབ་པར་བྱ། །ཤ་ནི་མི་བསྐོར་དྲས་ལ་བཅོས། །བདུད་སྒོ་ཆེན་པོ་བཅོས་པ་ནི། །བསྐོར་དུ་མི་རུང་ཉ་རལ་བྱ། །ཆུ་བའི་རྩ་དག་མི་གཅོད་དོ། །

གྲུམས་ན་རུས་པ་རང་བྱུང་བྱ། །གཞུང་རེངས་ལྟག་པ་དགྱེ་བ་འོ། །རྩེའུ་ཆུང་འཁོར་བ་བཅོས་པ་ནི། །རུས་པས་རྩ་གདན་ནོན་པ་ཡིས། །ལྟག་པ་དགྱེ་དང་སྨྲ་མི་ཤེས། །སྤྲ་ལག་ལྷ་རྩ་ཆོད་པ་དང་། །ལྟག་ཁུང་ངོས་སུ་རྣག་ཆུ་འགྲོ། །རྣག་ཆུ་སོང་ན་ལྟག་མིག་ལྟ། །ཤ་རྩ་རྩེའུ་ཆུང་རེངས་པ་དང་། །རྩེའུ་ཆུང་གཏར་ཞིང་མེ་བཙའ་བྱ། །དཔུང་བའི་གདུམ་རྩ་གདབ་པར་བྱར། །མུ་ལ་གཉིས་དང་བཙུན་མོ་དང་། །དཀར་པོ་གཅིག་ཐུབ་དོམ་མཁྲིས་གཏང་། །རྩ་ལག་བདུད་ཀྱི་རྩ་བཅོས་པ། །རུས་ཆག་ཐང་གཏང་ལྷ་མིག་འབྱེར། །ནང་གདུང་ཆག་ནས་སྤྲིས་མར་ལ། །མཆིན་དྲི་ཕོ་བར་འཁོར་ནས་ན། །ཕོ་རྩ་དག་ནི་གཏར་བར་བྱ། །འབྲས་བུ་གསུམ་དང་རྒྱམ་ཚྭ་ཡི། །ཐང་གཏང་སྣོད་བཞི་ཁ་དབྱེ་འོ། །མིག་རྩ་དག་ནི་བཅོས་པ་ནི། །ཀླད་པའི་ཕོག་ས་བཟང་བ་སྟེ། །རུས་པ་སྟེང་འོག་གཉིས་ཀ་ཆག །ཀླད་ཆུ་འོ་གའི་ཆུ་འདྲ་འོང་། །སྟེང་འཐེམས་འོག་དག་ཆག་པ་ན། །ཆུ་སེར་རུས་པའི་བར་དུ་འགྲོ། །སྣ་རྩ་དག་ནི་གཏར་བར་བྱ། །རྩ་སྟེང་སྤྲ་བས་བསྲེག་པར་བྱ། །

ཀླད་པ་ལུག་ན་ཀླད་སོབས་ནི། །བྱེའུ་ཅོ་ག་ནེ་ཙོ་དང་། །བུས་པའི་ཀླད་པ་མ་སུངས་པ། །ཚབ་མ་ཉ་ཕྱིས་མུ་ཏིག་སྔོ། །ག་པུར་བཏབ་པས་བསབ་པར་བྱ། །བཙུན་མོ་ཅུ་གང་གུར་གུམ་གདབ། །ཕོ་རྩ་སྙིང་རྩ་བེ་གསང་གསུམ། །རྩ་མ་ཆད་པར་རུས་ཆག་ན། །རྩ་ཡི་ཡོན་ཏན་འཚོ་བར་སླ། །ཆོད་ནས་བླ་ཅོལ་སྨྲ་བ་དང་། །རྐང་པ་སྡུད་མི་ཤེས་པ་ལ། །སྤྱི་གཙུག་དང་ནི་སྨིན་མའི་དཀྱིལ། །ལྐོག་མའི་འཕར་རྩ་གཉིས་པོ་བསྲེག །བྱིན་གཞུག་ཡོབ་ཆེན་གོང་རྩ་གདབ། །ཐོང་རྩ་དག་ནི་གདབ་པར་བྱ། །ཙ་མུ་ལ་དང་ཏྲེ་མུ་ལ། །འབུ་སུ་དན་ད་དོམ་མཁྲིས་དང་། །རྣ་རྩ་མིག་རྩ་འཁོར་བ་ཆད། །

མིག་ནས་ཚོན་གང་ཟུར་བཅལ་ན། །རྣ་ཁུང་བུ་གའི་ཐད་ཀ་ན། །ཕུན་གང་འཕར་རྩའི་ཐོག་ཏུ་བསྲེག །འབབ་ཁུང་བཟང་བ་ཕལ་ཆེར་འཚོ། །ཟངས་གཟེར་གཉིས་དང་གནམ་འཐེན་དང་། །རུས་རྩ་ཆོད་པ་ཕལ་ཆེར་འཆི། །ལྷ་རྩ་ནག་པོ་ཁྱི་ཉལ་དང་། །རེང་བུ་གཉིས་དང་འཕྲེད་ཉལ་དང་། །རུས་པ་བརྡར་བས་དམར་བ་འམ། །ནག་པ་ལྷ་རྩའི་འོག་ཏུ་ལྟ། །ཆོད་ན་དོམ་མཁྲིས་མཚལ་དང་ནི། །རུས་གཟན་གྱིས་མནན་དཀར་པོ་དང་། །ཀ་ར་དག་དང་ནུ་ཞོས་བྱུག །ཆོད་ན་གསེར་གྱི་ཐུར་མས་བསྲེག །གྲོ་ཐེམ་དག་ཀྱང་གཏང་བར་བྱ། །རྩ་ཁ་ཟིན་ན་རྔུལ་འོང་ངོ་། །

མིག་དྲུང་སྣ་གོང་རྔུལ་བ་དང་། །སྟེང་དུ་བཀྲག་ཆུང་མགོ་རྡུམ་ནི། །བཀྲག་མེད་ལྷ་བ་ཁ་ཟིན་བཟང་། །སྲོག་ཆགས་འགུལ་འདྲ་གདོང་པ་རྔུལ། །ཆུ་སེར་སྟེང་དུ་སོང་བ་སྟེ། །ཆུང་ཙམ་ལྷ་བ་ཁ་དབྲི་ལ། །གོང་གི་སྨན་གདབ་བསྲེག་པར་བྱ། །མིག་མི་མཐོང་ཞིང་སྣ་སྦྲིད་འགགས། །མཁྲིས་པ་སྐྱུགས་ན་ལྟོ་སྟེང་ལ། །ཙབས་རུ་ཚ་ཡིས་སྙིགས་མ་འཇིག །སུག་སྨེལ་དྲོད་འབེབས་རྒྱ་ཚྭ་ཡིས། །ཆུ་སེར་དག་ནི་ཕྱི་རུ་འདྲེན། །བུ་རམ་སྦྱར་བས་རླུང་སེལ་ཏེ། །སྲོག་རྩར་ཆུ་སེར་སོང་བ་ན། །སྒལ་པ་ཟུག་མི་ཚུགས་པ་དང་། །ལུས་པོ་བརྩེ་བ་དག་ལ་ནི། །རྩེའུ་ཆུང་རྩ་བོ་ཆེ་དག་གཏར། །ག་པུར་ཅུ་གང་གཏང་བར་བྱ། །ཚ་བ་མི་ཆེ་ཟུག་གཟེར་ཆེ། ཁུ་བ་དག་ནི་ཕྱིར་ལུད་ན། །ལུས་བརྩེ་དང་ག་མི་བདེ་འཆི། །སོ་རཱ་ཛ་ལས་རྩའི་བབས་བསྟན་པའི་ལེའུ་སྟེ་གོ་དགུ་པའོ།།  །།

 

དེ་ནས་རྨ་སྨན་བསྟན་པ་ནི། །ཀླད་པ་དག་གི་རྩ་དང་ནི། །དཔག་བསམ་ཤིང་གི་རྩ་བ་ནི། །དོན་སྣོད་དག་ལ་རྒྱུ་བ་འོ། །སྲོག་པ་རྩ་ཡིན་སྒལ་མཁར་ན། །གཅིག་ཏུ་རྒྱུ་སྟེ་དཔག་བསམ་ཤིང་། །བརྒྱ་ལ་རྩ་བ་བཞི་དང་གཉིས། །རྣ་བའི་ཕྱི་མཆན་ནང་མཆན་ན། །རྒྱབ་ཀྱི་བརྒྱུངས་པ་དག་དང་འཁྲིལ། །མདུན་གྱི་སྐེ་ཡི་གདབ་རྩ་དང་། །རྣ་བ་དག་གི་མདུན་མ་དང་། །མིག་གི་གཟེར་རྩ་སྣ་ཡི་རྩ། །འབྲེལ་ཏེ་ཡར་ཐོག་ཀླད་པ་བཏེག །ཀླད་རྩ་རྒྱལ་པོར་དོན་སྣོད་འདུས། །སྤྱི་བོ་ཚངས་པའི་བུ་ག་ནས། །རྡོལ་དང་མ་རྡོལ་ཨུཏྤལ་འདྲ། །ཕྱི་ཡི་རེ་ཐག་བཞི་རུ་གྱེས། །ཆད་ན་འཆི་སྟེ་བཙན་ན་འཚོ། །དམར་བ་རང་མདོག་ནག་ན་བཙན། །གསེར་གྱི་ཁབ་ཀྱིས་གཙགས་པ་ཡིས། །ཁྲག་འདོན་ག་པུར་གདབ་པར་བྱ། །དོམ་མཁྲིས་མཚལ་དང་ཀ་ར་གདབ། །རྩེའུ་ཆུང་གཏར་ཞིང་དྲུག་བདུན་བསྲེག །གཙུག་ནས་ཚོན་རེ་བསྐོར་བ་ན། །ལྤགས་དང་འབྲེལ་དང་མ་འབྲེལ་བ་འོ། །མཚོགས་མའི་སྐྲ་ཡི་མཚམས་ནས་ནི། །ཚོན་རེ་དག་ནི་བསྐོར་བ་ན། །རྣ་བའི་ཉག་པོ་གཉིས་དག་ཀྱང་། །དེ་བཞིན་ལྟག་པའི་འབུར་དག་ཀྱང་། །དེ་བཞིན་ཚོན་(གཏིང་གི་གཟེར་རྩའི)གྱིས་བསྐོར་བ་ནི། །པགས་པ་དང་ནི་འབྲེལ་མ་འབྲེལ། །མགོ་རྡུམ་སྟེང(རུས་མ་རྡོལ་རལ་གྱི)དུ་རྡོལ་བ་སྟེ། །སྟེང(སྣད)ན་ནག(རྩ་ཁ་འཛིན)གམ་དམར་བ་འོ། །

འགོ་རྩ་མགོ་རྡུམ་ཕུག་པ་སྟེ། །སྟེང་དུ་མ་ཐོག་པ་དག་གོ །འཕྲེད་རྩ་ལྷ་བའི་བར(ཁྱི་ཉལ་དང་སྦྲུལ་ལྟ་བུའོ)དག་གོ །མཚོན་དང་སྐྱུང་བུས་དབུག་མི་བྱ། །ཆོད་ན་སྐྱུར་མོ(ལ་ཆུ་རྩབ)དག་དང་ནི། །ཨ་བི་ཤ་དང་དོམ་མཁྲིས་དང་། །ག་པུར་དག་ནི་གདབ་པར་བྱ། །ཤའུ་འམ་རུས་འཛེར་ཞག་གསུམ་ནི། །བྱུང་ན་འཚོ་བ་དག་ཏུ་བཤད། །ཀླད་མདེ་ཤའུ་མཁྲིས་པར་བཙོ། །རིད་པ་རྣམ་པ་གསུམ་དག་སྟེ། །སྤྱོད་ལམ་ལོག་དང་བགེགས་དང་ནི། །ཟས་དང་ཚ་གྲང་གིས་ལོག་པ་འོ། །ངོ་དམར་བྱ་རྨྱང་བྱེད་པ་དང་། །ཅལ་ཅོལ་མང་དང་སྲི་ཀ་དང་། །གླལ་འདོད་རྨ་ཁ་བྱེའུ་འཕོངས་འདྲ། །རྨ་ནས་ཁྲག་འོང་འདུག་མི་ཚུགས། །ཀླད་པ་རྡིབ་ནས་འོང་བ་ལ། །ཕོ་རིལ་ཁུ་བ་བུད་མེད་ཆུ། །རའམ་ཁྱི་ཡི་གསོན་ཁྲག་དང་། །བསྲེས་ལ་ཁོང་དུ་གཏང་བར་བྱ། །

རྨ་ཁྲུས་ནུ་ཞོ་བུས་པའི་ཆུ། །ཀླད་སྟེང་མངལ་ཁྲག་བླུག་པར་བྱ། །ཨི་པ་སྤྱི་བོ་ལྟག་ཁུང་བསྲེག །སྤོད་འབྲས་འོ་ཐུག་ཚོ་ཁུ་གཏང་། །གང་ཡིན་བུད་མེད་སྐྲ་ཡིས་བདུག །སྣར་བདུག་གོས་ནི་སྔས་སུ་གཞུག །རུས་སྦྱང་བྱི་ཙེ་མིག་དག་དབུག །ལོག་ན་ཀ་ར་རུ་རྟ་དང་། །ཨ་བི་ཤ་དང་རྩ་མུ་ལ། །ག་པུར་དག་ཀྱང་རྨ་ཙིར་གཏང་། །ལྟོ་རུ་ཉུང་ལོ་གཏང་བར་བྱ། །བུད་མེད་དག་དང་ལྷན་ཅིག་ཏུ། །བསྡད་པའི་ས་སོན་འཆོར་མི་སྲིད། །བགེགས་ཀྱིས་ལོག་ན་ན་ཞིང་སྐྲངས། །མདོག་དམར་སྦོས་ཏེ་སྐྲངས་པ་དང་། །རྨ་སྐམ་ཆུ་སེར་སླ་མོ་འོང་། །རུ་ཤིང་ན་ཞིང་གླལ་བ་དང་། །གདོན་གྱི་རྟགས་འབྱུང་གདོན་ཆོས་བྱ། །གུ་གུལ་སྣ་རུ་བདུག་པར་བྱ། །ར་ཁྲག་སྦྱང་དུག་རྨ་ཁར་གདབ། །མི་ཤ་སྣ་རུ་བདུག་པར་བྱ། །ཏྲེ་དང་བཙོད་དང་གུ་གུལ(གུར་གུམ)དང་། །ར་ཡི་ཁྲག་དང་སྦྱར་ལ་བྱུག །བུད་མེད་ཕྲད་པ་རྨིས་པ་ཡིས། །ས་བོན་འཆོར་བས་རྨ་ལ་གནོད། །རུས་མདངས་བསྐྱེད་པ་གུར་གུམ་དང་། །ལྷ་བ་དགུག་པ་མཚལ་དང་ནི། །ལོ་ན་སྐྱུར་རྩི་དག་དང་ནི། །མཚལ་ན་མཆོག་ཏུ་གཏང་བར་བྱ། །

ཀླད་ལ་ག་པུར་གདབ་པར་བྱ། །གུ་གུལ་ར་དུག་བཙན་དུག་དང་། །སྒོ་བཞི་བསྲེག་ཅིང་དོར་རྟ་གླན། །བུད་མེད་སྨད་ཁྲག་ལྟོ་རུ་གཏང་། །ཟས་ཀྱིས་ལོག་ན་སྐྱུག་པ་དང་། །འཆུགས་པ་དག་ནི་འབྱུང་བ་འོ། །རྨ་དང་ཤ་སློན་ལྷ་བ་འབབ། །འཆུགས་ན་ལྷ་བ་བྱེར་བ་སྟེ། །ཕོ་གསང་ཚིགས་པ་བཅུ་གསུམ་བསྲེག །ད་ཏྲིག་ཆུ་དང་སྦྱར་ལ་གཏང་། །རྒྱ་ཚྭ་རྭ་ཚྭ་ཁ་རུ་ཚྭ། །ཕྱེར་བཏགས་ཆང་དུ་སྦྱར་ལ་གཏང་། །ཟས་ནི་དབྲི་ཞིང་གྲང་དྲོ་བརྟག །གྲང་ན་ཚྭ་སྣ་ཛཱ་ཏི་པི་ལིང་གཏང་། །ཚ་བ་བཅོས་དག་བྱ་བ་ནི། །རྨ་མདོག་དམར་ཞིང་རྣག་མདོག་དམར། །གྲང་བ་བྱད་སྦོ་རྨ་དག་སྐྱ། །ཀླད་པ་དག་ལ་རྒྱ་ཚྭ་དང་། །རུས་ཁུ་བུ་རམ་གདབ་པར་བྱ། །ཀླད་པ་ཚ་སྦོས་ལྷ་བ་འབྲོས། །རྡོ་ཚན་མཆིལ་མ་བཏབ་པ་འདྲ། །ཀླད་པ་རྡོ་ཚན་ལྷ་བ་ཆུ་ཚན་བྲོས། །ཀླད་ལ་ཀ་ར་གུར་གུམ་གཏང་། །མཱུ་ལའི་སྦྱོར་བ་བསྔགས་པའོ། །བབས་དང་སྦྱར་ལ་གཏང་བར་བྱའོ། །སོ་མ་རཱ་ཛ་ལས་མགོ་ཡི་འགྲམས་བཅོས་པའི་ལེའུ་སྟེ་བར་བརྒྱ་ཐམ་པའོ།།  །།

 

དེ་ནས་སྨན་དག་བསྟན་པ་ནི། །རྨ་སྨན་དང་ནི་ཁོང་སྨན་ནི། །ལི་ག(སྣ)དུར་དང་ཏྲེ་མུ་ལ(སྒྱུར)། །ཙ་མུ་ལ་དང་ཁ་ལི་པ་རི་ཀོན། །ཆུ་སེར་འདྲེན་པར་བྱེད་པ་འོ། །སྲོག་ཆགས་ཨ་བྱག(བྱང་བ)སྔོ་ག་ཝ(སྔོ)། །བཙུན་མོ(གསེར་ཏིག)པ་རི་ཙི་ཏ་དང་། ། །ཁ་རི་པུཥྤ་ཁ་ར་ལི། །མེ་ཙ་ཙནྡན་ཁི་རན་ཙ། །ལྷ་བ་སྡོམ་པ་དག་ཡིན་ཏེ། །གེར་ཀེན་ཐང་ཏྲ་པྲ་ཀུན་ཏྲ། །ཁ་ཤ་རྟས་པ་དག་ཡིན་ནོ། །མཚལ་དང་དོམ་པ་དག་ཡིན་ཏེ། །ཐང་ཆུང་ཁ་རན་ཏ་ཡི་ཆུ། །རུས་འགོག་རྩ་དག་འཆིང་བར་བྱེད། ཁོང་སྨན་ཨ་བྱག་ཤེལ་ཏང(ཀྱི་ལྕེ་དཀར་པོ)དང་། །ནེ་ག་ཆུང(སེར་ལྡེང་འདྲ)དང་པ་རེ་ཀོན(ཐ་རམས)། །བཙུན་མོ(གསེར་ཏིག)རྒྱལ་པོ(རེ་རལ)དག་དང་སྟེ། །ཨ་བྱག(བྱད་པ)སེམས་ཅན་སྨན་དང་ནི། །སྔོ(གུར)དང་གསུམ་ལས་སྔོ་སྨན་དང་། །ལྟོར་གཏང་ཤེལ་ཏང་རྣམ་པ་གསུམ། །རྩི་དང་སྨན་དང་སྔོ་དང་གསུམ། །རྩི་སྨན་དག་ནི་ལྟོ་རུ་གཏང་། །ནེ་ག་ཆུང་ནི་རྣམ་གསུམ་ལས། །དང་པོ་བྱུང་བ་དབྱར་དགུན་དང་། །སྟོན་དུ་བྱུང་བ་གསུམ་ཀ་སྟེ། །ཙབས(སྦྱི་ཞུར)ཤིང་ད་ལིས་ཀ་རར་སྦྱར། །རུས་ཁུ་དག་གིས་ཕུལ་ལ་གཏང་། །ལོག་ན་ལི་ག་དུར་དང་ནི། །ཁ་རི་ལོ་དང་ད་རི་ལོ། །ཧྲི་ཧ་ཟི་འུས་ཆུ་སེར་འདྲེན། །ཏྲི་ཏྲི་བུ་དང་ཁ་ཏྲེའུ། །རྨ་སྨན་ཁོང་སྨན་གཙོ་བོ་སྟེ། །ཏྲེ་དང་བཙོད་དང་བཙུན་མོ་དང་། །ཨ་བི་ཤ་དང་ཆུ་རྩ་དང་། །དོམ་མཁྲིས་སྦྱར་བས་མཆོག་ཏུ་འོ། །

ལྡོང་རོས་རྩ་དང་ཏྲེ་མུ་ལ། །ད་དུ་ར་དང་རུ་རྟ་དང་། །བྱ་རྒོད་རུས་པས་རུས་རོ་འདོན། །བོང་བུ་ལན་ཚྭ་བྱེ་འུ་ཚྭ། །ནད་མ་དར་མ་འབུ་སུ་ཧང་། །དུ་བ་རེ་ལྕག་ཐལ་བ་ཡིས། །ཆུ་སེར་དག་ནི་འདྲེན་པའི་མཆོག །ཤུ་དག་ཤུ་ཟུར་མ་ནུ་དང་། །སྒ་དང་ཧོང་ལེན་ཙི་ཏྲ་ཀ །རུལ་གཅོད་མཚལ་དང་དོམ་མཁྲིས་དང་། །གུར་གུམ་ཆུར་སྦངས་གྲོ་ག་འོ། །མེ་ཏོག་མཚལ་དང་སྲུབས་མའི་རྩ། །རྩ་བས་ཤ་ཡི་ནད་དག་སེལ། །ག་པུར་མུ་ཏིག་ནེ་ག་ཆུང་། ཁྱི་ཁྱི་ཤིང་ནི་དརྱ་ཀན། །དོམ་མཁྲིས་མཚལ་དང་ནུ་ཞོ་དང་། །ཁྱི་དང་མི་དང་ཅོ་གའི་ཀླད། །དེ་རྣམས་ཀླད་པའི་སོབས་ལ་བསྔགས། །སོ་མ་རཱ་ཛ་ལས་རྨ་སྨན་བསྡུས་པའི་ལེའུ་སྟེ་བརྒྱ་དང་གཅིག་པའོ།།  །།

 

ལྷ་བ་ཕོ་མོ་གཉིས་དག་སྟེ། །མོ་ནི་ལྷ་ཁྲག་ཆུང་བ་སྟེ། །མི་འབྲོས་འབྲོས་ན་སྙག་བ་བསྐ། །ཕོ་ནི་ལྷ་ཁྲག་ཆེ་བ་སྟེ། །འབྲོས་པ་སྙག་པར་སླ་བ་འོ། །རུས་པ་ས་ཆུ་མེ་དང་རླུང་། །ས་ནི་ཁམས་ལ་མདངས་ལྡན་རྩུབ། །མེ་རུས་དམར་ལ་གྱོང་བ་སྟེ། །ཆུ་རུས་དཀར་ལ་མཉེན་པར་འདོད། །རླུང་རུས་སྔོ་ལ་སྲབ་པ་འོ། །སྲུབས་ལ་གླིང་ལྔ་པ་དང་ནི། །གླིང་བཞི་པ་དང་གཉིས་པ་དང་། །གཅིག་པ་དག་ཏུ་འདུག་པ་འོ། །བཞི་པ་དག་ནི་མང་དུ་ཡོད། །དྲ་ཐབས་གླང་མས་ཐེམ་བསྟེན་བྱ། །བདུད་སྒོ་བཞི་པོ་བསྐོར་མི་བྱ། །མན་ཐུར་གང་དང་ཐུར་ལོང་གང་། །ཡན་མན་དག་ནི་བཞི་ཤོ་དང་། །གཞུ་འདྲ་ཟླ་གམ་ཅུང་ཙམ་ཟླུམ། །གྲུ་བཞི་དག་ལ་ཉེས་པ་མེད། །གྲུ་གསུམ་དག་ཏུ་དྲ་མི་བྱ། །དྲ་གཙགས་ཆུ་རུ་སོར་བཅུ་སྟེ། །ཞེང་དུ་སོར་གཉིས་པ་དག་སྟེ། །བརྡར་ཐབས་གྲུམ་པ་མཐའ་ནས་བསྡར། །འཐེམས་པ་རྒྱ་བསྐྱེད་སྟེང་ནས་བཞུར། །མདེལ་གྱི་གཤོགས་སུ་བརྡར་བར་བྱ། །

གས་པ་འཕྲོ་ཡི་རྗེས་གཅད་བྱ། །ཕག་རྐོས་ཝ་བྲུས་ཐེམ་པ་ཅན། །འགེབས་ཤའི་འོག་ཏུ་ལུས་པ་ན། །བརྡར་བས་ལྷ་རྩ་ཆོད་པ་ལ། །དོམ་མཁྲིས་མཚལ་དང་སྦྲང་རྩི་དང་། །རིལ་བུ་བྱས་པས་བཙང་བར་བྱ། །ཀླད་པར་རུས་ཕྱེའི་ཞུན་བུ་གླན། །ཤ་རྩ་ཆོད་ན་བསྲེག་པར་བྱ། །ཏྲི་ཏྲི་འུ་དག་གདབ་པར་བྱ། །སྤྲ་བ་དག་གིས་གཅད་པར་བྱ། །ལྷ་མིག་རྣག་གིས་འགེངས་པ་དག །མི་འཚོ་རྩག་རྩིག་འདུག་པར་བརྡར། །བརྡར་བས་དམར་དང་ཐིལ་དམར་ན། །ལེགས་ཏེ་ནག་ན་གམ་པ་ཡིན། །སེར་རམ་དཀར་ན་རྣག་ཡོད་དེ། །རྒྱ་བསྐྱེད་བརྡར་ལ་དབུག་པར་བྱ། །ཀླད་རུལ་མི་དྲག་གཏང་བར་བྱ། །ཚང་ནི་གྲོ་བ་ཤིན་ཏུ་བཟང་། །ནུ་ཞོས་ཁྲུས་བྱས་ཡང་ན་དམར། །ན་ཚ་མེད་པར་ལྷ་བ་འབྲོས། །རླུང་གིས་འབྲོས་པས་བཅུད་ཀྱིས་དགུག །ཚ་ན་བསིལ་ཏེ་གྲང་ན་གཞིག །གྲང་ན་དྲོད་དེ་ཉུང་ལོ་དང་། །བྲ་ཁུར་ཉ་དང་སྒོག་པ་གཏང་། །སོ་མ་རཱ་ཛ་ལས་མགོའི་དཔྱད་མདོར་བསྡུས་ནས་བསྟན་པའི་ལེའུ་སྟེ་བརྒྱ་དང་གཉིས་པའོ།།  །།

 

དེ་ནས་ཡན་ལག་བཞི་བཅོས་པ། །ཡན་ལག་བཞི་ལ་རྩ་དང་ནི། །ཤ་དང་རུས་པ་ཆུ་བ་འོ། །དང་པོ་རུས་པ་བཅོས་པ་ནི། །ཤ་དྲས་རུས་པ་བརྡར་ལ་བཏོན། །སྐྱོགས་རའི་ཁུང་ནི་གཞག་པར་བྱ། །བཏོན་དང་ཏྲེ་ཏྲེ་ཟླ་བུའི་ཐིག །དོམ་མཁྲིས་དག་ནི་གདབ་པར་བྱ། །ཡང་ན་མཱུ་ལ་རྣམ་གཉིས་གདབ། །ལྕགས་སམ་རིན་པོ་ཆེས་བསྲེག་གོ །རྐང་འགོ་མཁྲེགས་དང་མི་མཁྲེགས་དང་། །དགུའམ་བཅོ་ལྔ་ཉི་ཤུ་གཅིག །རང་བྱུང་དག་ཏུ་གཞག་པར་བྱ། །ཐུར་འགོ་དག་ཀྱང་དེ་བཞིན་ནོ། །རྐང་གི་ལྷ་བ་སྨུག་པོ་དང་། །དཔྱི་ཡི་ལྷ་བ་སྨུག་པོ་ལ། །གྲུམས་ན་ལྷ་བ་བརྡར་ལ་བཅོས། །རྨ་རྩི་མཱུ་ལ་དོམ་མཁྲིས་གཉིས། །བཙུན་མོ་རེ་རལ་ཀ་ར་གཏང་། ཁོང་དུ་གཡུ་ལྡུམ་མཆོང་དང་ནི། །གསེར་ལྡུམ་ཆ་སྙོམས་སྦྲང་རྩི་དང་། །ལྡེ་གུ་བྱས་ལ་གཏང་བར་བྱ། །དཔྱི་ཡི་མེ་ལོང་ཤ་དྲས་ཏེ། །ཁ་གཟར་དག་ཀྱང་དེ་བཞིན་ཏེ། །ཁྲག་ནི་བསྲེས་ལ་གཅད་པར་བྱ། །བརྡར་ལ་མདེའུ་དབྱུང་བར་བྱ། །ནང་རྡོལ་ཆུ་སེར་རྣག་ཁྲག་འདོན། །ཞུམ་བུ་དག་ལ་སོང་བ་ན། །རྩ་གཉེན་རྩ་རུས་ཤ་འཐེན་གྱིས། །པགས་པ་དཔྲལ་ལ་དྲ་བར་བྱ། །རྩ་ལས་བཟུར་བར་བྱ་བ་འོ། །

གལ་ཏེ་ཆོད་ན་གཏར་ག་དང་། །བསྲེགས་པ་དག་གིས་བཅོས་པའོ། །རུས་པ་བརྡར་ལ་མདེའུ་འདོན། །རྐང་མར་ཆད་ན་འཆི་དང་ཞ། །གཤགས་ན་འཚོ་སྟེ་རྨ་རྩི་ནི། །དོམ་མཁྲིས་སྐྱུར་མོའི་སྙིང་པོ་དང་། །ཨ་བི་ཤ་དང་གྲུ་བཞི་དང་། །ཀ་ར་རྨ་རྩིར་གདབ་པར་བྱ། ཁོང་དུ་ཅུ་གང་ཛཱ་ཏི་དང་། །སུག་སྨེལ་ལི་ཤི་གཏང་བར་བྱ། །ཨ་བྱག་ཤེལ་ཏ་སྤྱི་ཞུར་དང་། །རྒྱལ་པོ་དང་ནི་སྨུག་པོ་དང་། །དོམ་མཁྲིས་ཀ་རར་སྦྱར་ལ་གཏང་། །དོམ་མཁྲིས་གཙོད་ཁྲག་གཏང་བར་བྱ། །ཡས་ཀྱི་རྐང་འགོ་ཀུན་མཁྲེགས་ཏེ། །མས་ཀྱི་འགོ་བོ་སོབ་པ་འོ། །བཅུ་གཅིག་ཉི་ཤུ་གཅིག་ན་གདོན། །མས་རྒྱུག་བཅོ་ལྔ་ཉི་ཤུ་ན། །མ་ཐོན་ཉུང་རློན་སྒོག་པ་དང་། །བྲ་བོ་སྲན་མ་ཉ་དག་གཏང་། །འདོད་པ་སྤྱོད་ན་ཕྱིན་པར་གྱུར། །ཤ་ཟགས་རྣག་དག་འབྱམས་པ་ལ། །བུལ་ཏོག་ཆུ་ཡིས་རྨ་ཁྲུས་བྱ། །ཨ་བི་ཤ་དང་བཙུན་མོ་དང་། །ཀ་ར་དག་གི་ཕྱེ་མ་གདབ། །དཀྲིས་མ་མེད་པར་ཡན་པར(རྨ་ཁ)བཞག །སྐྲངས་པ་ཆེ་ན(ཁྲག་རྒྱས)བསྲོ་བར་བྱ། །ཚིགས་པའི་བར་དུ་སོང་བ་ལ། །མདེའུ་མྱུར་དུ་གདོན་པར་བྱ། །ཉྭ་ཡི་སུལ་དག་གདོན་པར་བྱ། །

རུས་ལ་སོང་ན་མི་བསྒུལ་བཞག །ཁབ་ལེན་ཨ་བྱག་ཐི་བའི་ཤ །ཀ་ར་དག་དང་སྦྱར་ལ་གཏང་། །ཨ་བྱག་དག་གིས་རྐང་འཇུ་སྟེ། །ཁབ་ལེན་དག་གིས་ལྕགས་འཇུ་འོ། །ཐི་བའི་ཤ་ཡིས་མདེའུ་འདོན། །མ་མ་ད་དང་ཀྱི་ལྕེ་བ། །རུ་རྟ་ཁབ་ལེན་ཤུ་དག་དང་། །ར་མཉེ་སྦྲང་རྒོད་སྦྱར་བས་ནི། །སྐྱོན་ཚོལ་བ་སྟེ་མ་མ་ད། །ཀྱི་ལྕེ་བས་ནི་ཚ་བ་འཇིལ། །རུ་རྟ་ཤུ་དག་དག་གིས་ནི། །རུས་སྐྱོན་དག་གིས་སྒོ་འབྱེད་པ། །ཁབ་ལེན་ར་མཉེས་རྗེས་གཅོད་པའོ། །མདེའུ་བསྒུལ་ཏེ་སྦྲང་རྩིས་ཀྱང་། །ཡང་ན་ག་པུར་སྟབ་སེང་དང་། །སྤང་ཤུག་ཚི་བ་དཀར་པོ་དང་། །བུ་རམ་སྦྱར་བས་སྐྱོན་ཚོལ་ལོ། །གོང་གི་རྨ་རྩི་འགོ་མ་ནི། །རྨ་དང་ཁོང་དུ་གཏང་བར་བྱ། །ཚིགས་པའི་བར་དང་ཚིགས་ཆུང་ནི། །རྐང་ནི་བསྒུལ་དུ་མི་རུང་ངོ་། །དུད་ཁུ(རྣག་མདོག)འདྲ་ན་འཆི་བ་ཡིན། །དམར་ན་ཅུང་ཟད་གསོ་བར་སླ། །མཆིལ་མ་འདྲ་ན་འཚོ་བའོ། །ཆུ་འདྲ་ཅུང་ཟད་སེར་བ་ཡང་། །དུད་ཁུ་འདྲ་ན་བསིལ་གྱིས་བཅོས། །ག་པུར་སེར་པོ་ཁྲག་སྐེམ་དང་། །ཤེལ་དང་གུ་གུལ་དཀར་པོ་དང་། །དོམ་མཁྲིས་ཀ་རར་སྦྱར་ལ་གཏང་། །རྒྱ་སྐྱེགས་ཁུ་འདྲ་དེ་བཞིན་ནོ། །མཆིལ་མ་འདྲ་བ་དྲོད་ཀྱིས་ཏེ། །ཆུ་འདྲ་བསིལ་དྲོད་ཕྱེད་མས་བཅོས། །ཚིགས་པའི་ཆུ་སེར་དབུག་པར་བྱ། །ཚིགས་བསྡམ་གསང་དུ་མེ་བཙའ་བྱ། །བཞི་སྒྲོམ་སུམ་སྒྲོམ་དཔྱད་ལ་བྱ། །རུས་པ་བྱུང་དང་རྐང་ཅག་དང་། །འགྲུས་དང་རྐང་འགོ་ཕྱིར་བྱུང་བའོ། །བྱུང་དང་འགྲུས་པ་བཅོས་པ་ནི། །དཔྱི་ཡི་རི་གུ་འགྲུས་པ་ནི། །སོར་མོ་འཁུམས་དང་བཤལ་ནས་འགྲོ། །འགྲུས་པ་ཆུ་སེར་རྣག་གིས་ནི། །བར་དུ་ཞུགས་པས་ཞ་བ་འོ། །ཕྱི་ཤོར་ཕྱིར་ནི་ཡོ་བ་དང་། །ནང་ཤོར་ནང་དུ་ཡོ་བ་དང་། །གཤན་ཐག་ཆད་ན་ལྡབས་ཀྱིས་འགྲོ། །སོག་པའི་གཤན་ཐག་དེ་བཞིན་ནོ། །རྗེ་ངར་སྙོམས་ཏེ་ཐག་པས་གདགས། །འཐེན་ལ་མཐིལ་ལ་བརྡེག་པར་བྱ། །ནང་ཤོར་དག་དང་ཕྱི་ཤོར་ལ། །འདོམས་སུ་འབོལ་བཅུག་ཁ་སྦུབ་ལ། །ནང་ཤོར་གན་རྐྱལ་དག་ཏུ་འོ། །ཡང་ན་འཁུམས་དང་འགྲུས་པ་ལ། །ཁང་པ་ཕུག་ལ་དཔྱང་ཐག་གོ །

ཚའམ་ཡང་ན་ཚོད་སྦྱར་གདགས། །གང་འགྲུས་ཆིངས་ཀྱིས་བཅིང་བར་བྱ། །དར་རམ་མེན་ཏྲའི་ཆིངས་དག་གིས། །རུས་འགོ་བྱུང་ན་གནོན་པར་བྱ། །བལྟ་བ་ཟླ་བ་ཕྱེད་ན་བལྟ། །དཔུང་པ་བྱུང་ན་དྲུ་བུས་བྱ། །མཆན་ཁུང་དག་ཏུ་གཞུག་པ་སྟེ། །ནང་ཤོར་ཕྱིར་འཐེན་ཕྱིར་ཤོར་ནང་། །དྲུ་བུ་བཅུག་ལ་བལྟ་བར་བྱ། །ཡང་ན་རྐྱལ་བ་ཕུས་བཏབ་ལ། །ནང་ཤོར་ཕྱིར་འཐེན་ཕྱིར་ཤོར་ནང་དུ་འཐེན། །གྲུ་མོ་བྱུང་བ་ཤིང་སྤོང་བཞག །དེ་ཡི་སྟེང་དུ་ཡན་ལག་གནོན། །དར་འཇག་དག་གིས་དཀྲི་བར་བྱ། །པ་ཏྲམ་དག་ཀྱང་གཏང་བར་བྱ། །སྦྲིད་པ་དག་ལ་གཏར་བ་འོ། །མཁྲིག་མ་བྱུང་བ་གང་འབུར་གནོན། །ཐག་པ་དག་ནི་འཐེན་ལ་གཞུག །དམ་དུ་བཅིང་བ་མན་ངག་གོ །ལྷ་ང་འགྲུས་པ་དེ་བཞིན་ནོ། །གང་འབུར་དག་ཏུ་གནན་པར་བྱ། །ཐེམས་ཀྱིས་གནན་པ་མན་ངག་གོ །ཆག་པ་ཅི་ལྟར་ཆག་ཀྱང་རུང་། །གྲང་ན་ཁྲག་ནི་གསོན་ཁྲག་སྟེ། །དྲོད་མོ་དག་ཏུ་དྲོད་ཕེབས་ལ། །རྒས་པ་དག་ལ་དུག་ཏུ་ཁྲག །བུས་པ་སྐམ་པོའི་ཁྲག་དག་སྟེ། །དར་ན་དུ་དང་རབ་ཏུ་བསྔགས། །གསོན་ཁྲག་མེད་པ་བསྲོ་བར་བྱ། །ཨ་འཇོ་དྲོན་མོར་གྲིལ་བར་བྱ། །སུག་སྨེལ་རྩབས་ཤིང་ཛཱ་ཏི་དང་། །སྟག་ཤ་གཡག་ཤ་བཅད་འབྱོར་དང་། །ལུམས་དང་བུ་རམ་ལྡེ་གུས་བྱུག །གསོན་ཁྲག་མེད་ན་འོ་མས་བྱ། །བཞོས་མ་ཐག་ཏུ་གཞུག་པར་བྱ། །རྨ་རྩིར་སྟག་ཤ་གཡག་ཤ་དང་། །ཨ་བྱག་སྦྱི་ཞུར་ཕྱི་མ་དག །ནུ་ཞོ་ལྡེ་གུ་དག་དང་སྦྱར། །དེ་སྟེང་ཚིལ་བུ་དག་གིས་བྱ། །མང་ས་མ་སུངས་པ་དག་དང་། །བརྡུངས་ལ་ཅུང་ཙམ་དྲོད་ཕབ་གཏང་། །ལྷ་བ་ཅན་གྱི་རུས་པ་དག །ཞིབ་ཏུ་བྱས་ལ་གཡོག་པར་བྱ། ཁེབས་པ་དག་ཏུ་གཏང་བ་སྟེ། །རྨ་རྩིར་ཨ་བ་ཨ་བྱག་དང་། །རྩབས་ཤིང་ལྡུམ་བུ་གཡག་སུག་པ། །སྟག་ཤ་ཕྱེ་མ་གདབ་པར་བྱ། །དེ་སྟེང་རེའུ་བལ་སྲིན་བལ་གཏང་། །ཕྱིང་བ་དག་ཀྱང་རྐང་དང་མཉམ། །སྦ་དེབ་ཤིང་དེབ་དག་གཏང་སྟེ། །གྲུམས་སྣ་སྐྱུང་བུས་བརྡར་བར་བྱ། །རྨ་མེད་ཆག་པ་སླ་བ་སྟེ། །ཕྱིང་པ་སྤོད་དུ་བཙོས་པ་འམ། །ཤིང་བལ་སྤོད་དུ་བཙོས་པས་དགབ། །ཡང་ན་ཁྲག་དྲོན་སྤུ་དང་བསྲེས། །བྱུག་པ་དག་ནི་འབྱར་དུ་གཏང་། །བསྣོལ་བ་འཐེན་ལ་ཚུད་པར་བྱ། །

དེ་ནས་དམ་དུ་བཅིང་བ་མཆོག །དེབ་ཀྱང་དཔྱད་ལ་བྱ་བ་འོ། །རྒས་པ་ཆང་དང་དར་མ་ཞོ། །བུས་པ་དག་ལ་མར་ཁུ་བསྔགས། །དང་པོར་དཀྲི་བ་གཟབ་ལ་བྱ། །ཆག་པ་བསྣོལ་དུ་མི་གཞུག་གོ །དཀྲི་བ་དམ་གློད་རན་པར་བྱ། །རྨ་ཆེན་ཉི་ཤུ་རྩ་དག་ན། །རྒས་པ་ཟླ་བ་དག་ན་འབྱོར། །བུས་པ་ཟླ་བ་ཕྱེད་ན་འབྱོར། རྒས་པ་གཉིས་ཏེ་གཞན་དག་སླ། །འཇག་གི་སྟོད་ནི་སྲབ་པར་གཏང་། །ན་ཚ་ཟུག་རྔུ་ཞ་བར་བྱེད། །ཆེར་སྐྲངས་པ་ལ་གཏར་ཁ་བྱ། །རྒས་དང་བུས་པ་སྤང་བ་སྟེ། །དར་མ་དག་ལ་མྱུར་དུ་གཏར། །ཅུ་གང་གུར་གུམ་ཛཱ་ཏི་དང་། །སྤྱི་ཞུར་ཙནྡན་ཕྱེ་མ་ནི། ཁོང་དུ་གཏང་བར་བྱ་བ་འོ། །ན་ཚ་ཆེ་ཞིང་མཁྲང་ན་ནི། །རྨ་ལ་རྣག་གམ་ཆུ་སེར་འོང་། །དེ་ལྟར་གྱུར་ན་རུས་པ་འགོག །དར་མ་ཟླ་བ་གཅིག་ན་འོ། །རྒས་པ་བུས་པ་ཉི་ཤུ་ན། །ཆུ་བ་དག་ནི་རླན་གྱིས་བཅོས། །འཁུམས་པ་དག་ལ་ལུམས་དག་བསྔགས། །ནང་གི་རྒྱུས་པ་ཆོད་ན་ཞ། །ཕལ་དུ་འཆི་སྟེ་ཞ་བ་འོ། །ཆུ་འགོ་བསྲེག་ཅིང་མེ་བཙའ་གདབ། །རྒྱུས་པ་དག་ཀྱང་དེ་བཞིན་ནོ། །ད་ནི་རྩ་དག་བཅོས་པ་ནི། །ལག་མཐིལ་མཐིལ་ཕྲོམ་བ་དང་ནི། །གཞུ་མཆོག་རཏྣ་ཆོད་པ་ནི། །རྩེའུ་ཅུང་རྩ་འདྲ་རྩ་བོ་ཆེ། །གཏར་བར་འོས་པ་གཏར་བ་དང་། །འཕར་རྩ་ཐམས་ཅད་བསྲེག་པར་བྱ། །ག་པུར་གུར་གུམ་ཛཱ་ཏི་དང་། །ཅུ་གང་ཕྱེ་མ་གཏང་བར་བྱ། །གྲོགས་རྩ་རྣམས་ལ་སྨན་གདབ་བོ། །ལུམས་སུ་གཞུག་པར་མི་བྱ་བྱའོ། །འོལ་ཀ་བསྒྱུར་དང་མེ་བཙའ་གདབ། །ཀྱི་ལྕེ་ཅ་དང་ཁྲག་སྐེམ་དང་། །ནས་མ་སྦྲུ་མའི་རྩ་བ་སྟེ། །བ་རེ་ཀོན(ཏིའུ་ལམ་སྐྱེས)དང་ཏྲ་བུ་ཀོན། །སྤེལ་བས(གསེར་ཏིག)སན་ཏི་ཀ་རར་སྦྱར། །འབྱར་དུ་སེལ་ཏེ་མཁས་པ་ཡིས། །ལྟོ་བཀུག་བ་དང་དཔྱད་པ་འོ། །དོམ་མཁྲིས་རྨ་ལ་གདབ་པར་བྱ། ཁོང་དུ་ཆུ་དག་རྒྱུན་དུ་གཏང་། །དགུག་དང་ལུམས་ཀྱིས་ཤ་གདུལ་ཏེ། །ལུམས་ནི་དྲག་ཏུ་མི་རུང་ངོ་། །

ཤ་ལ་ལུམས་དང་རྩ་ལ་བསིལ། །རྐང་མཐིལ་ཀུན་འདུས་རྩ་དག་ཀྱང་། །དེ་བཞིན་རྩ་ལ་གཏར་བ་ནི། །རྒན་གཞོན་བྱེ་བྲག་བསྟན་བར་བྱ། །གསུམ་དང་ལྔ་དང་བདུན་དང་དགུ། །བར་དུ་གཏར་བ་དག་ཏུ་བྱ། །དཔུང་ཤ་ལུག་གཞུག་དཔུང་པའི་དཀྱིལ། །ཡར་མར་སོར་དྲུག་བཅལ་བར་གནད། །འདྲེན་ཤ་དག་དང་ཉ་ཟླུམ་གནད། །གྲུ་མོའི་ཕྱི་ཡི་ལྡད་ཁ་གནད། །དཔུང་པ་དག་གི་ཡས་ཀྱི་གནད། །རྐང་འགོའི་ཕྱི་ཟུར་ནང་ཟུར་རོ། །གཞུ་མཆོག་དག་གི་ཚིགས་མིག་གཉིས། །ལག་ངར་དག་གི་ཆུ་བ་ཡི། །ཤ་སྣ་ནང་སུལ་ཕྱི་སུལ་གཉིས། །ཕྲ་ཚག་ཁ་རེ་དབུག་པ་འོ། །ནང་གི་དར་ཤ་སྙིང་རྩ་དང་། །ཉེ་བ་དག་དང་ཕྱི་ཡི་ནི། །གློ་རྩ་དག་ནི་ཉེ་བ་སྤང་། །ཐུར་གང་གཞན་ཡང་དབུག་པ་ཡོད། །པུས་མོ་དག་ཀྱང་ཕྲ་ཚག་གང་། །པགས་པ་དག་ལ་སོར་བཞི་དང་། །དཔྱི་དང་སོག་པ་དག་དང་ནི། །གཉན་སར་ཁ་རེ་དག་ལས་ནི། །བཀྱེད་པར་བྱ་བ་མ་ཡིན་ནོ། །སྤྱིར་ན་རྐང་བེམ་ཤ་བེམ་ལ། །ར་རྐྱལ་བུས་པ་འདྲར་སྐྲངས་ན། །ཟྭ་དང་ཉུང་ལོ་བྲ་ཁུར་དང་། །ཉ་དང་སྒོག་པ་ཡོད་ཚད་གཏང་། །རྣག་སུལ་ཕེབས་ན་དབུག་པར་བྱ། །བེམ་པ་ཕལ་ཆེར་འཆི་བ་འོ། །རྣག་སྐྲངས་དབུག་སྟེ་སྟོང་སྐྲངས་འདུལ། །སྤྱི་ཡི་རྣག་ནི་བཅུ་དགུ་ན། །རྗེ་ངར་དགུ་དང་བཅུ་གཅིག་ན། །བད་ཀན་ཅན་ལ་མོད་ལ་འང་། །མཁྲིས་པ་ཆེ་ན་གསུམ་ན་འོང་། །རླུང་ཤས་ཆེ་ན་ལྔ་བདུན་ནོ། །རླུང་གིས་སྐྲངས་ཤིང་མཁྲིས་པ་ཚད། །བད་ཀན་དག་གིས་གཟེར་བ་ཆེ། །རླུང་ཞུགས་དུགས་བྱ་བད་ཀན་དགུག །མཁྲིས་པ་དག་ལ་གཏར་བར་བྱ། །གནད་སྐྲངས་ར་རྐྱལ་བུས་པ་འདྲ། །བེམ་ན་འཆི་བ་དག་ཏུ་འགྱུར། །རྡོ་ལྟར་སྐྲངས་པ་དག་ལ་ནི། །འཇིག་པའི་ཟས་དག་བསྟེན་པར་བྱ། །

ཤ་རུས་བར་དུ་རྣག་ཞུགས་དབུག །ལྷོག་ཐབས་སྐྲངས་ལ་ཞུན་དང་དུགས། །སྐམ་ཆས་གར་འཕྲོད་དཔྱད་ལ་བྱ། །སྐྱ་རྦབ་ཞུན་དང་མེ་བཙས་གདུལ། །མེ་ལྕེ་རིས་སུ་སྐྲངས་ན་གཏར། །ན་ཆུང་ནུ་མ་ལྟར་སྐྲངས་ན། །འབྱར་བྱ་གཏར་དང་དཔྱད་ལ་བྱ། །པུས་མོ་སོར་བཞི་གྱེན་བཅལ་བ། །ཐུར་གང་དག་ནི་གསང་དུ་འོ། །ཕྲེད་ལ་ཐུར་ཕྱེད་གཡས་གཡོན་གསང་། །ཚིགས་པར་ཐུར་གང་གསང་དུ་འོ། །ཅུང་ཞིག་འཁུམས་ལ་དབུག་པར་བྱ། །ཚིགས་བར་ཐུར་ནི་ཕྱེད་དང་རྡོ། །རྗེ་ངར་གསང་སྟེ་ལོང་མོར་ཚད། །བྱ་རོག་མིག་ཀྱང་གསང་དུ་འོ། །སྐྲངས་པས་རྩ་ནི་གཏིང་དུ་རྒྱུག །ལུམས་ནི་ལུག་དང་འབྲི་ཡི་ལྕི། །ཆང་གིས་བྲན་པའི་དྲོད་ཀྱིས་ལྕིབས། །མཛོ་རྟོལ་སྦང་མ་ཆང་འགའ་བྲན། །སྙོམས་པའི་ལྕིབས་སུ་ཤེས་པར་བྱ། །རྟ་སྦངས་སྦང་མར་བསྲེས་པ་དྲོད། །དྲོད་ཚད་རླངས་པ་ཐོན་པར་བྱ། །ཆུ་ངན་བཏབ་ན་བསིལ་དུ་འདོད། །དྲག་ལ་ཚིལ་བུ་གཏང་བར་བྱ། །ཚིལ་དང་ལྕི་བ་བསྲེས་པས་བྱུག རྐང་མཐིལ་ལག་མཐིལ་དཀར་གོང་དག །ཡང་ན་སོ་ཕག་བསྲེགས་པ་ཡིས། །ཚིལ་བུས་བྱུག་ལ་བསྲོ་བར་བྱ། །སྤྱིར་ནི་ལྕི་བ་ཚིལ་བུས་བྱུག །སྦང་མའི་མཁར་པོ་སྤོད་དང་སྦྱར། །དེ་ནི་དྲོད་དུ་བསྟེན་པ་འོ། །ཞོ་དང་སྦྱར་བས་གྲང་ཞུན་ནོ། །ཞོ་དང་སྦ་མ་བསྲེས་པས་ནི། །སྙོམས་པ་དག་ཏུ་ཤེས་པར་བྱ། །རྣག་བཙལ་བ་དང་བེམ་རྡོ་དང་། །མཐེབ་མོའི་འོག་ཏུ་བཙལ་བའོ། །རྣག་འབྱམས་ཆོད་པར་མ་གྱུར་ན། །འབབ་ཁུང་སྨད་པས་ཆད་པ་དང་། །རྣག་ཁྲུས་བུལ་ཏོག་རྨ་རྩི་ནི། །ལྡུམ་བུ་བཅད་འབྱོར་དོམ་མཁྲིས་དང་། །ཀ་ར་དག་གིས་བྱུགས་པས་ཆད། །ཡང་ན་ཤིང་མངར་དོམ་མཁྲིས་དང་། །པདྨ་ལྡུམ་བུས་བཅད་པ་འོ། །

སྐྲངས་པ་ཞི་བར་མ་གྱུར་ན། །ནད་མ་སྤྲུ་མ་བརྡུངས་པ་ཡི། །ཕྱེ་དང་ཞོ་དང་སྦྱར་ལ་བྱུག །ཡང་ན་གཏར་ཁྲག་སྦང་མར་བསྲེས། །ཡང་ན་སྤྲུ་དང་བ་སྤྲུ་བ། །ར་མཉེ་རྩ་བ་ཞོ་དང་སྦྱར། །བྱུགས་པས་སྐྲངས་པ་ཞི་བར་བྱ། །མཁན་པ་ཞོ་དང་ལུང་ཤོ་མ། །ཆུ་ཆུང་རྩ་བ་ཞོ་སྦང་མ། །གང་འཕྲོད་དག་ནི་གཏང་བར་བྱ། །བགེགས་ལ་གུ་གུལ་ཤིས་པ་འོ། །ཚིགས་པ་དག་ལ་ལྕུམ་རྩ་དང་། །ཀྱི་ལྕེའི་རྩ་བ་བརྡུང་བ་ལ། །ཞོ་དང་སྦྱར་བས་བྱུག་པ་འོ། །ཡང་ན་ཞོ་བཙགས་ཕྱིང་དེབ་སྦྱར། །སེར་པོ་ཁྲག་སྐེམ་ཆུ་ཆུང་རྩ། །ཏིག་ཏ་དང་སྦྱར་བྱུག་པར་བྱ། །ཟགས་ལ་ཆུ་རྩའི་ཕྱེ་མ་དང་། །བྱ་རོག་ནོར་བུ་གདབ་པར་བྱ། །ཕྱེ་མ་འབྱར་དུ་སྩལ་བར་བྱ། །བྱེ་བ་དག་ལ་ཕྱིང་འབྱར་གཏང་། །སོ་མ་རཱ་ཛ་ལས་ཡན་ལག་བཅོས་པའི་ལེའུ་སྟེ་བརྒྱ་དང་གསུམ་པའོ།།  །།

 

དེ་ནས་གདོང་པ་སྐེ་བཅོས་པ། །ལྤགས་མིན་ཤུ་མིན་རྣ་བ་དང་། །ཤ་མིན་རྩ་མིན་ལྕེ་དག་དང་། །རུས་མིན་ཤུ་མིན་སྣ་དག་དང་། །མིག་ནི་ཤ་མིན་ཚིལ་མིན་ཏེ། །ཕོ་མཚན་ཆུ་མིན་རུས་མིན་ཏེ། །ཞེ་སྡང་དག་ལས་ས་བོན་འབྱུང་། མོ་མངལ་རྩ་མིན་ཤ་མིན་ཏེ། །འདོད་ཆགས་ཁྲག་གི་གཞི་དག་གོ །དེ་གཉིས་བཅོས་ཀྱང་འཚོ་བ་དཀའ། །སྐེ་ལ་རུས་པའི་འཕང་ལོ་ནི། །ལྔ་འམ་བདུན་ཏེ་སྙིང་ཁུང་ངོ་། །རྒྱུས་པ་ནུ་མའི་ཤ་དང་འབྲེལ། །རྒྱབ་ཀྱི་ཤུ་ལེབ་དག་ཀྱང་ནི། །བཤུལ་གྱི་ཤ་དང་འབྲེལ་བ་འོ། །མགོ་ཤ་མོན་རུ་དག་དང་ནི། །རྒྱབ་སྲུབས་ཀླད་པའི་རྒྱ་དང་འབྲེལ། །སྐེ་ལ་རྩ་བརྒྱད་རྩེའུ་ཆུང་དང་། །རྩེའུ་འདྲ་དག་དང་རྩ་ལག་དང་། །ཆུ་རྩ་སྦུ་གུ་ཅན་དང་ངོ་། །མདུན་གྱི་བརྒྱངས་ཤ་ཆོད་ན་ནི། །ཡར་ལ་ཀླད་པ་དག་ཏུ་རྣག །མར་ལ་བྱང་ཁོག་ནང་དུ་ལྷུང་། །རྒྱུས་པ་དབང་པོ་རྣམས་དང་འབྲེལ། །དེ་ནི་སྨྱུག་མ་སྦོམ་པ་འདྲ། །ཉན་ཆེ་ཚིལ་དྲོན་དྲོད་ཀྱང་དབབ། །ཡང་ན་མི་ཚིལ་ཤ་རློན་དྲོད། །དྲོད་དག་ཕབ་པས་བཅོས་པ་འོ། །རྩ་གཏར་དཔྱད་པ་ལོ་དུས་བསྲུང་། །རྒྱབ་ཀྱི་བདུད་རྩ་ནག་པོ་ནི། །པིར་འགོ་འདྲ་བ་བཅོས་པ་ནི། །ཚིགས་མིག་དག་ཏུ་ཁ་གསུམ་བསྲེག །སྐྲ་མཚམས་སོར་གསུམ་སོར་བཞི་འམ། །ཚིགས་པ་དང་པོ་ནས་ཐུར་གང་། །ཆུ་བའི་བར་ན་རྨེན་བུ་ཡོད། །རྣག་ཆུ་བྱང་ཁོག་ནང་དུ་ལྷུང་། །བཅོ་ལྔ་དག་ན་གློ་འོང་སྟེ། །རྩེའུ་ཆུང་རྩེའུ་འདྲ་ཐོང་རྩ་གསུམ། །རྦད་ཀྱིས་ཆོད་ན་བཅོས་སུ་མེད། །གཤགས་དང་བཙན་དང་བརྡུངས་པ་ལ། །ཕོག་མ་ཐག་ཏུ་གཏར་བ་དང་། །མེ་བཙའ་གདབ་པར་བྱ་བ་འོ། །

ཕུར་ཆུང་ཨ་བི་ཤ་དང་ནི། །དོམ་མཁྲིས་བཙུན་མོ་ཀ་ར་དང་། །བྱེའུ་རུག་འབུ་སུ་ཧང་དང་ནི། །ཨ་ཤྭ་གནྡྷ་སྤྲུ་བའི་རྩ། །ཞོ་སྦྱར་བ་དག་ལྕིབས་སུ་གཏང་། །མཁན་པ་སེར་པོའི་ཁུ་བའི་ཐང་། །ག་པུར་རྨ་དང་ཁོང་གཉིས་ཀར། །བ་ལེ་ཀ་དང་བ་ཤ་ཀ །རྒྱལ་པོ་སྤང་རྩི་དོ་བོ་དང་། །ཀྱི་ལྕེ་བ་དང་མཁན་པའི་ཐང་། །ཐང་ནི་རྩ་བ་ལྔ་དང་ནི། །བཙུན་མོ་དང་ནི་མོན་ལྕམ་དང་། །ཡུང་བ་ཨ་རུ་ར་དང་ནི། །ནི་གུ་ཆུང་གི་ཐང་དག་གཏང་། །ལྟག་རུས་མདེའུ་ཟུག་ན་འཆི། །རྩ་ལ་ལྕིབས་བྱ་ཤ་ལ་ལུམས། །གདོང་ལ་ཤ་རྩ་རུས་པ་དང་། །ཤུ་བ་དག་ནི་བཅོས་པར་བྱ། །རུས་པ་ཐོད་པ་མན་མགལ་ལོ། །ཤ་ལ་བྱེའུ་རྗེས་སྣ་མཆན་ནོ། །རྣ་ཤ་སྐོར་བུ་ལུག་ཤ་དང་། །འགྲམ་ཤ་ལས་བྱེད་དག་དང་ནི། །ལྐོག་མའི་འཛུམ་ཤ་དག་དང་ངོ་། །མིག་ཚིལ་མཁུར་ཚོས་ཁྲག་མཚོ་འོ། །

ལྐོག་མ་ཕོ་རྩ་ནག་པོར་འབྲེལ། །གློ་མཆིན་དག་དང་མཁལ་རྩ་ནི། །མཁུར་ཚོས་གློ་རྩ་མཆིན་རྩ་དང་། །བེ་གསང་མཁལ་རྩ་དག་དང་འགྲོགས། །མིག་གི་ཟུར་རྩ་མཁྲིས་རྩ་དང་། །འགྲོགས་པ་དེ་རྣམས་འཕར་བ་འོ། །ཟ་འགྲམ་རྩིའུ་འགོ་མཆེར་རྩ་དང་། །དུམ་བཞི་པ་ལས་སྨིན་མཚམས་ནས། །སོར་གསུམ་དག་ནས་འཕར་རྩ་འོ། །དཔྲལ་བའི་སྐྲ་མཚམས་དག་ནས་ནི། །རྩ་ནག་དག་སྟེ་གནད་རྩ་འོ། །དེ་རྣམས་གསེར་གྱི་ཐུར་མ་དང་། །སྤྲ་བས་མྱུར་དུ་བསྲེག་པར་བྱ། །ཤ་རྣམས་ལ་ནི་ལྕིབས་དང་ལུམས། །རྩ་ལ་བསིལ་བ་དག་བྱའོ། །མཁུར་ཚོས་བྱེའུ་རྗེས་དག་ལ་ནི། །ལུམས་དང་བསྲེག་པ་སྤང་བར་བྱ། །མིག་ཚིལ་གདོང་ཚིལ་མཁལ་ཚིལ་ལ། །མར་དང་ཚིལ་བུ་འོ་སྐོལ་དང་། །འབྲས་བུ་གསུམ་དང་གླ་སྒང་གི ། ཕྱེ་མ་དག་གི་ལྡེ་གུ་གཏང་། །ཡང་ན་ཞོ་བཙགས་གཏང་བར་བྱ། །རྩ་ལ་ཚྭ་རྣམས་མི་གཏང་ངོ་། །ཨ་རུ་ར་དང་མར་ཚིལ་གཏང་། །མཚོགས་མ་དབྱེ་དང་རྩེའུ་ཆུང་གཏར། །བསྲེག་པ་དག་ཀྱང་དཔྱད་ལ་བྱའོ། །སོ་མ་རཱ་ཛ་ལས་སྐེ་དང་གདོང་པ་བཅོས་པའི་ལེའུ་སྟེ་བརྒྱ་དང་བཞི་པའོ།།  །།

 

དེ་ནས་ཐུན་མོང་ནན་ལྕིབས་ནི། །ཀྱི་ལྕེ་བ་དང་ཁྲག་རྐང་དང་། །ནད་མ་མཚལ་དང་རྒྱ་ཤོ་མ། །ལྕུམ་རྩ་ཞོ་དང་སྦྱར་བས་སོ། །ཉ་ལྕིབས་བག་ཕྱེ་སྤྲ་བ་དང་། །བྲ་འོ་སྲན་དཀར་པུ་ཙེ་ཤེལ། །པར་པ་ཐང་དང་ཞོ་སྦྱར་བ། །རམས་ཀྱི་ཕྱེ་མ་འབུ་སུ་ཧང་། །གླང་མ་ན་བང་གྲེས་ཐལ་དང་། །ཞོ་དང་སྦྱར་བས་བསིལ་དུ་འོ། །རྒྱ་སྐྱེགས་བཙོད་དང་ཞུ་མཁན་དང་། །འབུ་སུ་ཧང་དང་སྤྲུ་མ་དག །ཞོ་སྦྱར་ཟླ་བ་ལྟ་བུར་བསིལ། །དུད་པ་ཕུར་མོང་ཉ་བྲིད་མ། །གླང་མ་ན་བང་གྲེས་ཐལ་དག །ཞོ་དང་སྦྱར་བ་དག་ཏུ་འོ། །ར་མོ་ཤག་དང་སྤྱང་བྲུན་དང་། །མི་དང་ཤ་རུ་བསྲེག་པ་ཡི། །ཐལ་བ་ཞོ་སྦྱར་ཁོང་ཚད་གཅོད། །དཔྱིད་ཟླ་གསུམ་ལ་ཟླ་འདྲ་གཏང་། །ཟླ་བ་འདྲ་བའི་འཁོར་ལོ་ཡིན། །

དབྱི་མོང་ཕུར་མོའི་མྱུ་གུ་དང་། །གྲེས་མ་ལྕི་བ་སྤ་མའི་ཐལ། །མཁར་པོ་དག་དང་སྦྱར་ལ་དྲོད། །ཀླད་པ་མཁར་པོ་བོང་བུ་ཡི། །ཁྲག་དང་སྦྱར་བ་དྲོད་ཡིན་ཏེ། །ཉི་མ་འདྲ་བའི་དྲོད་ལྕིབས་ཡིན། །དགུན་ཟླ་གསུམ་ལ་གཏང་བར་བྱ། །ཆུ་རྩ་སྒོ་ང་ཞོ་དང་སྦྱར། །ར་མོ་ཤག་གི་ཁུ་བ་དང་། །གྲོ་ཚིག་ཞོ་དང་བག་ཕྱེ་དང་། །ར་མོ་ཤག་དང་ཉེ་ཤིང་བརྡུངས། །ཞོ་དར་བག་ཕྱེར་སྦྱར་བ་འོ། །འོམ་བུ་ཞོ་དང་བག་ཕྱེ་བསིལ། །ཡང་ན་འོམ་བུ་བྲག་ཞུན་དང་། །བག་ཕྱེ་ཞོ་དང་སྦྱར་བ་ནི། །ཚིག་པའི་ཞུན་དང་སྐྲངས་པའི་འབྱར། །མཚེ་དང་བྲག་ཞུན་རི་བོང་སྤུ། །བག་ཕྱེ་ཞོ་དང་སྦྱར་བ་ནི། །ཚིག་པའི་ཞུན་དང་སྐྲངས་པའི་འབྱར། །མཚེ་དང་བྲག་ཞུན་རི་བོང་སྤུ། །བག་ཕྱེ་ཞོ་སྦྱར་འབྱར་དུ་འོ། །ཡང་ན་བག་ཕྱེ་བྲག་ཞུན་དང་། །རི་བོང་ཁྲག་དང་སྦྱར་བའི་འབྱར། །དེ་ནི་ཟླ་བ་འདྲ་བར་བསིལ། །མཚེ་དང་མཚེ་ཤིང་བར་གྱི་ཤུན། །ཆུ་རྩ་ལྕུམ་རྩ་མཁར་པོ་དྲོད། །སྤང་ཐལ་མཚེ་ཐལ་མཛོ་ལྕི་དང་། །ཆང་སྦྱར་ཉི་མ་འདྲ་བ་འོ། །བ་ལུའི་ལོ་མ་སྤ་མ་ཡི། །ལོ་མ་དག་བརྡུངས་བག་ཕྱེ་དང་། །མཁར་པོ་དག་དང་སྦྱར་བ་དྲོད། །ལྕམ་བུའི་ཕྱེ་དང་བག་ཕྱེ་དང་། །ཞོ་དང་སྦྱར་བ་བསིལ་དུ་འོ། །སྲན་མ་བརྡུངས་པའི་ཕྱེ་མ་དང་། །ཞོ་དང་བག་ཕྱེ་སྦྱར་བ་འོ། །ནད་མ་བརྡུངས་པའི་ཕྱེ་མ་དང་། །ཞོ་དང་བག་ཕྱེ་སྦྱར་བ་བསིལ། །ཀྱི་ལྕེའི་ཐལ་བ་ནུ་ཞོ་དག །འགྲམ་དང་ཟགས་པ་དག་ལ་འོ། །

གྲེས་ཐལ་དང་ནི་ན་ཆུ་ཡི། །འདག་པས་སྐྲངས་དང་ཐགས་པ་ལའོ། །སུག་ཐལ་པྲི་ཤིང་སྣང་མའི་ཐལ། །སྒོག་པ་ཞོ་དང་སྦྱར་བ་བསིལ། །བཅའ་ལྒ་གོ་སྙོད་བག་ཕྱེ་དང་། །མར་ནག་དང་སྦྱར་ཉི་མ་ལྟ་བུ་འོ། །ཤ་སྤོད་ལ་སོགས་དེ་བཞིན་ནོ། །མར་དཀར་ཞོ་དང་བག་ཕྱེ་བསིལ། །མར་ནག་རྗེན་ཕྱེ་བཏབ་པ་དྲོད། །དེ་ནི་ཉི་མ་དང་འདྲ་དྲོད། །ཞུན་མར་དང་ནི་སྦྲང་རྩི་དང་། །རྗེན་ཕྱེ་དག་ནི་དྲོད་དུ་འོ། །རུས་པའི་ལྷ་བ་དམར་ནག་ནི། །སྐྲངས་འདུལ་བ་ལ་མཆོག་ཏུ་སྟེ། །རུས་ཕྱེ་དག་དང་ཀླད་པ་དང་། །ཡང་ན་སྤོད་དང་ཀླད་པ་དང་། །ཡང་ན་སློ་དང་སྦང་མ་སྟེ། །སྐྲངས་པ་འདུལ་བའི་མཆོག་ཏུ་འོ། །མར་དཀར་དང་ནི་རྗེན་ཕྱེ་དང་། །སྦྲང་རྩི་དང་ན་ཟར་མའི་ཕྱེ། །ཤ་འུ་གསོ་བའི་མཆོག་ཏུ་འོ། །མར་ནག་དག་དང་ཟར་མའི་ཕྱེ། །མར་དཀར་མི་རུས་ཐལ་བ་ནི། །ཟགས་པ་དག་ལ་མཆོག་ཏུ་འོ། །རྗེན་ཕྱེ་དག་དང་ཟོ་ཤ་དང་། །བྲ་ཕྱེ་སྲན་ཕྱེ་སྦྱར་བ་འོ། །ལུམས་ལ་འབྲུ་དང་མེ་ཏོག་དང་། །སློ་དང་ཆུ་ལུམས་དག་ཏུ་འོ། །

དུགས་ནི་མཚེ་དང་ཤུག་པ་དང་། །མཁན་པ་སྤང་རྩི་དོ་བོའི་དུགས། །སློ་དང་སྦང་མ་ཉི་མ་ལྟ་བུ་འོ། །ཞོ་དང་སྦང་མ་ཟླ་བ་དག་ཏུ་འོ། །ལར་ན་ཤ་ནི་ལྕིབས་ཀྱི་འཐེན། །ལྕིབས་ལ་ནན་ཏན་དེ་བཞིན་ཏེ། །ལྕིབས་དག་གིས་ནི་འཚོ་བ་ན། །ལྕིབས་འགོ་སྐྲངས་ན་དགུན་དག་ནི། །ཞག་ལྔ་སྦྱར་ན་ཞག་གསུམ་ནའོ། །དེ་ལས་ལོག་སྟེ་མེ་ལྕེ་རིས། །སྐྲངས་པ་ཆེ་བ་དག་ལ་ནི། །རྣག་ཆུ་དམར་སྨུག་རྒྱ་སྐྱེགས་འདྲ། །མཚེ་དང་ཁྲག་སྐེམ་རམས་དང་ནི། །བག་ཕྱེ་དག་གི་འདག་པ་གཏང་། །

ཡང་ན་པི་པི་ལིང་དང་ནི། །ན་ལེ་ཤམ་དང་དོང་དྲའི་ཕྱེ། །ཞོ་དང་བག་ཕྱེ་གཏང་བར་བྱ། །ཡང་ན་སུག་སྨེལ་ཅུ་གང་དང་། །ཤིང་ཚྭ་ཞོ་དང་བག་ཕྱེ་གཏང་། །ཡང་ན་འབྲས་བུ་གསུམ་དང་ནི། །ཤིང་ཚྭ་བག་ཕྱེ་ཞོ་སྦྱར་གཏང་། །ལྷོག་ཐབས་སུ་ནི་སྐྲངས་པ་ལ། ཁྱི་དང་མི་དང་ཕག་གི་བྲུན། །སྤྱང་དུག་ར་དུག་རེ་ལྕག་པ། །ལ་ཀུ(ཀྱི་ལྕེ)ལ་ཕྲོམ་ཐར་ནུ་དང་། །སྤུ་མ་དག་ནི་གཏང་བར་བྱ། །པགས་པ་ཤ་དག་ཚོས་པ་ན། །མར་དཀར་རེ་ལྕག་ཐལ་བས་བྱུག །ཡང་ན་ར་དང་ཁྱི་དག་གི ། མཇུག་མ་དག་དང་ཨོག་སྤུ་དང་། །སྐྱེར་པ་ཡི་ནི་བར་ཤུན་དང་། །སྒོག་པ་ཤིང་ཀུན་རྭ་ཡི་ཕྱེ། །དུ་བ་སྒོ་ང་གཏང་བར་བྱ། །བཅུད་མེད་དག་ནི་ལྟོར་གཏང་ངོ་། །ཚིགས་པ་འཁྲོལ་ན་ན་ཚ་ཆེ། །དར་འཇག་རས་འཇག་ཤ་སྟེང་དུ། །སྲབ་དང་དེབ་ཀྱིས་ཚིགས་མི་འཁྲུལ། །རུལ་དང་འབུ་ནི་ཞུགས་པ་ན། །སྒོག་པ་ཤིང་ཀུན་བྱེ་རུག་པ། ཁྱི་མཇུག་བག་ཕྱེ་ཕུར་མོང་གདབ། །བེམ་པ་ཚོས་པ་དག་ལ་ནི། །བྲ་ཕྱེ་སྲན་ཕྱེ་དུ་བ་དང་། །མཁྲིས་པའི་ཕྱེ་མ་གདབ་པར་བྱ། །

ཤིན་ཏུ་བེམས་པར་གྱུར་པ་ལ། །སྦང་མ་ཚྭ་ཡང་ཡན་དུ་གཞུག །བད་ཀན་སྐྲངས་པ་འཇམ་ལ་མཁྲང་། །མཁྲིས་པ་སྐྲངས་པ་ནག་ལ་ཧྲེམ། །རླུང་གིས་སྐྲངས་པ་སྐྱ་ལ་སོབ། །ཁྲག་གིས་སྐྲངས་པ་དམར་ལ་ཚ། །གདོན་གྱིས་སྐྲངས་པ་ཐོར་བུ་ཅན། །གནད་ཀྱིས་སྐྲངས་པ་མཆེར་རྒྱས་འདྲ། །བད་ཀན་དག་ལ་སྒོ་ང་དང་། །དོང་དྲ་ཚ་བའི་ནན་དུ་བྱ། །མཁྲིས་ལ་སྣུམ་མེད་ཀ་རའི་ནན། །རླུང་ལ་བསིལ་མེད་དྲོད་བཅུད་ནན། །ཁྲག་ལ་གཏར་དང་བསིལ་གྱིས་བྱ། །གདོན་ལ་གུ་གུལ་ར་ཁྲག་གཏང་། །གནད་ཀྱིས་སྐྲངས་ན་ཕལ་ཆེར་འཆི། །སུལ་དུ་རྣག་འབྱམས་ཤ་ཞུ་ན། །རེས་འགའ་ཆིངས་བཞག་འབབ་ཁུང་སྨད། །ཁྲུས་བྱ་ཨ་བི་ཤ་དག་དང་། །དོམ་མཁྲིས་ཀ་རའི་ཕྱེ་བཏབ་སྟེ། །རྣག་མདོག་དམར་ན་དེ་བཞིན་ནོ། །ནང་གི་རྩ་ཆད་གྲིམས་པར་བྱ། །ཆུ་བ་གཏིང་ཆུ་ལོང་ཆུ་བ། །སྤུར་དང་གང་སྦྲའི་ཆུ་བ་དང་། །སྒྱིད་ཁུང་གྲུ་མོ་མཁྲིག་མགུལ་ཆུ། །གཞི་མཆོག་ལྡད་ཀྱི་ཆུ་བ་ལ། །སོང་ན་ཏོང་ཏོང་ཀྱུར་ཀྱུར་དང་། །ཡེད་ཡེད་པ་དང་ཚིག་ཚིག་པའོ། །རེངས་པ་དག་དང་ལྟག་དགྱེར་འགྲོ། །རྣ་བའི་མཆན་དང་ལྟག་ཆུ་དང་། །སྐེ་དང་རྟ་ཤ་བཤུལ་ཤ་དང་། །བཤུལ་ཚིལ་དག་ལ་ཕྱིང་པ་གཏང་། །ཆུ་སྣ་བསྲེག་ཅིང་ཆུ་བ་མནན། །རྟིང་པའི་དྲག་དང་བྱིན་པའི་ཉྭ། །ཨོག་མའི་འཛུམ་དང་ཚིགས་པ་གསུམ། །མཇིང་པའི་གཏིང་གི་ཆུ་བ་འོ། །རུས་པ་ཆུ་བ་འབྲེལ་ཀུན་བསྲེག །སོ་མ་རཱ་ཛ་ཐུན་མོང་ནན་ལྕིབས་ཀྱི་ལེའུ་སྟེ་བརྒྱ་དང་ལྔ་པའོ།།  །།

 

དེ་ནས་(མི་ལུས་འདོམ་གང་གྲུ་བཞི་ལས། །བྱང་ཁོག་རྣམ་པ་ལྔ་ཡོད་དེ། །ཁྲག་ངན་རོལ་དུ་གསོད་པ་དང་། །ཆུ་སེར་གནས་སུ་སྐམ་པ་དང་། །རྣག་ནི་གསང་དུ་བཏོན་པ་དང་། །རོལ་དུ་གསད་པ་ནག་པོ་བཞི། །ས་ཞག་དཀར་ནག་ཕ་བོང་དྲགས་པ་དག ཁང་པའི་དུད་ནག་སྐྱེར་པའི་མེ་ཏོག་ནག་པོ་དེ་རྣམས་ཞིབ་ཏུ་བརྡུངས་ཏི་རུལ་ཁུ་བ་ནག་པོས་ཕུལ་ཏེ་གཏང་། ཞག་གསུམ་དང་ནང་ལྟོ་སྟོང་ལ་རྩེའུ་ཆུང་རུ་ཐུང་ལོང་རྩ་གཏར)བྱང་ཁོག་བཅོས་པ་ལ། །ནང་གི་བརྟོལ་དང་མ་བརྟོལ་དང་། །གནད་ལ་སོང་དང་མ་སོང་དང་། །མདེའུ་ཡོད་དང་མེད་པ་བརྟག །དབུགས་ཐུང་རྔམ་པ་ཆེ་བ་དང་། །ཤེད་ཆུང་གདོང་པ་རྔུལ་བ་དང་། །སྣ་བུག་(སྒྲོག་རུས་མཆིན་དྲི་ཡན་ཆོད་དུ་དེ་ལ་དབུག་ཚོལ་མི་རུང་ངོ)ཧར་ཧར་འདུག་པ་ནི། །ནང་བརྟོལ་མདེའུ་ཡོད་ལ་སོང་། །ལྕེ་གཞུང་སྐྱ་བ་དག་དང་ནི། །མཆུ་སྐམ་ཁ་སྣ་སྐམ་པ་དང་། །སྟོད་ཀྱི་དབུགས་བསྡམ་རྔུལ་བ་དང་། །མིག་སྤྲིན་སེར་དང་སོ་དྲེག་ཆགས། །རྫི་མ་ཟེད་དང་སྨིན་མ་འཁྲུགས། །བ་སྤུ་ལོག་པ་བརྟོལ་བ་སྟེ། །ཆགས་པ་ཆེ་ཆུང་རང་དབང་མེད། །གནད་ལ་སོང་སྟེ་འཆི་བ་འོ། །འདོམས་སུ་སྟོད་དག་བཅུག་པ་དང་། །སྐད་གདངས་ཆག་དང་འཛེར་སྐད་དང་། །ཕྲ་ལ་སྣ་ནས་སྨྲ་སྐད་ཟེར། །གློ་ལ་སོང་ན་སྐད་རྐེད་འཆད། །ཡང་ན་སྙིང་གི་རྩ་དག་ཆོད། །བྱང་ཁོག(གཉན་ཤ་གསུམ་ཡོད་དེ། དབྱི་བཤུལ་ནང་གི་རྟ་ཤ་སྟ་ཟུར)སྟོད་ལ་གཉིས་ཡོད་དེ། །མཛོད་སྤུ་ཆུང་གི་ཁྱིམ་གོང་ན། །རྩ་ནི་སྟོད་རྩ་གཡས་གཡོན་བསྣོལ། །

དེ་ནས་སྒང་རྩ་བསྣོལ་བ་ནི། །སྒྲོག་རུས(ནས་སྙིང་ཁུང་མཐོ་གང་བསྒྲིམས་ཏེ་འཁོར)ཁུང་ནི་དག་ན་འོ། །གློ་ཡི་རྩ་མིག་རྩ་དག་གོ །ནུ་མའི(སྙིང་ཚིལ་ཕྲ་ལ་སོང་བ་ན། །ཚིལ་བུ་ཁྲག་ནི་ཆོད་པ་ལ། དེ་ལ་དབུག་ཚོལ་མི་རུང་ངོ་། །ཕོ་རྩ་གཉན་པོ་བཞི་ཡོད་དེ། །ནང་དུ་ཡང་ནི་འགྲོ་ཉན་ཡོད། མཆིན་པ་དག་ལ་སོང་བ་ན། །གསུམ་ལྔ་བདུན་དང་ཉིས་བསྣུབ་ལ། །ཚིགས་པ་ལྔ་ཡོད་དེ། །མཁལ་ཚིལ་བཅོས་ཚིགས་བྲང་རུས་ཚིགས། །དེ་ལ་བཅོས་ཐབས་འདི་ལྟར་རོ། །སྒྲོག་རུས་མཆིན་དྲི་ཡན་ཆོད་ལ། །བཤུལ་ལ་ཕོག་ན་ནན་དུགས་བྱ། །རླན་དང་ལྕིབས་ནི་ཉེར་མི་རུང་། །རྟ་ཤ་ཆོད་ན་ཟྭའུ་གཏང་། །སྒྲོག་རུས་འོག་གི་རྩ་དང་མཆན་ཁུང་རྩ། །བརྩན་ནམ་བརྡབས་ན་དང་ག་མི་བདེ་སྟེ། །བློ་གཡོབ་དབུགས་རྒོད་མིག་ན་སེར། །རོ་སྟོད་མི་རྒུར་ཉལ་མི་ཤེས། །ལག་པས་རྨ་ལ་འགེབས། །ནང་བརྡོལ་བ་ཡི་ཕྱི་རྟགས་བསྟན་པ་ནི། །གསང་སྒོ་རྣམ་པ་བཞི་རུ་འདོད། །ཡན་ལག་བགྲངས་ན་བརྒྱད་དུ་འདོད། །དེ་ལས་མ་གཏོགས་རང་གསང་གཉིས། །ཡན་ལག་བགྲངས་ན་བཞི་རུ་འདོད། །ནུ་མའི་གསང་ནི་བཞི་རུ་འདོད། །ཡན་ལག་བགྲངས་ན་ཉི་ཤུ་གཉིས། །སྒལ་པ་རང་གསང་གཉིས་སུ་བཤད། །ཚིགས་པ་བརྒྱད་ལ་མཆིན་དྲིའི་འདོགས་གསང་ཡིན)འཐེན་ཐག་ས་ན་ནི། །སྙིང་རྩ་ཐང་ཤིང་དག་ཡོད་དེ། །དེ་གཉིས་ཆོད་ན་ཁོང་དུ་རྣག །ལྷུང་སྟེ་མ་བརྟོལ་ཉེས་པ་ཆེ། །མཆན་ཁུང་སྤུ་མཚམས་གཡས་གཡོན་ན། །ཚིགས་པ་ལྔ་པ་དག་ནས་ནི། །གཉའ་ཆུ་བ་ཡི་གསེབ་ཏུ་འགྲོ། །གྱེན་ལ་ཕན་ཚུན་རྩ་གཉིས་རྒྱུ། །མིང་ནི་ཆུ་རྩ་སྦུ་གུ་ཅན། །ཚིགས་པ་དགུ་པའི་བཤུལ་མཆན་ན། །སྲོག་རྩའི་བྱ་ལག་ཕན་ཚུན་ན། །སྲོག་རྩའི་སྡོང་པོ་གྱེན་ལ་གནས། །གྱེན་ལ་ཕུར་བས་དུང་འབུད་དོ། །ཆོད་ན་རྐྱལ་བུ་བཞིན་དུ་སྦོ། །སྡངས་ནས་འགྲོ་སྟེ་བརྡབས་ནས་གནག །དེ་རྣམས་ནང་དུ་རྣག་ལྷུང་ངོ་། །

སོག་པའི་དཔུང་སོག་ཕོ་བ་འདྲ། །ཆོད་ན་བྱང་ཁོག་རྣག་ལྷུང་བའོ། །ནང་ནད་བྱང་ཐག་ཏོང་ཏོང་དང་། །མིད་པའི་རྩ་རྣམས་དེ་ནས་གྱེས། །ནང་གི་རྩ་དག་བསྟན་པ་ནི། །གློ་ལས་གྱེན་དུ་གྱེས་པ་ནི། །རྩེའུ་ཆུང་གཡས་དང་གཡོན་པ་ཡིན། །ནང་ནས་སྒྲོག་རུས་ཏོང་ནས་ནི། །གྱེན་དུ་རྣ་ལྟག་དག་ཏུ་འོ། །ཕྱིར་གྱེས་ནང་དུ་ཀླད་པའི་སྟེང་། །ཕྱིར་གྱེས་པ་ནི་འཕར་རྩ་སྟེ། །ནང་རྩ་དག་ནི་རྒྱ་ཡི་རྩ། །རྒྱབ(བྱང་ཁོག་རྣམ་པ་མང་ན་ཡང་། །སྟོད་སྨད་དག་གི་རྣམ་པ་གཉིས། །དོན་ཟབ་དག་གིས་བསྟན་པ་ལ། །ཕོག་ས་བཟང་ན་གསང་ཚད་དང་། །བཅོས་ཐབས་རྣམ་པ་གསུམ་དུའོ། །གསང་སྒོ་ཕོག་ས་བཟང་བའོ། །གསང་མེད་པ་ཡི་སྦུབས་རྣམས་སུ། །ཟུག་རྔུ་ཟུག་པ་འབྲེལ་པོ་ཡིན། །རྩ་གཉན་རྣམས་ལ་ཟུག་ན་ཡང་། །ནུ་མ་གཉིས་ཀྱི་ནུ་ལྐོག་ནས། །ཕྱི་བས་གསང་ཚོན་རེ་བཅལ་བ་ན། །ལྷེན་སྣ་གཉིས་ཀྱི་རྒྱང་སྒོར་ཡོད། །བུ་གའི་གསང་དུ་ཤེས་པར་བྱ། །རྩིབ་ཐུང་གཉིས་ཀྱི་ལྟག་ཤེད་ན། །བཤུལ་ཤ་འགྱུར་ཤ་གཉིས་ཀྱི་བར། །བཅུ་གཉིས་པ་ནས་མཁྱུད་གང་ན། །རྒྱབ་ནས་རིང་པོ་ཞེས་བྱ་སྟེ། །མ་ཡི་གསང་དུ་ཤེས་པར་བྱ། །རྩིབ་ཐུང་དག་གི་ཞེ་ལྔ་ན། །མ་རྒྱུག་བུ་རྒྱུག་གསང་ཡོད་དེ། །གློད་གསང་གསུམ་དུ་བསྟན་པ་ཡིན། །ལ་ནུ་གཉིས་ནས་དཀྱིལ་དག་ན། །གྱེན་དུ་ཚོན་རེ་བཅལ་བ་ན། །དེ་ནས་གཡས་གཡོན་ཚོན་རེ་བཅལ། །སྙིང་གི་བྱ་རོག་མིག་ཞེས་བྱ། །དེ་ནས་གྱེན་དུ་ཚོན་དོ་ན)ཏུ་ནམ་ཚོང་ཐད་ཀའི་ཚིགས། །འབུར་འབུར་ཐད་ན་མིག་དང་ནི། །རྣ་བ་སྣ་ལྕེ་ཀླད་པའི་སྟེང་། །དེ་རྣམས་མདོ་དག་འདུས་པ་ནི། །དཔྲལ་བའི་སྐྲ་མཚམས་སོར་བཞི་ན། །དེར་འདུས་དེར་ནས་སོར་གསུམ་སྲུབས། །མདོ་ནས་ཐུར་གང་མཐའ་ཡི་གསང་། །རྒྱབ་ཏུ་གྱེས་པ་བདུད་སྒོ་སྟེ། །ལྟག་ཁུང་བདུད་རྩ་ནག་པ་འོ། །ལག་པའི་དཔུང་པ་ནང་གི་རྩ། །གཉིས་པ་ཚིགས་པ་གསུམ་པ་ནས། །བྱ་རོག་མིག་གི་ཐད་ཀ་ན། །གློ་རྩ་མཆིན་ཏེ་ཤིན་ཏུ་གཉན། །ཕྲག་པ་གཡས་དང་གཡོན་པ་ནི། །བྲང་ལོག་ཐང་ཤིང་གཉིས་དག་ནི། །མཆན་ཁུང་ནང་གི་གཡས་གཡོན་ན། །ནང་རྩ་གནས་ཏེ་དེ་ཆོད་འཆི། །གློ་རྩ་གཏར་ཞིང་གློ་གསང་བསྲེག །གློ་བའི་རྩ་དག་དེ་ནས་ནི། །དཔྱི་ཟུར་བརླ་སྲུབས་མཐོ་གང་དུ། །ཡོད་པ་དེ་རྣམས་བྱང་ཁོག་ཏུ། །རྣག་དག་ལྷུང་བའི་རྩ་དག་གོ །གཉིས་པ་འཕར་རྩ་བསྟན་པ་ནི། །ལག་ངར་དང་ནི་ཟ་འགྲམ་དང་། །ཁ་ཡི་འགྲམ་ཕུག་འཕར་རྩ་དང་། །ཐང་རྩ་རྐང་པའི་འཕར་རྩ་འོ། །

ཆོད་ན་རྣག་དག་ལྷུང་བ་འོ། །གདོང་སྨུག་མིག་རྩ་རྒོད་པ་དང་། །སྙིང་རླུང་ཅན་དང་འདྲ་བར་ཚོར། །རྣག་ཡོད་ལུས་ལྕི་གདོང་པ་དཀར། །དང་ག་མི་བདེ་རྩ་ཡང་མྱུར། །ཆུ་མདོག་སྨུག་དང་དམར་བ་འོ། །སྟོད་ཀྱི་གློ་རྩ་ཆོད་ན་ནི། །བརྒྱད་དང་དགུ་ན་མ་ཤོར་ན། །རྒྱ་སྐྱེགས་ཁུ་བ་སྨུག་པོ་ལ། །སྤེན་མའི་ཐལ་བ་གཏང་བར་བྱ། །རྨ་བྱའི་སྒྲོ་ཡི་ཐལ་བ་དང་། །བུས་པའི་ཆུ་འམ་སྦྲང་རྩི་འམ། །ཡང་ན་ཕུར་མོང་ཐལ་བ་ལ། །ཅུ་གང་སུག་སྨེལ་ལྕགས་ཕྱེ་གདབ། །ཁྲག་ངན་རྩ་རུ་དྲང་བ་དང་། །རྣག་ཁྲག་ཁོང་དུ་སྐམ་པ་དང་། །རྣག་ནི་གསང་དུ་དྲང་བ་ལས། །ཁྲག་རྩར་གྲང་བ་གཏར་བ་འོ། །ཁྲག་ངན་ནང་སོང་རྣག་འགྲོ་བས། །ག་པུར་འབྲི་རྟ་གཏང་བར་བྱ། །ལྔ་བདུན་ཚུན་ཅད་ཐང་ཡང་གཏང་། །

ཁྲག་སྐེམ་དམར་སེར་དག་དང་ནི། །བ་ལེ་བ་ཤ་ཀ་ཡང་གཏང་། །རྣག་ཏུ་སོང་ནས་བསྐམ་པར་བྱ། །ས་ཡི་སྙིང་པོ་ཁྲོ་ཆུ་དང་། །ཟླ་བའི་ཟིལ་པ་དག་དང་ནི། །ཟླ་བ་འཇུ་བྱེད་ཉི་མ་དང་། །རཱ་ཧུ་ལ་ཡི་ས་བོན་དང་། །ལྷ་ཡི་བུ་མོ་རྣམ་གཉིས་ཀྱི། །ལུས་ཀྱི་ཡན་ལག་རྫོགས་པ་དང་། །དོམ་བུ་ནག་པོའི་མཁྲིས་པ་དང་། །ཀ་ར་དག་དང་སྦྱར་ལ་གཏང་། །ཤ་དང་ཆང་དག་གཏང་མི་བྱ། །ཐུན་སྐྱེད་གཏང་ན་སྐེམ་པར་རོ། །སྦྲུ་མའི་རྩ་བའི་ཐལ་བ་དང་། །རྒྱ་རུ་གྭ་དོར་བསེ་རུ་དང་། །ཚ་ལ་དག་ནི་མཆོག་ཏུ་འོ། །སྐམ་པར་མ་གྱུར་གསང་དུ་གདོན། །རྣག་ནི་ཡོད་མེད་བརྟག་པ་ནི། །ནད་པ་སྐྱིལ་ཀྲུང་འཆར་བཅུག་ལ། །གཅིག་གིས་རྒྱབ་ནས་དཀྲོགས་པར་བྱ། །ཤྭ་ཤྭ་ཟེར་ན་སླ་བ་སྟེ། །ཏུག་ཏུག་ཟེར་ན་གར་བ་འོ། །མཁས་པས་ལག་མཐིལ་བལྟས་པས་བརྟག །པུག་པུག་བྲིག་བྲིག་གསང་དུ་འོང་། །གསང་དུ་ཅུང་ཙམ་མཐོ་ལ་མེར། །གསང་སར་ཕེབས་པས་དབྱེ་བར་བྱ། །རང་གསང་རྨ་གསང་དབྱེ་གསང་ངོ་། །རང་གསང་ཁ་ཡིན་ཁ་རུ་དྲང་། །མདའ་གསང་ཤུལ་དུ་བྱུང་བ་འོ། །

དབུག་པ་ལ་ཡང་གསུམ་ཡིན་ཏེ། །ལྷ་བ་དཀར་ནག(ཚིགས་པ་ལྔ་ཡི་གཡས་གཡོན་དུ། ཚོན་རེ་ཕུན་རེ་བཅལ་བ་ན། །འབྲུམ་སྐད་ཞེས་བྱའི་གློ་གསང་ཡོད། གསང་སྒོ་རབ་ཏུ་བཟང་བ་ཡིན)མཚམས་སུ་འཐེན། །ཚིགས་པ་གཡས་གཡོན་གཉིས་སུ་འཐེན། །གོང་གཉིས་བཞི་ནི་སྦྲུལ་གྱི་ནི། །ལྡོག་པས་མིག་ཏུ་དེ་བཞིན་ནོ། །ནུ་མ་དག་ནས་ཆག་གང་དང་། །མཆན་ཁུང་ཕུག་ནས་ཐུར་གང་ནི། །བར་མ་གསེར་གྱི་སྦུ་གུ་འོ། །ཚིགས་པ་(ནང་གི་རྩ་རྣམས་འདི་ལྟ་སྟེ། གློ་སྙིང་གཉིས་ནས་བྱུང་བ་ནི། ཚང་ཚང་རྣམས་སུ་འབྲེལ་བ་ནི། ནང་གི་རྩ་རྣམས་ཡིན་པར་བསྟན)བརྒྱད་དང་དགུ་དང་བཅུ། །ཐད་ཀར་མཛུབ་གང་དག་དང་ནི། །སོག་པ་ཡི་ནི་འདབ་ནས་སུ། །ཐུར་གང་དག་དང་ཐུར་ཕྱེད་དང་། །ནུ་མ་ནས་ནི་མཛུབ་གང་ན། །རྩིབ་མ་ཞེ་གསུམ་ཞེ་གཉིས་ན། །ཟུར་གསང་གསང་སྒོ་ཆེན་པོ་འོ། །དང་པོ་ཕགས་པ་དེ་ནས་ཤ །ཚད་ནི་ཐུར་གང་དབུག་པར་བྱ། །ཐེམ་བུ་རྭ་ཐེམ་ཞ་ཉེ་དང་། །ཐོད་ཀར་དར་ལ་བྱས་པ་འོ། །ལར་ན་གདོང་དང་ནུ་མ་མཉམ། །སྙིང་ནས་ལྷེན་སྣ་ཕྱེད་དང་དོ། །ཐུར་དུ་འཐེན་པས་ཟུར་ཐིག་གོ །

མཆན་ཁུང་དཀྱིལ་ནས་ཟུར་དུ་དཔྱི། །ནུ་མ་དག་ནས་ཐད་ཀ་སྟེ། །ཡན་མན་ཆག་གང་གཅལ་བ་ནི། །ཟུག་པའི་རྩ་རྣམས་ཆོད་པ་ན། །ཕལ་ཆེར་སྦུབས་སུ་ལྷུང་བ་འོ། །མཆན་གསང་གསེར་གྱི་སྦུ་གུ་འོ། །ལྷེན་སྣ་ནས་ཚིགས་བཅུ་བར་འཁོར། །ཐིག་དེས་བྱང་ཁོག་སྟོད་སྨད་དོ། །ནུ་མ་ནས་འཁོར་མཛོད་སྤུ་ཆུང་། །མདུན་དང་རྒྱབ་ཏུ་གྲུ་བཞི་སྟེ། །ཐིག་སྐོར(སྒྲོག་རུས་གཉིས་ཀྱི་བར་དག་ཏུ། ཚོན་གང་འོག་ན་རྩ་གཉིས་ཡོད)རྒྱབ་ཏུ་བཏབ་པས་ཤེས། །སྨད་ཀྱི་མདུན་རྒྱབ་དེ་བཞིན་ནོ། །ཕུག་ནས་རྨ་རྩི་གང་བདེ་གཏང་། །ཚུར་བྱུང་རྣག་ནི་དེ་ནས་བརྟག །རྣག་ནི་དཀར་ལ་འཇམ་ན་བཟང་། །ཤ་ཁོག་བཤལ་འདྲ་ཁུ་ཚིག་ཅན། །དེ་ཡང་བཟང་བས་ཆད་པར་སླ། །སྨུག་དང་སེར་དང་དམར་བ་དང་། །དུད་ཁུ་སྔོ་དང་ནག་པ་དང་། །གཤིན་དྲི་བྱུང་ན་འཆི་བ་འོ། །སྦྲང་རྩི་ཆང་དང་བུལ་ཏོག་བཅས། །ལྒང་ཕུག་གཅེའུ་ལ་བརྟགས་གཏང་། །དེ་ནས་སེང་ལྡེང་ཁུ་བ་རུ། །ཨ་བི་ཤ་དང་ཨ་རུ་ར། །དོམ་མཁྲིས་ཕྱེ་མ་བཏབ་ལ་གཏང་། །མུ་ཟི་དག་དང་བྲག་ཞུན་དང་། །ར་མཉེ་བ་དང་ཉེ་ཤིང་བ། །སྟར་བུ་ཏི་ཚ་དག་དང་ནི། །གྭ་དོར་དང་ནི་བསེ་རུ་དང་། །མཚལ་དང་ཛཱ་ཏི་དོམ་མཁྲིས་དང་། །ཀ་ར་དག་དང་སྦྱར་བ་ཡིས། །རྣག་ཁྲག་ཁོང་དུ་འཇུ་བར་བྱེད། །ཡང་ན་མུ་ཟི་སྲང་གཅིག་དང་། །ཅོང་ཞི་ཞོ་གཉིས་དག་དང་ནི། །ཚ་ལ་ར་མཉེ་ཉེ་ཤིང་བ། །རྩ་བ་ལོ་འདབ་བཅས་པ་སྟེ། །བསེ་རུ་ཀ་རར་བཅས་པ་ཡིས། །རྣག་ཁྲག་སྐེམ་པའི་མཆོག་ཡིན་ནོ། །ཡང་ན་ཟངས་ཐལ་ནུ་ཞོ་དང་། །ར་མཉེ་བ་དང་ཉེ་ཤིང་བ། །རྩ་བ་ལོ་འདབ་བཅས་པ་དང་། །ཀ་ར་དག་དང་སྦྱར་བས་ནི། །རྣག་སྐེམ་པ་ཡི་མཆོག་ཡིན་ནོ། །

རྩ་ཡི་ཁྲག་ལ་ཛཱ་ཏི་དང་། །དོམ་མཁྲིས་གུར་གུམ་རྩབས་ཤིང་དང་། །གུ་གུལ་བསེ་རུ་མུ་ཟི་དང་། །ར་མཉེ་བ་(སྐེ་ཡི་ཕྱི་རྩ་གཉན་པོ་ཡང་། ཆོད་ན་ནང་དུ་འགྲོ་ཉན་ཡོད)དང་ཉེ་ཤིང་བ། །བྱེ་མ་ཀ་ར་དག་དང་སྦྱར། །སྦྲང་རྩིས་རྩ་ནི་གསོ་བ་སྟེ། །རྩབས་ཤིང་དག་ཀྱང་དེ་བཞིན་ནོ། །ཨ་རུ་ར་དང་བ་རུ་ར། །ཕུར་མོང་ཉ་དབྲིད་དག་དང་ནི། །མཚེ་དང་སྟག་པའི་ལོ་མ་དང་། །ཡོག་མོ་མཁོན་ཤིང་མ་རྣམས་ཀྱིས། །མེ་ལ་བསྲེགས་པའི་ཐལ་བ་དང་། །སྤྲུ་མའི་རྩ་བའི་ཐལ་བ་དང་། །གཉིས་དག་ཐལ་བ་ཁྲོ་ཆུར་སྦྱར། །ཀ་ར་དག་གི་ཕྱེ་མས་ནི། །ཁྲག་དག་སྐེམ་པར་བྱེད་པ་འོ། །ཚ་ལ་བསེ་རུ་གྭ་དོར་དང་། །ར་མཉེ་བ་དང་ཉེ་ཤིང་བ། །ཁྲོ་ཆུ་དག་དང་སྦྱར་བ་སྟེ། །ཀ་ར་དག་དང་སྦྱར་ལ་གཏང་། །ཚ་ལ་གཅིག་ཚུགས་དག་དང་ནི། །ཞོ་གཅིག་སྲང་ཕྱེད་དག་ཏུ་འོ། །སྒོག་ཆུ་སྒོག་པ་གཏང་བར་བྱ། །བུ་རམ་ཆང་སྦྱར་ཁྱོར་གང་ཙམ། །དཀར་ལ་བསྟན་ཏེ་སྔོ་མི་གཏང་། །དམར་ན་བསིལ་ཡང་གཏང་བར་བྱ། །དཀར་ན་དྲོད་གཏང་ཚ་ན་ནི། །གྲང་བ་དག་ལ་སྦྱར་ལ་གཏང་། །ཡང་ན་ར་མཉེ་ཉེ་ཤིང་བའི། །ཁཎྜི་སྦྲང་རྩི་སྦྱར་ལ་གཏང་། །རྣག་གསོད་སྒོག་པའི་ཐལ་བ་དང་། །ར་མཉེ་བ་དང་ཉེ་ཤིང་བ། །བསེ་རུ་ཁྲོ་ཆུར་སྦྱར་ལ་གཏང་། །གསོ་མ་ར་ཙ་ཡང་བཟང་ངོ་། །སྙིང་གསང་ནུ་མའི་ཐད་ཀ་ནས། །ཕན་ཚུན་ཐུར་རེ་བཅལ་བ་གསང་། དཀར་ནག་མཚམས་ཀྱི་གསར་ཡིན་ནོ། །དེ་ནས་གྱེན་ལ་ཚོན་གང་བཅལ། །གཡས་གཡོན་གྱེན་དུ་བཅལ་བ་ནི། །ཐུར་གང་དེ་ནས་གྱེན་ཚོན་གང་། །བཅལ་བ་ཕན་ཚུན་བྱ་རོག་མིག །སྙིང་གི་ཆུ་སེར་གསང་དུ་འོ། །ནུ་མའི་ཐད་ཀའི་ཕན་ཚུན་དུ། ཐུར་རེ་བཅལ་བ་སྙིང་གསང་ངོ་། །སོ་མ་རཱ་ཛ་ལས་བྱང་ཁོག་སྟོད་བཅོས་པའི་ལེའུ་སྟེ་བརྒྱ་དང་དྲུག་པའོ།།  །།

 

དེ་ནས(ཡོལ་གྱིས་བཅད་པ་མན་ཆད། ཚུལ་ནི་མུ་མ་གྱ་གྱུ་འདྲ)བྱང་ཁོག་སྨད་ཀྱི་ནི། །གསང་དང་གནད་དག་བསྟན་པ་ནི། །ཟུག་གཟེར་ཆེ་ཞིང་ཤེད་ཆུང་དང་། །ཆགས་པ་རང་དབང་མེད་པ་དང་། །ལོང་ཆུ་གྱེན་དུ་བྱུང་བ་ལ། །དཔྱད་མི་བྱ་བར་གཟབས་པ་འོ། །སྨད་ནི་མཆིན་དྲི་ཡོལ་བཅད་དེ། །མཆིན་པ་མཁྲིས་པ་མཆེར་པ་དང་། །མཁལ་མ་རྒྱུ་མ་ལོང་ཀ་དང་། །བསམ་སེའུ་དང་ནི་ལྒང་ཕུག་ལ། །གསང་མེད་ཐམས་ཅད་གནད་དུ་འོ། །རྒྱུ་མ་ལོང་ཀ་ཆད་ན་འཆི། །གཤགས་ན་ཕོ་བ་ལོང་དག་འཚོ། །ནང་བརྟོལ་ལྟེ་བའི་ཐད་ཀར་ཐིག །བྱ་རོག་རྗེས་ཏེ་ལྟེ་བ་ནས། །ཐུར་གང་ཕུན་གང་བཅལ་བ་ནི། །རིན་པོ་ཆེ་ཡི་ལྟེ་གསང་ངོ་། །ཕོ་བ་དག་ནི་གང་ན་ཡོད། །ལོང་གསང་དེ་འོག་གཉེར་རིང་ནས། །གསང་རེ་ཡོད་དེ་ལྟེ་ཟུར་ན། །མཁལ་རྩ་ཡོད་པ་མ་ཆོད་པར། །དཀྱིལ་ནས་ཐུར་རེ་དག་ན་ཡོད། །དཔྱི་མིག་གཉིས་དང་མཇུག་ཐུང་གི ། བར་ན་གསེར་སྦུབས་གཞང་ཁ་ནས། །སོར་བཞི་རྡེའུ་གསང་མཚན་མའི་དཀྱིལ། །དང་པོ་པགས་པ་དེ་ནས་ཤ །གཏན་ན་མཛུབ་མོ་དྲལ་བ་འོ། །སོར་གཉིས་སོར་གསུམ་ཚད་དུ་འོ། །ཐེམ་བུ་དར་རམ་ཐོད་དཀར་རོ། །

དང་པོ་ལོང་རྩ་བྱིན་གཞུག་གདབ། །བཤལ་ནི་ཨ་རུ་སྐྱུ་རུ་ར། །བ་ལེ་ཀ་དང་སླེ་ཏྲེས་དང་། །ཁ་རུ་ཚྭ་དང་རྒྱམ་ཚྭ་དང་། །བུ་རམ་དོང་ག་དུར་བྱིད་གཏང་། །ཆགས་ས་སྡོམ་ན་ནི་རུ་ཧ། །མཆེར་པ་ལ་ནི་གྱེས་པའི་རྩ། །ཀུན་ལ་ཁྱབ་པས་སྐྲངས་གཡེངས་འདྲ། །ཕྱི་ཁྱབ་བལ་འདབ་བ་སྤུར་ཁྱབ། །ནང་དུ་དོན་སྣོད་ཀུན་ལ་ཁྱབ། །རྩ་གཉིས་མཆིན་དྲིའི་ཟུར་ནས་ནི། །བྲང་ཞོལ་སོང་ནས་ལྟེ་ཟུར་དུ། །དེ་ནས་རྐང་པའི་པུས་མོར་འཁོར། །མཁྱུད་གང་པུས་མོའི་འབྲེལ་མཚམས་ན། །མཆེར་པ་རང་ལ་ཟུག་ན་ནི། །ཞག་གསུམ་ལྔ་ནས་འཆི་བར་འགྱུར། །དོན་སྣོད་ཀུན་འབྲེལ་ས་དང་འདྲ། །མཁལ་རྩ་གློ་དང་སྙིང་དུ་བསྡོངས། །གཉིས་ནི་ནང་གི་ཆུ་སེར་འགྲོ། །གཉིས་ནི་དཔྱི་མིག་བྱིན་གཞུག་གོ །མཁལ་མ་ལ་སོང་མོད་དུ་འཆི། །བརྩན་ནམ་བརྡབས་ན་ཞག་གཉིས་ན། །གཏར་བ་གློ་རྩ་མཁར་རྩ་གཏར། །མཆིན་པའི་རྩ་ལས་གྱེས་པ་ནི། །སོག་པ་དག་ནི་གཡས་གཡོན་ན། །དཔུང་པའི་མཆན་ཁུང་རྩ་ཆེན་དང་། །ཚིགས་པ་བདུན་པ་བརྒྱད་པ་དང་། །བཤུལ་པ་གཡས་གཡོན་གཉིས་སུ་འོ། །རྒྱབ་ཀྱི་ཚིགས་པ་བརྒྱད་པ་ནས། །རྩིབ་རིང་བགྲང་བ་ཞེ་གསུམ་དུ། །བྲང་གི་ལྷེན་མཚམས་དག་དང་ནི། །མཆིན་དྲི་དག་གི་འདོགས་མཚམས་སོ། །ཕོ་བའི་གསང་དང་ལྟེ་བའི་གསང་། །ལོང་གསང་དང་ནི་ལྷེན་གསང་དང་། །དཔྱི་མིག་གསང་དང་རང་གསང་དང་། །འཕྲུལ་གྱི་གསང་སྒོ་དག་ཏུ་འོ། །ཕོ་གསང་ལྷེན་སྣ་ཚོན་གང་ནས། །བར་ཐིག་ལྟེ་བའི་འོག་ཏུ་སྟེ། །བྱ་ལག་ཐུར་གང་ཕུན་གང་ཟུར། །དེ་ནི་ལོང་གསང་དག་ཏུ་འོ། །

ལྟེ་བའི་མཚོན་གང་ལྟེ་གསང་ངོ་། །དཔྱི་ཡི་ཁ་གཟར་མཆན་ཁུང་བཅལ། །དཀྱིལ་ནས་ཐུར་གང་ལྟེ་གསང་ངོ་། །ཚིགས་པ་བཅུ་བཞི་དག་ནས་ནི། །མཛུབ་ཚོན་ཟུར་གྱི་ཐིག་དག་སྟེ། །མཁལ་མ་ཡི་ནི་གསང་དག་གོ །གཞུག་གུ་ཐུང་ནས་ཆག་གང་སྟེ། །དེ་ནི་དཔྱི་མིག་གསང་དུ་འོ། །ཕོ་མཚན་མོ་མཚན་རྩ་ནས་ནི། །ཚོན་གང་བཅལ་བ་དག་ན་ནི། །གསེར་གྱི་སྦུ་གུ་སོར་གཉིས་དང་། །སོར་གསུམ་དག་ན་གསང་དག་གོ །དབུག་པ་དང་པོ་པགས་པ་དྲལ། །ནང་ཤ་བཤུས་ལ་འཐེན་ལ་བཅད། །དར་ཐེམ་ལེ་བརྒན་སུམ་སྒྲིལ་གཞུག །ལོང་རྩ་རྩ་བོ་ཆེ་དག་གདབ། །མེ་བཙའ་ཕོ་བ་དག་ལ་བསྲེགས། །གསང་ས་གཞོན་པ་ཁྲུས་ཀྱིས་བརྟག །སྨན་དུ་རྒྱམ་ཚྭ་འབྲས་བུ་གསུམ། །བཙུན་མོ་སྦོས་མོའི་ཕྱེ་མ་དང་། །བུ་རམ་ཀ་ར་སྦྲང་རྩི་ཡི། །ལྡེ་གུ་དག་ནི་གཏང་བར་བྱ། །

ཞོ་བཙོས་འབྲས་ཕྱེ་གཏང་བ་དང་། །རྒྱུ་མ་ཕོ་བ་ལོང་ཕུགས་ན། །སྦྲང་མར་བུ་རམ་དག་གཏང་སྟེ། །རྩམ་པ་དག་ནི་མི་གཏང་བསྡམ། །སྐོམ་ལ་ཉུང་ཟད་བཏབ་ལ་གཏང་། །མཚེ་དང་ཡོག་མོ་མཁོན་ཤིང་གཏང་། །ཕོ་མིག་རྩ་ནི་ཨོལ་མིག་འགྲོགས། །ཕོ་རྩ་དག་གམ་སྙིང་རྩར་འབྲེལ། །མཁྲིས་པ་གསེར་ནི་ལོང་དང་འབྲེལ། །གྱེན་ལ་ལྟེ་བའི་ལྟག་ནས་ནི། །ཐུར་ལ་གཉེར་པོ་ཆེ་དག་ན། ཁྱུད་རེ་ཡོད་དེ་ལྔ་བདུན་ན། །རྩ་བ་ལོང་མོའི་རྩ་དག་ནི། །ལོང་ལ་ལོང་རྩ་ཁྱུད་མོ་སྟེ། །ཆུ་གཡས་ཕོ་ལོང་ཁྱུད་མོ་ལ། །གཡོན་ན་མོ་ལོང་ཁྱུད་མོ་འོ། །ལོང་ལ་སོང་ན་ཆུ་ནི། །སེར་པོ་གྱེན་ལ་སྐྱུགས་པ་སྟེ། །ཐུར་ལ་སོང་ན་ཅུང་ཙམ་དྲག །སྐད་ཆག་མིག་སྤྲིན་སེར་བ་ནི། །ལོང་གི་རྫེམས་ལ་སོང་བ་ཡིན། །རྒྱུ་རྩ་ཕན་ཚུན་འབྲེལ་བ་ནི། །མཁལ་རྩ་དག་དང་འབྲེལ་བ་སྟེ། །སྒྲོག་མདོ་དག་ན་རྒྱུ་བ་སྟེ། །ལོང་གི་ཕྱི་གྲ་དག་དང་འབྲེལ། །རྒྱུ་མ་ཕུག་པ་བཅོས་སུ་མེད། །ལུག་པ་དག་ནི་གཞུག་པར་བྱ། །

ཁྲག་དག་སྨད་དུ་ལྷུང་བས་ན། །གཞུག་གུ་ཐུང་དང་བཤང་བར་དབུག །སྨྱུ་གུའམ་སྦུ་གུས་ཕུག་ལ་གཏང་། །མདུན་དུ་རྣག་དག་བབས་པ་ན། །སྨད་གསང་གཉེར་མ་རིང་པོ་ནས། །བརླ་ཁུག་སོར་བཞི་བཅལ་བ་ན། །འཕྲུལ་གྱི་གསང་སྒོ་དབྱེ་བར་བྱ། །རྨ་ཁྲུས་ཚིལ་བུ་སྲང་གསུམ་གཞུག །བ་ཡར་འོ་མ་བསྐོལ་བ་དང་། །ར་མཉེ་བ་དང་ཉེ་ཤིང་བ། །རྒྱམ་ཚྭ་ཁྲོ་ཚྭ་དོམ་མཁྲིས་གཏང་། །སྨན་ནི་ཀ་ར་སྦྲང་རྩི་གཏང་། །ག་པུར་སྦྲུ་མའི་ཐལ་བ་གཏང་། །བ་ལེ་ཀ་དང་བ་ཤ་ཀ །ཨ་རུ་ར་དང་སྐྱུ་རུ་ར། །ཁ་རུ་ཚྭ་དང་ཤིང་ཚྭ་དང་། །དེ་རྣམས་ཐང་དུ་གཏང་བ་འོ། །དུར་བྱིད་བག་ཕྱེ་བཏབ་པ་གཏང་། །མཁལ་ཚིལ་ལུག་ན་ནད་པ་ཡི། །ཡན་ལག་བཞི་ནས་གཡེང་བར་བྱ། །ཚིལ་བུ་དྲོད་མོ་དག་གིས་གཏུམས། །ཚིལ་བུ་ནང་གཞུག་བཙེམས་ལ་བཞག །པགས་པ་དག་ནི་རློན་པས་དཀྲིས། །ཛཱ་ཏི་ལི་ཤི་སུག་སྨེལ་དང་། །རྒྱལ་པོ་བཙུན་མོའི་ཕྱེ་མ་གཏང་། །ཕོ་བའི་རྫེམས་ལ་སོང་ན་འཆི། །ཐེར་ལ་སོང་ན་འཚོ་བ་སྟེ། །མར་ཁུའམ་ཚོ་ཁུའི་རྣག་ཆོད་གཏང་། །རྩམ་པ་ལུག་ན་རྩམ་པ་བསྡམ། །སྦྲང་རྩི་མར་སྦྱར་གཏང་བར་བྱ། །རྨ་ཁར་སྐམ་རྩི་གདབ་པར་བྱ། །བྲག་ཞུན་རྒྱམ་ཚྭ་བཙུན་མོ་དང་། །སུག་སྨེལ་གུ་གུལ་སྦྲང་རྩི་སྦྱར། །དོམ་མཁྲིས་རྒྱལ་པོ་རེ་རལ་དང་། །ཐ་རམས་ན་རམས་བྲ་རམས་གཏང་། །སོ་མ་རཱ་ཛ་ལས་བྱང་ཁོག་སྨད་བཅོས་པའི་ལེའུ་སྟེ་བརྒྱ་དང་བདུན་པའོ།།  །།

 

དེ་ནས་བྱང་ཁོག་དག་ལ་ཐིག་དག་ནི། །གདོང་གང་སྙིང་གང་དཔུང་པའི་ཟུར། །ནུ་མ་དག་དང་མཉམ་པ་འོ། །ནུ་མ་དག་ནས་ལྷེན་སྣར་འདོད། །ནུ་མ་ནས་ནི་གདོང་གང་ཟུར། །དེ་ནི་ཟུར་གསང་དག་ཏུ་འོ། །ནུ་མ་ནས་ནི་ལྷེན་སྣར་འཐེན། །གཡས་དང་གཡོན་དུ་དེ་བཞིན་ནོ། །ནུ་མ་དག་ནས་བརྒྱད་པ་ན། །རྒྱུ་བའི་འཁོར་བ་དག་ཏུ་འདོད། །ལྷེན་སྣ་དག་ནས་བཅུ་གཅིག་པ། །སྐོར་བ་དག་ནི་མཚམས་སུ་ཏེ། །དཔུང་ཟུར་དག་ནས་སྒལ་པར་ནི། །གདོང་གང་དེ་ནས་དཔུང་པར་གང་། །དཔུང་ཟུར་ནས་ནི་སྒལ་བར་གང་། །གཡོན་བརྐྱང་སྒལ་པར་མ་འཁྲུལ་བར། །གང་བཅལ་དེ་བཞིན་སྟོད་ཀྱི་ནི། །ཚིགས་པ་དང་པོར་བཞག་ནས་ནི། །ཟུར་གསང་འཐེན་པས་ཐིག་གཅིག་སྟེ། །གཡོན་དུ་དེ་བཞིན་གདབ་པར་བྱ། །དྲུག་པའི་ཚིགས་ཀྱི་ཐད་ཀར་གདབ། །ནུ་མ་དག་ནས་ཐད་ཀར་ཏེ། །དེ་ནས་ཐུར་གང་མར་ལ་བཅལ། །བསྐོར་ཐིག་གཅིག་དང་མཛུབ་ཚོན་གང་། །གྱེན་ལ་བཅལ་བར་བསྐོར་བ་འོ། །

བརྒྱད་དང་བདུན་ནས་མཛུབ་གང་ནི། །ཕན་ཚུན་གཡས་གཡོན་བཅལ་བ་ལ། །གསང་སྟེ་སོག་འདབ་དག་ནས་ནི། །ཐུར་ཚོན་གང་བཅལ་སྣར་སླེབས་པ། །རྩིབ་མ་གཡས་ཏེ་མ་ལྟོ་གསང་། །གཡས་གཡོན་གཉིས་དག་བཞི་ཡིན་ཏེ། །མཆན་ཁུང་ཕུག་ནས་དཀྱིལ་དུ་ནི། །ཟུར་ཐིག་བཅལ་བ་བྱ་རོག་མིག །ནུ་མ་དག་ནས་བྱ་རོག་རྗེས། །ཐུར་ཚོན་གང་ཡོད་སྙིང་གསང་ངོ་། །ཆུ་སྒོ་ལྟོང་ནས་ཟུར་འཐེན་པ། །ནུ་མ་དག་ནས་རང་མཛུབ་གང་། །བཅུ་པ་དག་ན་དེ་བཞིན་ཏེ། །རྩིབ་རིང་ཞེ་གཉིས་ཞེ་གཅིག་བར། །གསང་སྒོ་ཆེན་པོའི་གསང་ཚད་དོ། །ནུ་མ་དག་ནས་མཐེབ་ཚོན་གང་། །གྱེན་བཅལ་དེ་བཞིན་གསང་དུ་ཡང་། །མཐེབ་ཚོན་གང་ངོ་གོང་བཞིན་ནོ། །ཕན་ཚུན་ཕྱེད་དུ་ཐིག་བཏབ་པས། །བྱ་རོག་རྗེས་དྲུག་གསང་དུ་འོ། །སྐེ་ཡི་ལྟོང་ཅུང་འབུར་བ་ནས། །ཐུར་དུ་ཕྱིར་བྱུང་གསང་དུ་ནི། །སྙིང་ཁུང་དཀྱིལ་ནས་མཐེབ་ཚོན་གང་། །ཕྱི་ནས་ཟུར་དུ་ཕྱིར་དོར་བ། །བྲང་རུས་གྲུ་བཞིའི་ངོས་སུ་དྲུག །ཕན་ཚུན་གསུམ་གསུམ་བྱ་རོག་རྗེས། །སྟོད་གསང་ཉི་ཤུ་རྩ་གཉིས་སོ། །མཆིན་དྲི་ཡོལ་གྱིས་བཅད་པ་སྨད། །དཔྱི་ཡི་ཁ་གཟར་དག་ནས་ནི། །གཉེར་མ་རིང་པོའི་སྟེང་དག་ན། །ཕྲེད་ལ་བཅལ་བ་ལྷེན་སྣ་ནས། །ཐུར་གང་དཔྱི་ཡི་ཁ་གཟར་གཉིས། །ནེ་གུའི་དཀྱིལ་ནས་སྣེ་ཟུར་གཉིས། །བྱ་རོག་རྗེས་གཉིས་ལྟེ་བའི་ཐད། །ནེ་གུའི་དཀྱིལ་ནས་ཟུར་དུ་འཐེན། །ལྟེ་བའི་ཐད་ཀ་བྱ་རོག་མིག །ལྟེ་བ་དག་ནས་ཕན་ཚུན་དུ། །ཆག་གང་དག་གི་ལྟེ་གསང་ངོ་། །

དེ་ནས་ཐུར་གང་ནང་དུ་ནུར། །ལྷེན་སྣ་དག་ནས་བརླ་ཁུག་གཡས། །དེ་བཞིན་དུ་ནི་གཡོན་དུ་གདབ། །ནེ་གུ་དག་ནས་ཐུར་གང་དཀྱིལ། །དེ་ནས་རྩིབ་རིང་གཡས་དང་ནི། །གཡོན་དུ་བཏབ་པ་ལྟེ་གསང་ངོ་། །ནེ་གུ་ནས་གཉེར་ཐུར་ཚོན་གང་། །གཡས་དང་གཡོན་དུ་བཅལ་བ་ནི། །ཕྱིར་ནུར་རྩིབ་ཟུར་དེ་བཞིན་ནུར། །ཐིག་གཅིག་ནེ་གུ་སྦུ་མཚམས་ནས། །རྩིབ་ཟུར་གཡས་སུ་གདབ་པར་བྱ། །གཡོན་དུ་དེ་བཞིན་གདབ་པར་བྱ། །ལྷེན་སྣ་དག་ནས་དཔྱི་དག་ཏུ། །གཡས་དང་གཡོན་དུ་གདབ་པར་བྱ། །དེས་ནི་སྣེ་གསང་མཆིན་པའི་དཀྱིལ། །ཕོ་ལོང་མོ་ལོང་སྣ་དག་གོ །སྐྱིལ་ཀྲུང་བཅས་པའི་རྒྱབ་དག་ནས། །ཆག་གང་ལྟག་རུ་ཕྲེད་ཐིག་བསྐོར། །གཞུག་ཐུང་དག་ནི་མར་ལ་བོར། །དཔྱི་ཟུར་གཉིས་ནས་བཅུ་གཉིས་པ། །ཐིག་གཉིས་དག་ནི་གདབ་པར་བྱ། །གཞུག་ཐུང་ནས་ནི་ཆག་གང་ལྟག །དེ་ནས་རྩིབ་ཟུར་གསང་ཆེན་དུ། །ཐིག་གཉིས་བཏབ་པ་མཁལ་གསང་ནི། །བཞི་པ་དང་ནི་བཅུ་གསུམ་པ། །མཛུབ་གང་མཁལ་མའི་གསང་དུའོ། །དཀྱིལ་ནས་མཐེབ་ཚོན་ཕྱིར་བསྣུར་ཏེ། །བཅུ་གཅིག་པ་ནས་བསྣུར་བ་ལ། །ཐིག་བཞི་བཏབ་པས་ཕྱི་གསང་ངོ་། །མཁལ་གསང་དག་ཀྱང་དཔྱད་པར་བྱ། །བཅུ་གཅིག་པ་ལ་སོགས་པར་ནི། །གཡས་ཀྱི་ཟུར་དང་གཡོན་ཟུར་ནི། །ཐིག་དག་གདབ་པར་བྱ་བའོ། །ཚིགས་པ་དང་པོའི་ཐད་ཀ་ནས། །ཟུར་གྱི་གསང་དུ་འཐེན་པ་ནི། །ཐུར་གང་ཕྱིར་འབུར་བར་དག་ཏུ། །ཕན་ཚུན་གོང་བཞིན་བཏབ་པ་ནི། །ལྔ་པ་དང་ནི་བཅོ་ལྔ་དང་། །བཅུ་བཞི་པ་ཡང་དེ་བཞིན་གདབ། །རྒྱབ་གསང་བྱ་རོག་རྗེས་ལ་འོ། །

གཙག་བུ་གྲི་གུག་འདྲ་བ་དང་། །གྲི་ཁྱི་འདྲ་བས་དབུག་པར་བྱ། །དབུག་པ་རྣག་མང་སྟོད་གསང་དབྱེ། །དེ་ནས་མ་ཆོད་ཐེམ་པ་ཅན། །གསང་སྒོ་སྨད་ལྔ་དབྱེ་བ་བྱ། །གཞོན་པས་བཀྲུ་བཤལ་ཆང་ཕུལ་གང་། །ཕུར་མོང་མྱུ་གུའི་ཐལ་བར་སྦྱར། །ལྒང་ཕུགས་ལེགས་པར་སྦྱར་བས་བཀྲུ། །དེ་ནས་དེ་ནི་ཕྱིར་འཕོ་བས། །སྔ་བཞིན་བྱུང་བ་གཞོན་པ་འོ། །མ་བྱུང་ཐེམ་པ་ཅན་དུ་འོ། །ཚད་པ་ཆུ་གྲང་བུལ་ཏོག་ཆུ། །རྣག་མདོག་དཀར་པ་ཆང་གིས་བྱ། །ཐལ་བ་ཕུར་མོང་ཐལ་བས་བྱ། །བཤལ་ནི་མཆོག་ཏུ་བསྔགས་པ་སྟེ། །ཚད་པ་ཆེ་ན་དོམ་མཁྲིས་དང་། །ག་པུར་དག་ནི་མཆོག་ཏུ་འོ། །རྣག་ཤ་གློ་ལ་ཆགས་པ་ལ། །གློ་བའི་རྩ་བཤལ་གཏང་བར་བྱ། །སོ་མ་རཱ་ཛ་ལས་བྱང་ཁོག་གི་ཚད་བསྟན་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོ།།  །།

 

དེ་ནས་ཁྱད་པར་རྩ་བཅོས་པ། །སྒྲོག་རུས་ཀོང་ཀོང་དག་ནས་ནི། །གློ་བའི་རྟེའུ་མིག་རྩ་ཆོད་ན། །རྩ་ཁྲག་ནང་དུ་འཆོར་བ་སྟེ། །ཅུར་ཅུར་པའམ་ཞམ་པ་སྟེ། །དེ་ལ་ལ་འུར་རྩ་ཁ་བསྲེགས། །ལོག་ན་གློ་སྐམ་ལུ་བར་བྱེད། །ནང་དུ་རྣག་གིས་གང་བ་འོ། །ལྟོ་རུ་བསིལ་དང་ཐང་གཏང་ངོ་། །རྣག་སྐེམ་བྱ་སྟེ་འཆི་ཉན་ཆེ། །དཔུང་པའི་ཁུང་ན་གློ་མཆིན་རྩ། །ནང་དུ་རྣག་ལྷུང་མེ་བཙའ་ནི། །རྨ་ཡི་ཐོག་ཏུ་གདབ་པར་བྱ། །གློ་མཆིན་རྩ་ལ་གཏར་བར་བྱ། །ཕོག་མ་ཐོག་ཏུ་གློ་ངོར་ཞིང་། །དབུགས་ཐུང་རྨ་རུ་དབུགས་ཀྱང་འོང་། །གློ་རྩ་གཏར་ཞིང་བསིལ་གྱིས་བཅོས། །ནུ་མའི་སྙིང་རྩ་ཆོད་ན་ནི། །འདར་ཞིང་ནུ་མའི་བར་དུ་གཟེར། །སྙིང་ཁུང་ན་ཞིང་རྔུལ་བ་དང་། །དང་ག་མི་བདེ་སྐྱུགས་པ་འོ། །གཉིད་ལོག་རྩ་དང་སྙིང་རྩ་བསྲེག །ལག་པའི་འཕར་རྩ་བསྲེག་པར་བྱ། །བསིལ་གྱི་ནན་དང་ཁོང་དུ་བསིལ། །མཆན་ཁུང་དག་ན་དགྲ་ལྕེའི་རྩ། །ཆོད་ན་ཁོང་དུ་རྣག་ལྷུང་ངོ་། །

རྨ་ཡི་ཁ་རུ་མེ་བཙའ་བསྲེག །བཞི་སྒྲོམ་དག་ཏུ་གཞུག་པར་བྱ། །བ་ལེ་ཀ་དང་བ་ཤ་ཀ །འཇམ་ཐང་བསིལ་གྱིས་བཅོས་པར་བྱ། །ཁོང་དུ་རྣག་སྐམ་གཏང་བ་དང་། །རྩེའུ་ཆུང་སྒང་རྩ་གཏང་བར་བྱ། །ཚིགས་པ་དགུ་པའི་བཤུལ་མཆན་ན། །སྲོག་རྩའི་བྱ་ལག་དག་ལ་ནི། །ཆོད་ན་མོད་དུ་བསྲེག་པར་བྱ། །ཞག་གཅིག་ལོན་ནས་འཆི་བར་འགྱུར། །ཚིགས་པ་ལྔ་པ་དག་ནས་ནི། །གློ་རྩ་དུང་འབུད་རྩ་གནས་ཏེ། །ཆོད་ན་ཁོང་དུ་རྣག་ལྷུང་སྟེ། །ཚིགས་པ་ལྔ་པ་ལྟག་ཆུ་བའི། །ཕན་ཚུན་གཉིས་ཀ་བསྲེག་པར་བྱ། །འཆི་བ་དག་ཏུ་འགྱུར་བ་འོ། །སོག་པའི་སྣ་ནས་མཆན་ན་ཡར། །གློ་རྩ་སྦུན་བུ་དག་རྒྱུ་སྟེ། །གླལ་མང་སྐྱིགས་བུ་གྲང་ཤུམ་བྱེད། །རྐེད་པ་འཁོར་བ་དག་འབྱུང་ངོ་། །རྨ་ཁ་དག་ཏུ་མེ་བཙའ་གདབ། །ཞག་ལྔ་བདེ་ན་འཚོ་བར་འགྱུར། །བྱང་ཁོག་སྨད་ཀྱི་རྩ་དག་ནི། །ལྷེན་སྣ་དག་ན་མཆིན་པའི་རྩ། །བྱ་ལག་གྱེན་དུ་རྒྱུ་བ་ཆོད། །སྦྲུལ་འགོ་དག་གི་རྩ་གནས་ཏེ། །མིག་སེར་དང་ག་མི་བདེ་དང་། །ཁ་ནས་ཆུ་ཚན་སྐྱུག་པ་དང་། །རབ་ཏུ་མཚོག་མ་ལྕི་བ་དང་། །འཇམ་ཐང་གཏང་ཞིང་གཏར་གས་བཅོས། །དཔྱི་དང་དཀུ་ལྟོང་མཁལ་རྩ་ཆོད། །རྩ་ཁར་མེ་བཙའ་བསྲེག་པ་དང་། །གཏར་ཁ་ལོང་བུའི་ཕྱི་གྲ་གདབ། །ལོང་གི་ལྟེ་བ་ཕན་ཚུན་ཟུར། །ལོང་གི་རྩ་དག་ཆོད་པ་ན། །མེ་གདབ་བསིལ་ཐང་གཏང་བར་བྱ། །

རྒྱུ་སྨད་རྒྱུ་མའི་རྩ་ཆོད་ན། །ལུག་པ་དག་ནི་ཉེན་ཆེ་སྟེ། །ལྔ་བདུན་དག་ན་འཆི་བར་འགྱུར། །སྤུ་ལྟག་སྐྱེ་གནས་རྩ་ཆོད་ན། ཁུ་བ་ལུག་དང་ཤེད་ཆུང་བ་འོ། །སྡིག་པ་དག་དང་རྒྱ་ཚྭ་དང་། །སུག་སྨེལ་དོམ་མཁྲིས་མཆོག་ཏུ་འོ། །རྒྱལ་པོ་བཙུན་མོ་དག་དང་ནི། །བུ་རམ་དག་དང་ལྡེ་གུ་གཏང་། །རྒྱུ་སྨད་དག་ལ་འོལ་སྐོལ་གཏང་། །སྟོད་སྨད་ལྕག་ཏུ་གཞུག་པར་བྱ། །བཞག་ཤ་ཤོར་ན་བཙག་དང་ནི། །སྤོད་ནག་དག་ནི་ཤེས་པ་འོ། །རྟ་ཤ་བཤུལ་ཤ་ཆུ་བ་དག །སློ་ལུམས་སྦང་ལུམས་བྱ་བ་འོ། །མཁལ་ཚིལ་དག་ལ་མར་ཚིལ་ཏེ། །སྨད་དུ་ཕལ་ཆེར་མར་ཚིལ་གཏང་། །ཕྱི་ཡི་ཤ་ལ་ལུམས་དག་གཏང་། །ཕུག་ལ་དར་ཐེམ་བསྲིང་བར་བྱ། །སྟོད་ཀྱི་ཁྲག་རྣག་སྐེམ་པ་ལ། །བྲག་ཞུན་སྦྱར་བ་ཤིན་ཏུ་བསྔགས། །སྨད་དུ་སྔོ་ནི་དརྱ་ཀན། །གཅིག་ཐུབ་ཤིན་ཏུ་བསྔགས་པ་སྟེ། །ལོག་ན་གཉིས་ཀ་གཏང་བ་སྟེ། །ཟླ་བའི་ཟིལ་པ་དག་དང་ནི། །ཉི་མའི་འོད་ཟེར་དག་གིས་བཞུ། །སྒྲ་གཅན་དག་གི་ནུས་པ་བཅོམ། །ཀ་ར་དག་དང་སྦྱར་ལ་གཏང་། །ཡང་ན་ནམ་མཁའ་དག་དང་ནི། །ས་དང་སྦྱར་ཏེ་མེ་ཉིའི་བཅོམ། །ཐལ་བ་གསང་དང་སྦྱར་བ་ཡི། །སྟོད་ཀྱི་ཆུ་སེར་རྣག་ཁྲག་སྐེམ། །ལྷ་ཡི་བུ་མོ་རྣམ་པ་གཉིས། །བཞུ་བ་དག་གི་ཁུ་བ་དང་། །སྲིན་པོ་ལྕགས་ཕྱེ་སྟར་བུ་དང་། །བསེ་རུ་དོམ་མཁྲིས་སྦྱར་བ་ཡིས། །བསེ་རུ་སྟོད་ཀྱི་ནད་རྣམས་སྐེམ། །ལྷ་ཡི་བུ་མོའི་ཁུ་བ་དང་། །ཐ་ཀར་རྡོ་རྗེ་པ་ཏོ་ལ། །ནིམ་པ་ལྕེ་པོག་དཀར་པོ་དང་། །ཁྲོ་ཆུ་དག་དང་སྦྱར་བ་ཡིས། །སྦྲང་རྩི་དག་དང་སྦྱར་ལ་གཏང་། །ཤ་དང་སྔོ་དག་གཅད་པར་བྱ། །ཞུན་མར་སྦྲང་ངམ་བུ་རམ་གཏང་། །ཞོ་བཙོས་སྐོམ་ནི་མཆོག་ཏུ་འོ། །རྣག་འབྱམས་བཤལ་ནི་གཏང་བར་བྱ། །མ་ནུའི་ཐང་དང་འབྲས་བུ་གསུམ། །རྩ་སྦྱོང་ཤེད་དང་སྦྱར་ཀ་གཏང་། །ཁྲོ་ཆུ་དཔའ་བོ་གཏང་བར་བྱ། །སོ་མ་རཱ་ཛ་ལས་བྱང་ཁོག་རྩའི་དཔྱད་དང་སྨན་གྱི་ལེའུ་སྟེ་བརྒྱ་དང་དགུ་པའོ།།  །།

 

དེ་ནས་དཔྱད་ཀྱི་རྫུ་འཕྲུལ་བསྟན། །བསྲེག་པ་དང་ནི་རྫུ་འཕྲུལ་ལོ། །གཏར་བ་དག་ལ་བཅད་པ་དང་། །དབུག་དང་གཏར་བ་གསུམ་དུ་འདོད། །འབྲས་དང་ཤ་སྙོམ་དག་ལ་ནི། །བཅད་པ་འཁོར་མིག་མནན་ནས་ནི། །གསོན་གཤིན་ཤ་རྣམས་གཅད་པར་བྱ། །དང་པོ་ར་དུག་རེ་ལྕག་པ། །ཐར་ནུ་ཨ་ས་རོན་དང་ནི། །ཆུ་ཆུང་རྩ་བ་ལང་ཏང་ཙེ། །རི་ཤོ་ཀྱི་ལྕེ་བས་དུགས་བྱ། །ཤ་དང་རྩ་རྣམས་བསྲུལ་བས་ནི། །དེ་ནས་གཅད་པར་བྱ་བ་འོ། །གཅད་པ་ཅི་ལྟར་རིག་པས་དཔྱད། །ཐ་མ་ལྕགས་ཀྱིས་ཁ་ཟིན་བསྲེག །བྲང་རུས་ལ་སོགས་བསྲེགས་ནས་ནི། །རུས་པ་བརྡར་བས་བྱ་བ་འོ། །དབུག་པ་སྐྲངས་པ་འདུལ་བའི་མཆོག །ལྷ་བ་སྙི་ལ་མར་ནག་དང་། །ཡང་ན་སྦང་མ་སྦྱར་བའི་ནན། །རུལ་བ་ཐུལ་ནས་དབུག་པར་བྱ། །གཏིང་སླེབས་པགས་པ་ཁ་བསྐྱེད་དོ། །

གཏར་བ་དང་པོ་ཐང་གིས་གདུལ། །བསྟེན་ནི་དར་མ་དག་ལ་བསྟེན། །རྒས་དང་བུས་པ་གཏར་བ་ནི། །དུས་ཚོད་སྔ་དྲོ་དག་ལ་ཤིས། །ནད་ནི་ཚ་གྲང་ཕྱེད་པ་ཡིས། །གྲང་བ་དག་ལ་གཏར་མི་བྱ། །ཚད་པ་དག་ལ་གཏར་བ་སྟེ། །མ་ཞུ་གསར་ཞུགས་སྐྲངས་པ་ལ། །གཏར་བ་མཆོག་ཏུ་མ་བསྔགས་སོ། །ཚད་པ་མ་སྨིན་སར་བ་ལ། །གཏར་བ་དག་ནི་སྤང་བར་བྱ། །གདབ་ཐབས་བུད་མེད་སྟོད་ནས་གདབ། །སྐྱེས་པ་དག་ལ་མས་ཀྱིས་གདབ། །གནས་ནི་གོ་རིམ་མ་ནོར་བར། །སྟོད་གཟེར་རྩེའུ་ཆུང་རེངས་པ་དང་། །གཞུང་རེངས་ཚད་པ་རྒྱས་པ་ལ། །རྩེའུ་ཆུང་དག་ནི་གདབ་པར་བྱ། །གློ་འཁྲུགས་ཚད་པ་བྱུང་བ་དང་། །ནུ་མཆིན་གཟེར་དང་བྲང་དུ་གཟེར། །གློ་བའི་ཨ་སོ་གདབ་པར་བྱ། །སོག་འདབ་གཟེར་ན་ཟུར་རྩ་ནི། །གཏར་བ་བྱ་བ་ཁོ་ན་སྟེ། །ལྷེན་སྣ་ཕོ་བ་གཟེར་བ་ན། །ཕོ་བའི་སྣོད་བཞི་གཏར་བར་བྱ། །རྩིབ་ཐུང་གཟེར་བ་དག་ལ་ནི། །མཆིན་པའི་རུ་ཐུང་གཏར་བར་བྱ། །རྩ་ཡི་ཆུ་བོ་དག་ལས་ནི། །ཆུ་བྲན་དྲུག་ཏུ་གྱེས་པ་ནི། །སྲོག་རྩའི་ཆུ་བོ་སྒལ་པ་ནའོ། །དེ་ལ་རྩ་བྲན་དྲུག་པོ་ནི། །རྩེའུ་ཆུང་རཏྣ་ཨ་སོ་ལོང་། །གཉིས་པོ་གསུམ་དང་དྲུག་ཏུ་འོ། །སྲོག་པ་རྩ་བའི་རྩ་དག་ལས། །ནམ་ཚོང་བུ་ག་གཉིས་སུ་གྱེས། །རྩེའུ་ཆུང་རྣ་བའི་ངོས་སུ་སྟེ། །དེ་ལས་ཕྱོགས་བཞིར་གྱེས་པ་ནི། །སྨིན་དབྲག་གཉིས་སུ་འདུས་པ་འོ། །སྤྱི་བོ་ཁོང་འདུས་བདུད་རྩ་འོ། །

དེ་ནས་མགོ་ལ་ནད་ཀྱི་རླངས། །འོང་བས་དང་པོ་སྟོད་རྩ་ནི། །རྩེའུ་ཆུང་རྩེའུ་འདྲ་རྩེའུ་ནག་གསུམ། །བཏབ་ན་གློ་སྙིང་ཚད་པ་སེལ། །སྟེང་སྒོ་ཆེན་པོ་གདབ་པར་བྱ། །རྒྱབ་དང་རྩ་ནི་བཞི་པ་འོ། །རྐེད་པ་མན་ཆད་མར་ལ་དྲངས། །བརླ་ཡི་རྩ་བོ་ཆེ་གཏར་ཏེ། །པུས་མོའི་ནང་མཆན་ཆུ་བའི་རྩར། །རྟིང་ཆུ་བ་ནས་མཛུབ་གང་ན། །མཁལ་མའི་བྱིན་གཞུག་གཏར་བ་ཡིས། །མཁལ་རྩ་འགྲམས་དང་ཆུ་སེར་བབས། །ལོང་གི་ཕྱི་གྲ་ཡོབ་ཆེན་གོང་། །ལྒང་ཕུག་མཁལ་མའི་རྩ་གཏར་ན། །སྣད་འགྲམས་གྲུམ་བུའི་ནད་ལ་འོ། །ཡོབ་ཆེན་གོང་གི་ཆུ་བ་ནི། །ཁ་དབྲག་རྟིང་ཆུའི་འཕར་རྩ་འོ། །

དེ་གཏར་བ་ནི་གནོད་པར་འགྱུར། །སྒྲོག་རུས་སོག་པའི་བར་ནས་ནི། །དཔུང་པའི་འགོ་དང་མཆན་ཁུང་དང་། །པུས་མོ་འོག་ཏུ་གྱེས་པ་སྟེ། །གང་དུ་བྱུང་བ་ཁ་དབྲག་ནི། །ནང་ན་ཨ་སོ་ལི་ཀ་དང་། །ཟུར་ན་གློ་བའི་ཟུར་རྩ་འོ། །ཐེམ་གོང་གློ་བའི་སྐྱོར་གོང་ངོ་། །དཔུང་པ་ནས་བྱུང་གྲུ་མོ་རུ། །གྱེས་པ་རྒྱབ་ཏུ་གྱེས་པ་འོ། །རུ་ཐུང་རྩ་དཀྱིལ་དུ་འཁྱིལ་ནི། །སྣོད་ཀྱི་རྩ་དེ་མཁྲིས་པ་ནི། །དེ་འོག་མཆིན་པ་གཤའ་རེངས་སོ། །ཨ་སོ་སྣོད་བཞི་བར་སྒོ་སྟེ། །རྩ་བོ་ཆེ་ནི་ཁྲག་མཚོ་འོ། །བརླ་རྩ་སྙིང་རྩ་གཏར་མི་བྱ། །མགོ་ལ་དཔྲལ་བའི་སྐྲ་མཚམས་ནས། །སོར་གཉིས་ཀླད་ནད་གཟེར་ལ་ཕན། །མིག་སེར་དག་ལ་གསེར་མདུང་གཏར། །དབུགས་ཐུང་ལྕེ་ཐུང་ལྕེ་ལྐུགས་ན། །ལྕེ་ཡི་ར་མ་ལུག་གཏར་རོ། །ཁ་སྣ་དག་ནས་ཁྲག་འོང་ན། །རྩེའུ་ཆུང་དག་ནི་གདབ་པར་བྱ། །མཆུ་དང་པུས་མོ་དག་ན་ནི། །མཆེར་རྩ་ཁྱུད་མོ་གདབ་པར་བྱ། །

སྦོ་དང་འཁྲོག་དང་དྲི་མ་སྡོམ། །སྒྲོག་རུས་དག་ནས་སོག་འདབ་ན། །དཔུང་པའི་ཟུར་གྱི་རྩ་གདབ་བྱ། །ཐལ་གོང་ན་དང་རྣ་བ་འུར། །སྐྱོར་གོང་དག་ནི་གདབ་པར་བྱ། །མིག་རྩ་མཆི་མ་འོང་བ་དང་། །མཆིན་པའི་རུ་ཐུང་གཏར་བར་བྱ། །སྲོག་པ་རྩ་ལས་གྱེས་པ་ནི། །དཔྱི་མིག་དག་ནས་མར་ལ་སོང་། །བརླ་ཡི་རྩ་བོ་ཆེ་དག་སྟེ། །སྐེད་པ་མན་ཆད་དྲང་བར་བྱ། །སྒྱིད་ཁུང་དག་ན་བྱ་རོག་སྡེར། །མཆིན་དྲི་དག་ལས་གདབ་པར་བྱ། །འཁྲུ་བ་མ་ཆོད་དག་ལ་གདབ། །ཟླ་མཚན་རྟག་ཏུ་འཛག་པ་ལ། །ཡོབ་ཆེན་གོང་གི་རྩ་གདབ་སྟེ། །མཚོན་ཆའི་མཚན་ཉིད་བསྟན་པ་ནི། །ལྕགས་ཀྱི་རྡོ་བ་མཉེན་འཇམ་པའི། །གཙགས་བུ་སོར་ནི་བཅུ་གཉིས་པ། །ལྕགས་ཀྱི་དཔལ་ནི་སོར་དྲུག་སྟེ། །ཡུ་བ་དག་ལ་སོར་དྲུག་གོ ཏདྱ་ཐཱ། ཨོཾ་བི་ཤ་དེ་བི་ཤད་དེ། མུ་ནེ་ཧཱུཾ། ཙག་ཤུ་ཙག་ཤུ་སྭཱ་ཧཱ། །ཞེས་པས་ལན་བདུན་གདབ་བོ། །སོ་མ་རཱ་ཛ་ལས་གཏར་ཀའི་ལེའུ་སྟེ་བརྒྱ་དང་བཅུ་པའོ།།  །།

 

དེ་ནས་མེ་བཙའི་དཔྱད་དག་ནི། །རྟེན་ནི་རྒས་དང་བུས་པ་ཡི། །གཞི་ནི་གྲང་བ་བབས་དང་ནི། །གདབ་པ་ཡི་ནི་གནས་དག་གོ །ཡན་ལག་དང་པོ་མགོ་ལ་དམིག །བསུ་ནི་ཉི་ཤུ་རྩ་གསུམ་སྟེ། །རྣམ་པ་གཉིས་སུ་གསུམ་གསུམ་དྲུག །སྤྱི་བོར་ལྔ་དང་ལྟག་པར་ལྔ། །མཚོག་མར་ལྔ་དང་ལྟག་ཁུང་དུ། ཁྱད་པར་དུ་ནི་གཙུག་ཏུ་འཇལ། །རླུང་དང་སྙིང་མི་དྲན་པ་དང་། །བད་ཀན་མིག་མི་གསལ་བ་དང་། །སྣ་ཁྲག་མི་ཆོད་པ་ལ་ཕན། །མཚོག་མ་ཡི་ནི་སྐྲ་མཚམས་ནི། །སོར་བཞི་ན་འོ་ཀླད་པ་ན། །ཀླད་པ་རྗེད་ངས་མགོ་བོ་འཁོར། །སོར་བདུན་ན་ནི་འདུས་སོ་དང་། །སྣ་འགགས་སྣབས་མང་དག་ལ་ཕན། །སྐྲ་དག་ཡོད་མེད་མཚམས་གདབ་ན། །མིག་ནི་རབ་རིབ་དག་དང་ཡང་། །རིམས་ཀྱིས་མྱོས་པ་དག་ལ་ཕན། །མིག་གི་འབྲས་བུ་ཐད་ཀ་ནས། །སྐྲ་མཚམས་དག་ནས་ཐུར་ཚོན་གང་། །གདབ་ན་མིག་འཚག་པ་ལ་ཕན། །སྨིན་མའི་བར་དུ་བཏབ་པ་ན། །མིག་སེར་དང་ནི་ཤ་སེར་དང་། །སྣ་ཁྲག་མི་ཆོད་པ་ལ་ཕན། །

དེ་ལྟར་ཤོང་མོ་བཏབ་ན་ཡང་། །མིག་ཟུར་ཚོན་གང་ཕྱིར་བཅལ་བ། །མགུལ་བ་དག་ཏུ་གདབ་པ་ན། །མིག་འཚག་པ་དང་སྙིང་མི་དྲན། །རྣ་བའི་བུག་པའི་ཐད་ཀ་ནས། །སོ་ན་རྣ་བ་འུར་ལ་ཕན། །རྣ་བའི་རྩེ་མོའི་ཐད་ཀར་བཏབ། །གཉའ་རེངས་རྩེའུ་ཆུང་རེངས་ལ་ཕན། །རྣ་བ་དག་གི་བུག་པ་ནས། །ཚོན་ཕྱེད་དག་ཏུ་བཏབ་པ་ན། །ཁ་ཡོ་འབྱེད་མི་ཤེས་པ་དང་། །རྨེན་བུ་ཡོད་པ་དག་ལ་ཕན། །རྣ་བ་གཡས་གཡོན་སྐྲ་མཚམས་སུ། །བཏབ་ན་གཉའ་བ་ན་བ་དང་། །ཀླད་པ་ན་དང་རང་འགྱེལ་འགྲོ། །རྣ་མདུན་ཟ་འགྲམ་རུས་པ་ལ། །བཏབ་ན་འོན་དང་ཁ་འབྱེད་མི་ཤེས་དང་། །ཁ་མིག་ཡོན་པོ་དག་ལ་ཕན། །རྣ་བའི་ཙོག་ཙོག་པོར་བཏབ་ན། །སྙིང་མི་དྲན་དང་སྨྲ་མི་ཤེས། །ཁ་འགྲམ་སོར་རེའི་སོར་བཏབ་ན། །ཁ་མིག་ཡོན་པོ་དག་ལ་ཕན། །དེ་ནས་ཅུང་ཙམ་མས་བཏབ་ན། །ཁ་ཁ་ལྕེ་རྩ་སྐྲངས་ལ་ཕན། །མཆུ་ཡི་འོག་ཏུ་བཏབ་པ་ན། །དྲན་པ་མི་གསལ་བླ་བ་དང་། །སྐྱུགས་པ་དག་ལ་ཕན་པ་འོ། །ཡ་མཆུའི་གཤོང་བུར་བཏབ་ཀྱང་བཏུབ། །ཨོས་ཀོའི་གཤོང་བུར་བཏབ་པ་ན། །ལྕེ་སྐྲངས་སྨྲ་མི་ཤེས་ལ་ཕན། །ལྟག་པའི་རུས་པ་འབུར་པ་ན། །གྱེན་ལ་ཚོན་གང་བཅལ་བར་གདབ། །སྣ་འགགས་མིག་མི་གསལ་བ་དང་། །དེ་ཡི་གཡས་གཡོན་ཚོན་དོར་བཏབ། །ཀླད་པའི་ནད་དང་མིག་ནད་སེལ། །ལྟག་པའི་བདུད་སྒོར་བཏབ་པ་ན། །རིམས་དང་ཚ་བས་ཟིན་ལ་ཕན། །སྙིང་མི་དྲན་དང་ལུས་སྦྲིད་དང་། །མིག་སེར་མགོ་གདོང་འཁོར་བ་དང་། །བླ་བ་དག་ལ་མཆོག་ཏུ་འོ། །མཆུ་ཡི་ཕན་ཚུན་གཉིས་དག་གིས། །ཕན་ཚུན་གཤོང་བུར་བཏབ་པ་ན། །གཉའ་བ་འགྱུར་མི་ཤེས་པ་དང་། །བཤུལ་པ་རེངས་པ་དག་ལ་འོ། །

རྣ་བའི་ཕྱི་མཆན་རྩ་འགུལ་བར། །བཏབ་ན་མགོ་ཡི་ནད་དག་སེལ། །ཚིགས་པ་གསུམ་པའི་ཁ་གསུམ་དུ། །བཏབ་ན་རྐང་པ་དག་ལ་མཆོག་ཏུ་སྟེ། །ཚད་རྙིང་རུས་པ་ལ་ཞེན་དང་། །ཁྲག་རྒྱས་དག་ལ་ཤིན་ཏུ་ཕན། །ལྦ་བ་བྱུང་དང་སྟོད་ལྕི་དང་། །ནད་གསུམ་དག་ལ་ཕན་པ་འོ། །ཚིགས་པ་གཉིས་པ་ཁ་གསུམ་བསྲེག །ཁོང་དུ་ཚད་པ་ལྷུང་བ་དང་། །དབུགས་ཐུང་རྔུལ་ག་སྙི་བ་དང་། །རོ་རྒྱབ་ན་དང་སྟོད་མི་བདེ། །དང་ག་མི་བདེ་རིམས་དག་དང་། །རླུང་ནད་ཞི་བར་བྱེད་པ་འོ། །ཚིགས་པ་གསུམ་པ་ཁ་གསུམ་དུ། །བཏབ་ན་བད་ཀན་རྒྱས་པ་དང་། །སྣ་སུབས་ལྕེ་དག་སྐམ་པ་དང་། །བད་ཀན་རྒྱས་པ་ཞི་བར་བྱེད། །ཚིགས་པ་བཞི་པ་ཁ་གསུམ་དུ། །བཏབ་ན་ཟས་རོ་མི་ཚོར་དང་། །གློ་ནད་སྟོད་གཟེར་ཚད་རྙིངས་དང་། །ལྡང་དུབ་ཚ་བ་ཆེ་ལ་ཕན། །ཚིགས་པ་ལྔ་པ་གློ་བ་ལ། །གསང་དུ་མེ་བཙའ་ཁ་གསུམ་བསྲེག །གློ་ངར་ཁྲག་དག་འོང་བ་དང་། རིམས་ནད་འཐིབས་པོས་ཐེབས་པ་དང་། །སྨྱོ་དང་རྒྱབ་གཟེར་རྐང་ལག་འདར། །སྐྱུག་དང་སྐྱུག་བྲོ་སེལ་བར་བྱེད། །དྲུག་པ་སྙིང་གསང་ཁ་གསུམ་བསྲེག །སྙིང་འདར་དྲན་པ་མི་གསལ་དང་། །སྙིང་འཛག་རུང་བའི་ནད་དག་སེལ། །སྟོད་རྒྱས་ཟས་མི་ཞིམ་པ་སེལ། །བདུན་པ་སྲོག་རྩའི་གསང་ལ་ནི། །ཁ་གསུམ་དག་ཏུ་བཏབ་ན་ནི། །འབོག་དང་བརྗེད་ངས་པ་དང་ནི། ཁོང་ལྕི་ལུས་ལ་འབྲུག་པ་འོ། །

སྙིང་དུ་ཆུ་སེར་མགོ་ལྕི་དང་། །སྲོག་པའི་རྩ་ཡི་ནད་ལ་ཕན། །བརྒྱད་པ་མཆིན་དྲི་དག་གི་གསང་། །ཁ་གསུམ་དག་ཏུ་བསྲེག་པ་ན། །རྩིབ་ཐུང་ཟུར་དང་ཁོང་བསྡམས་དང་། །མཆིན་དྲིར་བད་ཀན་ཞུགས་པ་དང་། །མཆིན་དྲི་འཁོར་བ་སེལ་བ་འོ། །དགུ་པ་མཆིན་གསང་དག་ལ་ནི། །ཁ་གསུམ་དག་ཏུ་བཏབ་པ་ན། །མཆིན་པ་སྟོངས་པ་ཞུགས་པ་དང་། །ཆུ་ཚན་སྐྱུགས་དང་རླུང་ཞུགས་དང་། །ཕྱེམ་རེད་སྦོ་དང་ཁོང་གྲང་དང་། །མར་ལ་ཁྲག་ཏུ་འཇིག་ལ་ཕན། །བཅུ་པ་མཁྲིས་པའི་གསང་ལ་ནི། །བཏབ་པར་བྱ་བ་མ་ཡིན་ཏེ། །མཁྲིས་པ་རྒྱས་ན་གདབ་པར་བྱ། །ལུས་ལྕི་ཁ་ཟས་མི་འཇུ་དང་། །འུར་འུར་ཕྱི་ས་འགགས་པ་དང་། །ཤ་གནག་པ་དང་སེར་བ་དང་། །ཁ་སྣར་ཆུ་སེར་འཛག་པ་དང་། །ཀླད་ནད་མིག་མི་མཐོང་ལ་ཕན། །བཅུ་གཅིག་མཁྲིས་རྩ་ཁ་གསུམ་དུ། །བཏབ་ན་འཁྲོག་ཅིང་སྒྲེགས་པ་དང་། །ངོ་གདོང་དཀར་ལ་ཟས་མི་འཇུ། །སྦོ་བ་དག་ལ་ཕན་པ་འོ། །

བཅུ་གཉིས་ཕོ་བའི་གསང་དག་ལ། །ཁ་གསུམ་དག་ཏུ་བསྲེག་པ་ན། །སྐྱུགས་དང་ཕོ་བ་ལྕི་བ་དང་། །ཕོ་བའི་ནད་རྣམས་ཞི་བར་འགྱུར། །བཅུ་གསུམ་བསམ་སེའུ་རྩ་ལ་ནི། །ཁ་གསུམ་དག་ཏུ་བཏབ་ནས་ནི། །ནད་ཀུན་ཞི་བར་བྱེད་པ་སྟེ། །བུད་མེད་བཏབ་ན་ཤ་བཞུ་འོ། །བཅུ་བཞི་དག་ལ་ཁ་གསུམ་དུ། །བཏབ་ན་མཁལ་ཚིལ་འཁྱགས་པ་དང་། །རྐེད་པ་ན་ཞིང་ཆུ་སྲི་དང་། །ཕོ་མཚན་མོ་མཚན་སྐྲངས་པ་དང་། ཁོང་ལྕི་འགྲོ་མི་ནུས་པ་དང་། །ཕོ་མོ་འཕྲད་པ་ལྡང་མི་ནུས། །ཕྱི་ས་རླུགས་པ་དག་ལ་ཕན། །བཅོ་ལྔ་ཁ་གསུམ་བཏབ་ན་ནི། །མཁལ་མའི་འབྲས་བུ་དག་ཡོད་དེ། །སྐྱེས་པ་དག་ལ་གདབ་པར་བྱ། །བཅུ་དྲུག་པ་ནི་ལོང་གི་གསང་། །ཁ་གསུམ་དག་ཏུ་བཏབ་པ་ནི། །དྲི་མ་སྡོམ་པ་སྦོ་བ་དང་། །གཞང་ཁ་ལུག་དང་འཁྲུ་བ་དང་། །ལངས་ན་རྐེད་པ་ན་བ་དང་། །རྐེད་པ་ན་དང་ཟས་མི་འཇུ། །སྦོ་དང་ལོང་འཁྲོག་དག་ལ་ཕན། །བཅུ་བདུན་པ་ནི་རྒྱུ་མའི་གསང་། །ཁ་གསུམ་དག་ཏུ་ཚད་རྙིངས་དང་། །བེ་སྣབས་འཁྲུ་དང་ཁོང་སྐྲན་དང་། །ཀར་ཀར་ན་དང་དབུགས་ཐུང་དང་། །རེས་འགའ་ཆུ་ནི་སྲི་བ་དང་། །འཁྲུ་ནད་ཅན་ལ་མཆོག་ཏུ་སྟེ། །བཅོ་བརྒྱད་ལྒང་པའི་གསང་དག་ལ། །ཁ་གསུམ་དག་ཏུ་བཏབ་པ་ནི། །ཆུ་ཁ་སྙི་དང་ཆུ་ཚན་འོང་། །ཕོ་མཚན་འགྲེང་ཞིང་སྐྲངས་པ་ལ། །འདོད་ཆགས་སྐྱེས་པ་རུས་ཤིང་སྐྱུར། །ཟླ་མཚན་འཛག་པས་ལྟེ་བའི་འོག །འཁྱིལ་ནས་སྐྲངས་ཤིང་ན་བ་དང་། །བུ་བཅས་རླུང་ཞུགས་པ་ལ་ཕན། །ཆུ་སོ་རྐེད་པ་ན་བ་དང་། །བཅུ་དགུ་པ་ལ་བཏབ་པ་ན། །ཕྱི་ས་སྐམ་དང་རྐང་ལག་རེངས། །འགྲོ་མི་ནུས་དང་དབུགས་ཐུང་དང་། །ཡ་མཆུ་མ་མཆུ་འབྱར་བ་དང་། །ཉམ་ཆུང་ཁྲག་ཏུ་འཁྲུ་ལ་ཕན། །ཉི་ཤུ་པ་ལ་བཏབ་པ་ན། །ཚད་པ་རྙིངས་དང་གཅིན་ཚ་དང་། །སྨད་མི་ཐེག་པ་ཁྲག་འོང་དང་། །ཚིལ་ནག་འབྱུང་བ་དག་ལ་ཕན། །ཉི་ཤུ་གཅིག་ལ་བཏབ་པ་ན། །རྐེད་པ་ན་དང་དཔྱི་མིག་ཟུག །འཁྲུ་དང་དབུགས་ཐུང་རླུང་ནད་ཀྱིས། །སྐད་མི་ཕྱིན་པ་དག་ལ་འོ། །

ཉི་ཤུ་གཉིས་ལ་བཏབ་པ་ན། །ཚད་པ་རྙིངས་དང་མཆིན་ཚད་དང་། །རླུང་ནད་དྲག་པོ་དག་དང་ནི། །ཕྱེན་དང་བཤང་བ་འགགས་ལ་ཕན། །དྲི་མའི་བུ་ག་དག་ལ་ནི། །རྐེད་པ་འཕྱེས་དང་འཁྲུ་བ་དང་། །བླ་ཅོལ་སྨྲ་བ་དག་ལ་འོ། །ནང་དུ་བཏབ་པ་འདི་དག་གོ །སྒྲོག་རུས་དག་ནས་སོར་བཞི་བཅལ། །སྐེ་ལ་བཏབ་ན་གློ་ཁྲག་དང་། །ལུད་པ་མི་ཆོད་པ་ལ་ཕན། །སྙིང་ཁུང་དག་ལ་བཏབ་པ་ན། །སྐྱིགས་བུ་མི་ཆོད་པ་ལ་ཕན། །སྒྲོག་མདོ་ཡི་ནི་རུས་པ་ལ། །ཙོག་ཙོག་པོ་རུ་བཏབ་པ་ན། །ལུས་ཀྱི་རྨ་དག་འབྲས་ཐབས་ཏེ། །རྨ་དག་སོས་སུ་མི་བཏུབ་དང་། །རླུང་གི་རུས་པ་ན་བ་ལ། །སྒྲོག་རུས་དག་གི་གོང་དག་གི ། གཤོང་བུ་དག་ཏུ་བཏབ་པ་ན། །གློ་ལུ་བྲང་དུ་ཟུག་པ་དང་། །གློ་སྐམ་ལུ་བ་དག་ལ་ཕན། །སྐེ་ཡི་ལྟོང་ལྟོང་འབུར་བཏབ་ན། །སྐེ་འགགས་རླུང་རྩ་བད་ཀན་སྐྱེ། །བད་ཀན་སྐྱ་ལྡར་དག་ལ་ཕན། །དེ་ནས་ཐུར་ཚོན་ཕྱེད་དང་དོ། །བཅལ་བ་བྱ་རོག་མིག་དང་སྟེ། །དེ་ལ་ཁ་གསུམ་བཏབ་པ་ན། །ཁྲག་གི་ཚད་པ་སྐྱེས་པ་དང་། །དབུགས་ཐུང་བ་ལ་མཆོག་ཏུ་འོ། །དེ་ནས་ཕྱེད་དང་དོ་བཅལ་ན། །གློ་གསང་བར་མ་ཁ་གསུམ་དུ། །བཏབ་ན་ཁྲག་རྣག་མནམ་པ་དང་། །ཚད་སྐྱེས་དང་ག་ཟིན་པ་དང་། །ནུས་པ་བྲང་ནད་གློ་འཕར་དང་། །འབུད་པ་ལུ་བ་དག་ལ་ཕན། །

དེ་ནས་ཡང་ནི་དེ་བཞིན་དུ། །བཅལ་བ་ཁ་གསུམ་བཏབ་པ་ན། །གློ་གསང་ཆུང་ངུ་ཞེས་བྱ་སྟེ། །གློ་ནད་ཚ་གྲང་ཀུན་ལ་ཕན། །ནུ་མའི་བར་ནས་ཁ་གསུམ་དུ། །བཏབ་ན་སྙིང་གསང་ཆེན་པོ་སྟེ། །སྙིང་འདར་ཟས་དང་རུང་བ་དང་། །མི་དགའ་ལྟོ་རུ་ལྡང་བ་དང་། །སྙིང་གི་འདར་ནད་ཞི་བར་བྱེད། །དེ་ནས་ཐུར་ཚོན་གང་བཅལ་བ། །བཏབ་པས་གཡས་གཡོན་གཟེར་ཟུག་དང་། །འཇོམས་པ་ཉིད་ཀྱང་དེ་བཞིན་ནོ། །ལྷེན་སྣའི་ལྟག་ཏུ་བཏབ་པ་ན། །གཡས་དང་གཡོན་དུ་མཚོན་ཕྱེད་ན། །དེ་རུ་བཏབ་ན་བད་ཀན་གྱི། །གསང་དུ་བཏབ་པ་བད་ཀན་ཞི། །བྲང་ཚ་བ་དང་ཁ་རུ་སྐྱུར། །སྐྱུག་པ་དང་ནི་སྒྲེགས་པ་དང་། །སྟོད་རྒྱས་དབུགས་ཀྱིས་གང་ལ་ཕན། །ལྷེན་སྣ་ཁ་གསུམ་བཏབ་པ་ན། །བད་ཀན་དག་གི་མཚོ་ཡིན་ཏེ། །སྟོད་རྒྱས་ཟས་མི་འཇུ་བ་དང་། །ལད་ལུད་མང་ཞིང་ཆམ་པ་དང་། །མཚོག་མ་ལྕི་བ་དག་ལ་ཕན། །ལྷེན་སྣ་ཚོན་གང་ཁ་གསུམ་དུ། །བཏབ་པ་ཕོ་བ་དག་གི་གསང་། །འཁྲུ་དང་སྐྱུགས་དང་སྒྲེགས་པ་དང་། །ཟས་མི་འཇུ་བ་དག་ལ་ཕན། །དེ་ནས་ཚོན་གང་ཁ་གསུམ་དུ། །བཏབ་ན་མཆིན་པ་དག་གི་གསང་། །ཟས་ཟོས་མ་ཟོས་ཆུ་ཚན་སྐྱུག །ཕྱེམ་རེད་སྦོ་དང་ཁ་གདོང་སྐྲངས། །མཆིན་པ་འོར་དང་རྩིབ་ལོགས་ནི། །གསུད་སྒྲེགས་འོང་དང་རྨུགས་པ་སེལ། །དེ་ནས་གཡོན་དུ་ཐུར་གང་བཅལ། །མཆེར་པའི་གསང་དུ་བཏབ་པ་ན། །མཆེར་པའི་གསང་དང་དམུ་ལ་ཕན། །སྒྲེགས་དང་ཟས་མི་འཇུ་བ་དང་། །མཆེར་སྦོས་འཁྲུ་བ་སེལ་བར་བྱེད། །

རྩིབ་མ་རིང་པོ་གཡས་གཡོན་དུ། །བཏབ་ན་མཆེར་དང་མཆིན་པ་ཡི། །གསང་སྟེ་ཟས་མི་འཇུ་བ་དང་། །འཁྲུ་དང་ཟུག་གཟེར་ནང་རྣམས་སེལ། །ལྷེན་སྣ་དག་ནས་ཁ་གསུམ་དུ། །ཚོན་གསུམ་བཅལ་བར་བཏབ་པ་ན། །ཁོང་ལྕི་སྐྱུག་པ་དག་དང་ནི། །སྦོ་ཞིང་སྒྲེགས་པ་དག་ལ་ཕན། །ལྷེན་སྣ་ནས་ནི་ཚོན་བཞི་དག །བཅལ་བར་ཁ་གསུམ་བཏབ་པ་ན། །སྦོ་དང་གཟེར་བ་དག་དང་ནི། །ཟས་མི་འཇུ་བ་དག་ལ་ཕན། །ལྷེན་སྣ་ཚོན་ལྔ་དག་ཏུ་ནི། །ཁ་གསུམ་གདབ་པར་བྱ་བ་སྟེ། །མཁལ་རྐེད་ན་བ་དག་ལ་ནི། །བཤལ་བ་དག་ལ་ཕན་པར་འགྱུར། །ལྟེ་བའི་ཁུང་དུ་བཏབ་པ་ན། །བུད་མེད་ཟླ་མཚན་འཛག་པ་དང་། །མངལ་དུ་རླུང་ཞུགས་སྦོ་ལ་སྐྲངས། །དེ་ཡི་གཡས་གཡོན་ཚོན་རེ་གདབ། །སྦོ་དང་འཁྲོག་པའི་ནད་དག་ལ། །ལྟེ་བ་དག་ནས་ཚོན་དོར་གདབ། །སྦོ་དང་འཁྲུ་དང་འགྲོ་མི་ཤེས། །ལྟེ་བ་ནས་ནི་ཐུར་དོ་དང་། །ཚོན་གང་དག་ཏུ་བཏབ་པ་ན། །གློ་ནད་ལོང་ནད་སྐམ་ནད་དང་། །ཕོ་བ་ཆུ་ཚན་སྐྱུག་པ་དང་། །ལྟེ་ནས་ཚོན་དོ་ཁ་གསུམ་དུ། །བཏབ་པས་ཆུ་སོ་ན་ལ་ནི། །རླིག་པ་སྐྲངས་དང་ཟླ་མཚན་འཛག །འཁྲུ་བ་དག་ལ་ཕན་པ་འོ། །

ལྟེ་བ་ནས་ནི་ཚོན་གསུམ་བཅལ། །ཁ་གསུམ་དག་ཏུ་བཏབ་པ་ན། །ཆུ་སྲི་བ་དང་རྟག་ཏུ་ནི། །ཟླ་མཚན་འཛག་པ་དག་ལ་ཕན། །བུ་མི་ཆགས་དང་འཆོར་བ་དང་། །ལྟེ་ནས་ཚོན་བཞི་དག་ཏུ་གདབ། །བུ་སྣོད་ན་དང་མཁལ་རྐེད་ནད། །ཆུ་ཡི་ནད་དུ་གྱུར་པ་དང་། །རྐང་ནད་དག་ལས་ཕན་པར་འགྱུར། །ཡང་ན་གཉེར་མ་རིང་པོ་ནས། །ཁ་གསུམ་དག་ཏུ་བཏབ་པ་ན། །ཁྲག་གི་ནད་དང་ཆུ་སེར་ནད། །མཁྲིས་པའི་ནད་དུ་གྱུར་པ་དང་། །འདུས་པའི་ཚད་པ་དག་ལ་ཕན། །རྨང་མཚམས་ཁ་གསུམ་བཏབ་པ་ན། །བེ་སྣབས་ལྦུ་བ་ཅན་དུ་འཁྲུ། །དྲི་ཆུ་ཆུ་ཚན་དག་ལ་ཕན། །སྨད་གྱལ་འགྲོ་བ་དག་ལ་ཕན། །སྟུ་རྐུབ་བར་དུ་བཏབ་པ་ན། །འདར་དང་དྲན་པ་མྱོས་པ་དང་། །སྟོད་ལྕི་དབུགས་དག་ལྕི་བ་དང་། །ཕོ་མཚན་སྐྲངས་དང་ས་བོན་ལུག །ཟླ་མཚན་འཛག་པ་ཞི་བར་བྱེད། །

ཡན་ལག་རྣམས་དང་མིག་དང་ནི། །དཔུང་པའི་འགོ་ཡི་གཤོང་བུར་གདབ། །ཚིགས་པ་ན་བ་དག་ལ་ཕན། །ཕྱི་ལྟོ་ནང་ལྟོ་བཏབ་པ་ན། །ཚིགས་པ་འཁྲུལ་དང་འབོག་སྙམ་དང་། །དེ་ནས་ནང་གི་སྒྲོག་རུས་དང་། །ཕྱི་ཡི་མཆན་ཁུང་འོག་ཏུ་ནི། །གཉེར་མ་རིང་པོར་བཏབ་པ་ན། །སྟོད་ལྕི་ལག་པ་བཤལ་ལ་ཕན། །ཕྲག་པ་ཐལ་གོང་དག་ཏུ་གདབ། །གག་པ་ཅན་དང་ལྐོག་མའི་ནད། །ལྐོག་མ་སྐྲངས་དང་གློ་ཅན་དང་། །ལག་པ་མི་ཐེག་རོ་སྟོད་གཟེར། །སོག་པའི་དཀྱིལ་ནས་གཡས་གཡོན་དུ། །བཏབ་ན་གློ་འབྱར་སྔོ་བ་དང་། །བྲང་ན་གློ་ཡི་ནད་ལ་ཕན། །དཔུང་པའི་རྩ་ཡི་སྟེང་བཏབ་ན། །སྣ་ཁྲག་མི་ཆོད་པ་ལ་ཕན། །དཔུང་པ་ལག་ངར་རྩ་འགུལ་ལ། །བཏབ་ན་ལག་པ་ན་བ་དག་དང་ནི། །བུད་མེད་རྩིབ་མ་ན་བ་དང་། །སྐྱེས་པའི་གློ་ནད་སེལ་བ་འོ། །གྲུ་མོ་ཁུག་ཏུ་བཏབ་པས་ན། །ཆུ་སེར་ཞུགས་པ་དག་ལ་ཕན། །གྲུ་མོ་གཞུ་མཆོག་ཁུག་བར་དུ། །བཏབ་པས་རུས་ནད་དག་ལ་ཕན། །མཁྲིག་མའི་བར་དང་ཆུ་བའི་བར། །དག་ཏུ་བཏབ་པར་གྱུར་པ་ན། །མཐོང་ན་ཉམ་ཆུང་རུས་པ་ཚ། །རིམས་ནི་སྐྱུག་པ་དག་ལ་ཕན། །དེ་ནི་གཉེར་མ་རིང་པོ་སྟེ། །ཁ་གསུམ་དག་ཏུ་བཏབ་པ་ན། །མ་མཆུ་སྐམ་དང་ཆུ་རྒྱུས་རེངས། །མཁྲིག་མའི་རུས་པ་ཙོག་ཙོག་ཏུ། །བཏབ་ན་འཛེར་པ་ཞི་བར་བྱེད། །མཐེ་བོང་མཛུབ་མོའི་བར་དག་ཏུ། །ཚོན་གང་བཅལ་བར་བཏབ་པ་ན། །རིམས་ཀྱི་ཚད་པ་ཞེན་པ་ན། །མིག་ནད་ཚད་པ་དག་ལ་འོ། །

མཐེ་བོང་མཁྲིག་མའི་གཤོང་བུར་བཏབ། །ཀླད་པ་ན་དང་མིག་འཛག་སེལ། །མཐེའུ་ཆུང་སྲིན་ལག་བར་དུ་ནི། །ཚོན་ནི་ཕྱེད་དང་དོ་བཏབ་ན། །མིག་འབྲས་ན་དང་འཚག་པ་དང་། །མིག་ནད་དག་ལ་ཕན་པ་འོ། །རྐང་པ་ཡི་ནི་སྐྱིལ་ཀྲུང་བཅས། །ལུས་པོ་དྲང་དུ་བསྲངས་པ་ལས། །དཔྱི་མིག་མཇུག་ཐུང་ཆག་གང་བཅལ། །དེ་ནས་ཐད་ཀ་གཡས་གཡོན་དུ། །ཆག་གང་བཅལ་བར་བཏབ་པ་ན། །རྐང་བོལ་རྐེད་པ་ན་བ་སྟེ། །རུས་པ་འབུར་དང་བློ་ཡི་ལྡེབས། །གཤོང་གཤོང་པོར་ནི་བཏབ་པ་ན། ཁོང་དུ་ཆུ་སེར་ལྷུང་བ་དང་། །གྲང་བ་སྐྲན་དང་འོར་ལྷུང་དང་། །ལྷུང་བ་དག་ལ་ཕན་པར་འགྱུར། །རུས་པ་འབུར་འབུར་དག་ནས་ནི། །ཚོན་གསུམ་བཅལ་བར་བཏབ་པ་ན། །དེ་ལ་སོགས་པའི་རྐང་པའི་ནད། །ཐམས་ཅད་དེ་ཡིས་ཞི་བར་བྱེད། །སྒྱིད་ཁུང་གཉེར་མ་རིང་པོ་ནས། །མར་ལ་ཐུར་གང་བཅལ་བར་གདབ། །ཆུ་བ་འཁུམས་དང་བརྐྱང་མི་ཤེས། །གཞང་ན་ཤུ་བ་འོང་བ་དང་། །ཁྲག་འོང་པ་ལ་ཕན་པ་འོ། །ལོང་ནས་ཡར་ལ་ཐུར་གང་བཅལ། །དེ་རུ་བཏབ་ན་པུས་མོ་དག །མན་ཆད་སྦྲིད་ཁོལ་སྐྲངས་པ་སེལ། །ཕྱིར་ལོག་གྱེན་ལ་ཐུར་གང་དུ། །བཏབ་ན་ཆུ་སེར་སྨད་ལྷུང་དང་། །རྐང་པ་ལྕི་དང་ལྐོག་ནད་སྐྲངས། །རྐང་པ་བསྐུམ་པའི་ཆུ་རྒྱུས་བར། །མེ་བཙའ་དག་ཀྱང་གདབ་པར་བྱ། །མིག་ཚིགས་ལོང་མོ་འབུར་ཙ་ན། །ཐུར་དུ་ཐུར་གང་བཅལ་བར་བྱ། །རུས་པ་རྗེ་ངར་རྐང་ལ་གདབ། །ཟླ་མཚན་དག་ནི་འཛག་པ་དང་། །ཇེ་རིད་ཇེ་རིད་འགྲོ་བ་འོ། །

དེ་ནས་རྟིང་ཆུ་ཐུར་གང་ནས། །རྩ་འགུལ་བ་ལ་བཏབ་པ་ན། །ཟླ་མཚན་འཛག་དང་འཁྲུ་བ་དང་། །སྐྱུག་བྲོ་ལྐོག་མ་སྐྲངས་པ་སེལ། །ལངས་ཏེ་དྲང་པོར་བསྲངས་པ་ཡི། །ལག་པ་གུང་མོ་བརླ་ཡི་སྟེང་། །སོར་མོ་གར་སླེབས་རྨེན་དག་ལ། །མ་སོང་བར་བཏབ་རྐེད་པ་ཡི། །ནད་དང་སྨད་རྐང་ཁོལ་བ་དག །སྣག་པོ་ཆེ་ཡི་གཤོང་བུར་བཏབ། །རྐང་པ་རུས་པ་ཁོལ་བ་དང་། །རོ་སྟོད་དག་ནི་མི་ཐེག་དང་། །སྨད་ཀྱི་ནད་ནི་ཞི་བར་བྱེད། །རྐང་བརྐྱང་ལྷ་ང་སོར་བཞི་ནས། །དེ་རུ་བཏབ་པ་རྐང་པའི་ཤ །སྐམ་དང་རྐེད་པ་ན་བ་དང་། །བུད་མེད་སྨད་དག་ན་བ་དང་། །བུ་ཆད་དག་ལ་ཕན་པ་འོ། །སྒྱིད་ཁུང་འཁུམས་ཏེ་གཉེར་མ་ནི། །རིང་ནས་ཚོན་ནི་ཕྱེད་དང་དོ། །བཏབ་ན་ཚིགས་ན་འགྲོ་མི་ཤེས། །ལྷ་ངའི་བྱ་རོག་མིག་གཉིས་སུ། །བཏབ་པས་ཕོ་གྲང་ཟས་མི་འཇུ། །མིག་རྡུལ་བྱིན་པ་ན་བ་སེལ། །ངར་གདོང་ཐུར་འགོ་རུས་པ་འབུར། །གཉིས་འོག་ཆུ་གསེབ་གཤོང་བུར་བཏབ། །རུས་པ་ཁོལ་དང་བྱིན་ཤ་འགྱུར། །པུས་མོ་མན་ཆད་ན་ལ་ཕན། །ངར་གདོང་ཤུ་བ་ཁ་དབྲག་གི །སྙིང་རྩ་ཆེན་པོའི་སྟེང་གདབ་ན། །རྒྱུ་ནད་ཤ་སེར་མིག་སེར་དང་། །ཕོ་མཆིན་སྐྲངས་ཏེ་རླིག་པ་སྐྲངས། །འབྲས་བུ་ནང་དུ་འབྲོས་ལ་ཕན། །རྟིང་པའི་རུས་པ་འབུར་འབུར་ན། །ལྐོག་གི་གཤོང་བུར་བཏབ་པ་ན། །རྐང་དང་བྱིན་པ་དགབ་ཁུང་ནད། །མཐེ་བོང་མཛུབ་མོ་ནས་ནི་ཡར། །ཚོན་གང་བཅལ་བར་བཏབ་པ་ན། །ཆུ་སེར་འོང་དང་རྐང་པ་སྦྲིད། །གསུས་ཆེ་བ་དང་གཅིན་སྲི་བའོ། །

དེ་ནས་ཚོན་ཕྱེད་བཅལ་བ་ན། །མཐིལ་གྲུམ་རྩུབ་དང་རླིག་སྐྲངས་ལ། །ཚོན་གསུམ་གྱེན་ལ་བཅལ་བར་ནི། །བཏབ་ན་ཁོང་ལྕི་རླིག་སྐྲངས་དང་། །སོར་མ་དགུག་པའི་མཐེབ་གཤོང་དུ། །བཏབ་ན་ཀླད་ནད་གཅིན་སྲི་རླིག་སྐྲངས་དང་། །མཐེ་བོང་ཚིགས་ལ་བཏབ་པ་ན། །དྲག་འབྱུང་བ་ལ་ཕན་པར་རོ། །རྐང་བོལ་རྒྱབ་ཚིགས་ལ་བཏབ་ལ། །འདུག་མི་ཚུགས་དང་སྐྲངས་ལ་ཕན། །རྐང་མཐིལ་གཙགས་བུས་ཁྲག་ཕྱུང་བ། །བསྲེགས་པས་ཐུབ་སྟེ་ཆུ་སེར་ལ། །རྟིང་པའི་དྲག་ནི་དཀར་ནག་གི ། མཚམས་སུ་བསྲེགས་ན་ཁ་འཐམས་དང་། །མིག་ཚ་ལྦ་བ་བྱུང་བ་ན། །ལྕེ་ནི་གཞོགས་སུ་འབྱིན་ལ་ཕན། །མྱོས་པ་ཡེ་འདྲོག་འཆི་བ་དང་། །གདོན་གྱིས་ཟིན་པོ་དག་ལ་ཕན། །གྲང་བ་དག་ལ་མི་གདབ་བོ། །མ་ཞུ་གསར་ལ་མི་གདབ་བོ། །གཏར་དང་བསྲེག་པ་དེ་བཞིན་ནོ། །བསྙལ་མ་ཐོག་ཏུ་མི་གཏར་རོ། །གཏར་མ་ཐོག་ཏུ་མི་ཀློད་དོ། །སྔ་མ་བསྲེག་དང་ཕྱི་མ་གཏར། །སོ་མ་རཱ་ཛ་ལས་མེ་དཔྱད་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གཅིག་པའོ།།  །།

 

དེ་ནས་སྨན་གྱི་ནུས་པ་ནི། །ཁ་ཅིག་བུ་ག་དག་ནས་ནད། །ཁ་ཅིག་ཁོང་དུ་སྐེམ་པར་བྱེད། །ཁ་ཅིག་ལུས་ཀྱི་སྟོབས་དག་སྐྱེད། །དེ་ཡི་ཕན་ཡོན་བསམ་མི་ཁྱབ། །མཁའ་དང་ས་དང་ཆུ་དང་ནི། །མེ་དང་རླུང་དང་རབ་ཏུ་གྲགས། །སྲ་དང་ལྕི་དང་དྲི་བསུང་ཆེ། །མང་དང་མོད་ལ་རྩ་བ་ས། །ལས་ནི་ལྕི་དང་མང་པོར་སྤེལ། །ལུས་བསྐྱེད་སྟོད་དང་སྨད་དུ་འགྲོ། །ཆུ་ནི་གཤེར་དང་བསིལ་དུ་འགྲོ། །རྣོ་དང་སྐམ་དང་ཤུན་ལྤགས་དང་། །ལས་ནི་སྡུད་དང་བསིལ་བ་དང་། །རླན་དང་འཇིག་དང་སྡུད་པ་འོ། །ནུས་པ་དག་ནི་ཤ་མཐངས་བར། །མེ་ནི་ཚ་དང་རྩུབ་པ་དང་། །སྐམ་དང་རྣོ་བ་དུལ་དུལ་དང་། སྤྲ་བའི་མེ་ཏོག་དག་གི་མེ། །ལས་ནི་ཚ་དང་འཇུ་བ་དང་། །གསལ་དང་སྨིན་པར་བྱེད་པ་འོ། །ནུས་པ་བར་དུ་འགྲོ་བ་འོ། །རླུང་ནི་ཡང་དང་འཇམ་པ་དང་། །གཡོ་དང་སྒྲ་དང་སྟོང་པ་འོ། །ལས་ནི་མེ་དང་སྡུད་པ་འོ། །ནུས་པ་སྟོད་དུ་འགྲོ་བ་འོ། །ནམ་མཁའ་བྲག་དང་སྟོང་པ་ཁོང་། །གོ་མི་ཁེབས་དང་ཐམས་ཅད་འཕྲོད། །ལས་ནི་འཇུ་དང་ཁོང་ཡངས་དང་། །ནུས་པ་ཁོང་ནི་ཁྱབ་པར་འགྲོ། །དྲོ་བ་ས་སྟེ་དཀར་བ་དང་། །དམར་བ་མེ་དང་ལྗང་གུ་རླུང་། །སྔོན་པོ་ནམ་མཁའ་དག་ཏུ་འདོད། །རོ་དྲུག་ཁ་བ་མངར་བ་དང་། །ཚྭ་དང་སྐྱུར་བ་ལན་ཚྭ་དང་། །བསྐ་བ་དང་ནི་དྲུག་ཏུ་འོ། །

མངར་བས་སྟོབས་བསྐྱེད་ཡི་ག་འབྱེད། །རྒས་དང་བྱིས་པ་དག་ལ་ཕན། །མཁྲིས་ནད་སེལ་ཏེ་བུ་རམ་གནོད། །རྨ་འབྱོར་ཤའུ་བསྐྱེད་པ་དང་། །ཁམས་དང་དབང་པོ་གསལ་བ་དང་། །མདངས་སུག་ཆུ་སེར་ཞི་བ་དང་། །ས་སྲ་ལུས་པ་འཇམ་པ་དང་། །བད་ཀན་སྐྱེ་ཞིང་མེ་སྟོབས་དབྲི། །ཁ་བས་ཁྲག་མཁྲིས་ཚད་པོ་སེལ། །དང་ག་འབྱེད་ཅིང་མཛེ་དང་བད་ཀན་ལྷེན། །ཤ་སྐྱེ་རྨ་རྩིར་བཟང་བ་འོ། །སྐྱུར་བས་བད་ཀན་སེལ་བ་སྟེ། །ཆང་སྐྱུར་བད་ཀན་སྐྱེད་པར་བྱེད། །དྲོད་བསྐྱེད་ཡི་ག་འབྱེད་པ་དང་། །འཐུངས་ན་ཚིམ་དང་འཇུ་སླ་སྟེ། །མཁྲིས་པ་དག་ལས་གནོད་མི་བྱེད། །སྐྱུར་བ་དྲགས་ན་ཤ་སླ་མིག་ལ་གནོད། །སོ་ལ་གནོད་ཅིང་གདོང་པ་སྐྲངས། །ཚ་བ་དྲོད་བསྐྱེད་ཡི་ག་འབྱེད། །མ་ཞུ་བ་དང་ཁོང་སྲིན་དང་། །རླུང་གིས་ལུས་འདར་མདངས་མདོག་ལེན། །དྲགས་ན་སྟོབས་དབྲི་མཁྲིས་པ་སྐྱེ། །ལན་ཚྭས་རླུང་འཇིལ་སྦོས་པ་འཇིལ། །ཟས་དག་འཇུ་ཞིང་གྲིམས་པར་བྱེད། །

ཚྭ་རྣམས་ཁྲག་དང་མཁྲིས་པ་སྐྱེ། །རྒྱམ་ཚྭ་ཁ་རུ་ཚྭ་ནི་ཕན། །བད་ཀན་སྐྱེ་སྟེ་ཆུ་སེར་སྐེམ། །མཛེ་ནད་འབྲུམ་བུ་འབྲས་ལ་གནོད། །སྐམ་འདོད་གཉེར་མང་རྒས་དག་སྙི། །སྟོབས་ཆུང་ཤ་ནི་སླ་བ་འོ། །བསྐ་བས་རླུང་དང་མཁྲིས་པ་སེལ། །བསིལ་ཞིང་ཁྲག་དང་མཁྲིས་པ་སེལ། །རྨ་སྐམ་འཁྲུ་བ་ཞི་བར་བྱེད། །ལྤགས་མདོག་བཟང་སྟེ་རུས་ནད་སེལ། །དྲགས་ན་གཅིན་སྲི་བུ་ག་འགགས། །ལྟོ་རྒྱུན་ལྟོ་སྲིན་རླུང་ནད་སེལ། །མངར་དང་སྐྱུར་བ་ཞུ་རྗེས་རྩུབ། །བསྐ་དང་ཁ་བ་ཞུ་རྗེས་མངར། །ལན་ཚྭ་ཚ་བས་ཞུ་རྗེས་མངར། ཚ་དང་སྐྱུར་བས་བད་ཀན་ཞི། །ཁ་དང་མངར་བས་མཁྲིས་པ་འོ། །བསྐ་དང་ལན་ཚྭས་རླུང་ཞི་བྱེད། །སོ་མ་རཱ་ཛ་ལས་བདུད་རྩི་སྨན་གྱི་ནུས་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གཉིས་པའོ།།  །།

 

དེ་ནས་འཕགས་པ་འཇམ་དཔལ་གྱིས། དྲང་སྲོང་བཞི་ལ་གཏད་པ་དང་། དྲང་སྲོང་བཞི་ལ་སློབ་དཔོན་ནཱ་ག་རྫུ་ནས་བཤད་པའི་ལེའུ་བཤད་པར་བྱའོ། །ཨ་ཀྵ་ཏའི་རི་རྩེ་ལ། དྲང་སྲོང་སྔོ་དང་། དྲང་སྲོང་ཙ་ར་ཀ་དང་། དྲང་སྲོང་འདོད་པ་སྐྱེས་དང་། དྲང་སྲོང་གཞོན་ནུ་དང་བཞི་ལ། ནད་གཞི་ཅི་ལྟར་གནས་པ་གཏད། གུ་ན་སའི་རྩེ་མོ་ལ། དྲང་སྲོང་ལྷའི་བུ་དང་། དྲང་སྲོང་རྒྱུན་ཤེས་དང་། དྲང་སྲོང་ལྷའི་ཡོན་ཏན་དང་། དྲང་སྲོང་ཐང་ལ་གནས་དང་བཞི་ལ། གནས་པ་ངོས་བཟུང་བ་གཏད། །ཨ་བ་རིའི་རྩེ་མོ་ལ། དྲང་སྲོང་མེའི་བདག་དང་། དྲང་སྲོང་ནག་པོ་དང་། དྲང་སྲོང་འདྲོབ་སྐྱོང་དང་། དྲང་སྲོང་ཀ་ཡ་ལ་དང་བཞི་ལ། སྨན་དང་དཔྱད་ཀྱི་རྫུ་འཕྲུལ་གཏད། སི་ཏ་ཨ་ཀྵ་ཏའི་རྩེ་མོ་ལ། དྲང་སྲོང་ཤིང་གི་ལྷ་དང་། དྲང་སྲོང་ལྗང་སྔོན་དང་། དྲང་སྲོང་ཟླ་བ་དང་། དྲང་སྲོང་ཉི་མ་དང་བཞི་ལ། ས་དང་ཆུ་དང་ཤིང་དང་རྡོ་སྟེ་སྨན་གྱི་ནུས་པ་གཏད། བེ་ཏ་རི་ཡི་རྩེ་མོ་ལ། །དྲང་སྲོང་ཆེན་པོ་བཞི་རྣམས་ལ། །འདོད་ཆགས་ཞེ་སྡང་གཏི་མུག་ལས། །རླུང་དང་མཁྲིས་པ་བད་ཀན་དང་། །ལྡན་པ་འདུས་པ་འབྱར་བས་ནད། །བསལ་ཐབས་འཁོར་ལ་བཀའ་སྩལ་གཏད། །བྷེ་ཏ་རི་ཡི་རྩེ་མོ་ལ། །འཕགས་པ་འཇམ་དཔལ་གཞོན་ནུ་ནི། །གསེར་མདོག་ལྟ་བུའི་སྐུར་གནས་པས། །ཤེས་རབ་སྙིང་རྗེས་སེམས་ཅན་ལ། །ཕན་ཕྱིར་ཁྱོད་ལ་ཡང་དག་བསྟོད། །འཇམ་དཔལ་མི་འཇིགས་སེང་གེའི་ཁྲི་ལ་བཞུགས། །ཉི་མའི་སྐུ་ལྟར་གཟི་བརྗིད་ཟུག་རྔུ་སེལ། །ཟླ་བ་ལྟ་བུས་འོད་གསལ་ནད་རྣམས་སེལ། །སྨྲ་བའི་སྐྱེས་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །སོ་མ་རཱ་ཛ་ལས་དྲང་སྲོང་བཞི་ལ་གཏད་པ་དང་། །སློབ་དཔོན་ཀླུ་སྒྲུབ་ཀྱིས་འཕགས་པ་འཇམ་དཔལ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་བཅུ་གསུམ་པའོ། །སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།།  །།

 

འཕྲུལ་གྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱ་ནག་གི་བེ་ཅི་ཧངྐ་མ་ཧཱ་ལ་དཔེ་ཞུས་ཏེ་ཧྭ་ཤང་མ་ཧཱ་ཡ་ན་དང་། བཻ་རོ་ཙ་ནས་བསྒྱུར་བའོ། །སྭ་སྟི། གསོ་རིག་བསྟན་བཅོས་ཀུན་ལས་ཁྱད་འཕགས་ཤིང་། །རྩོད་མེད་ཉི་ཟླ་ལྟ་བུར་ཡོངས་གྲགས་ཀྱང་། །སྔ་རབས་མཁས་བླུན་ཕལ་ཆེར་འདིར་འཇུག་པས། །གླེགས་བམ་འཕེལ་ཆེ་ཡིག་རྒྱུན་འཆོལ་བ་སོགས། །དཔྱད་པར་དཀའ་ཡང་དེང་སང་དཔེ་དཀོན་པས། །དོན་གཉེར་སྨན་པ་རྣམས་ལ་ཕན་སླད་དུ། །ནོར་འཛིན་སྐྱོང་བ་བློ་གྲོས་རྒྱལ་མཚན་གྱིས། །ཐུགས་བསམ་བཟང་པོས་པར་དུ་ལེགས་པར་བསྒྲུབས། །དགེ་འདིས་ས་དབང་སྦྱིན་བདག་སྙུན་མེད་ཅིང་། །ཆབ་འབངས་ཀུན་ཀྱང་ནད་མེད་བདེ་སྐྱིད་ལྡན། །ཐམས་ཅད་དགེ་བའི་བྱ་བ་མཐར་ཕྱིན་ནས། །མི་རིང་སྨན་རྒྱལ་གོ་འཕང་མངོན་བྱེད་ཤོག །མངྒ་ལཾ་བྷ་ཝནྟུ།།  །།

མཇུག་ཡོངས་སུ་རྫོགས་པའོ།།

 

ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་དང་པོ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༥ ནས་ ༤༠༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *