༡༽ ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར།
དེ་ཡང་ལྷ་བླ་མ་ཡེ་ཤེས་འོད་ནི། མངའ་རིས་གུ་གེའི་རྒྱལ་པོ་བཀྲ་ཤིས་མགོན་ལ་སྲས་ཆེ་ཆུང་གཉིས་ཡོད་པའི་ཆུང་བ་སྟེ། ཆུང་ངུའི་དུས་སུ་མཚན་ལ་སྲོང་ངེ་ཟེར། ཕྱི་ལོ་ ༩༤༧ ལོར་སྐུ་འཁྲུངས་ཤིང་། སྐུ་ཚེ་སྟོད་ལ་གུ་གེའི་ཕྱོགས་ཀྱི་རྒྱལ་སྲིད་བཟུང་། སྲས་གཉིས་འཁྲུངས་པའི་མཚན་ལ་ནཱ་ག་རཱ་ཛ་དང་དྷེ་ཝ་རཱ་ཛ་ཟེར། ཕྱིས་སུ་ཁོང་ཉིད་རབ་ཏུ་བྱུང་བས་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་དུ་གསོལ།
ཕྱི་ལོ་ ༩༩༦ ལོར་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་སློབ་མ་ཉེར་གཅིག་རྒྱ་གར་ཕྱོགས་སུ་སློབ་སྦྱོང་ལ་མངགས་ཤིང་། རྒྱ་གར་གྱི་པཎྜི་ཏ་འགའ་གདན་དྲངས་ཏེ་མདོ་རྒྱུད་དགོངས་འགྲེལ་ཁག་ལ་དག་ཐེར་དང་། གསར་བསྒྱུར། བསྒྱུར་ཟིན་དག་བཅོས་བཅས་མཛད་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་གདན་འདྲེན་གྱི་སྦྱོར་བ་བརྩམས་པ་སོགས་བསྟན་སྲིད་ལ་སྨན་པའི་བྱ་བ་མང་པོ་བསྒྲུབས། གུ་གེའི་སྲིད་དབང་གཅུང་པོ་འཁོར་རེ་ལ་གཏད་ནས་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་ཅེས་གསོལ། མཐར་ཕྱི་ལོ་ ༡༠༡༩ ལོར་མཐོ་ལྡིང་དུ་སྐུ་གཤེགས། ཁོང་གི་མཚན་གྱི་རྣམ་གྲངས་ལ་སྲོང་ངེ་དང་། དྲང་སྲོང་ལྡེ། ཁྲི་ལྡེ་སྲོང་གཙུག་བཙན། བཀྲ་ཤིས་ལྡེ་བཙན། ཁྲི་སྲོང་ལྡེ་སྲོང་བཙན་སོགས་སུ་གྲགས་སོ།།[1]
དེ་བཞིན་མངའ་རིས་གུ་གེའི་རྒྱལ་པོ་བཀྲ་ཤིས་མགོན་གྱི་སྲས་ཆེ་ཆུང་གཉིས་ཀྱི་ཆུང་བ་ཡིན། ཐོག་མར་ཆུང་དུས་ཀྱི་མིང་ལ་སྲོང་ངེ་ཟེར་ཞིང་། རྗེས་སུ་རྒྱལ་པོ་བྱས་པའི་མིང་ལ་ཁྲི་ལྡེ་སྲོང་གཙུག་བཙན་ཟེར་ལ། ཚེ་སྨད་རྒྱལ་སྲིད་གཅེན་པོ་ལ་གཏད་ནས་རང་ཉིད་རབ་ཏུ་བྱུང་བའི་མིང་ལ་ལྷ་བླ་མ་ཡེ་ཤེས་འོད་ཟེར། འདིའི་ལོ་རྒྱུས་ཞིབ་པ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་ཆོས་འབྱུང་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་བཅས་སུ་གསལ་[2]ལོ།།


(མཐོ་ལྡིང་ལྷ་ཁང་གི་ལྡེབས་རིས་སུ་བཞེངས་པའི་ལྷ་བླ་མ་ཡེ་ཤེས་འོད་རྒྱལ་པོའི་
ཆ་ལུགས་ཅན་དང་། རབ་བྱུང་གི་རྟེན་ཅན་གྱི་སྣང་བརྙན།)
གཞན་ཡང་པདྨ་བཀའ་ཐང་ལས[3]། བཀྲ་ཤིས་མགོན་སྲས་ལྷ་བླ་མཿ ཡེ་ཤེས་འོད་ཀྱིས་མཁོ་མཐིང་བཞེངསཿ པྲ་ཏ་ཀཱ་ར་སྤྱན་དྲངས་ནསཿ ལོ་ཙཱ་རིན་ཆེན་བཟང་པོ་ཡིསཿ གསང་བ་འདུས་པ་ལ་སོགས་བསྒྱུརཿ དེ་ཡི་གཅུང་པོ་ཁྲི་དཔལ་གྱིསཿ གཙང་ཁར་གཙུག་ལག་ཁང་བཞེངས་སོཿ དེ་སྲས་བཙུན་པ་བྱང་འོད་ཀྱིསཿ དཱི་པཾ་ཀ་ར་སྤྱན་དྲངས་ནསཿ ཆོས་རྣམས་ཕྱག་ལེན་ཕེབས་པར་མཛདཿ དེ་དུས་ཆུ་ཕོ་འབྲུག་ལོ་ལཿ རོང་ཟོམ་ཆོས་ཀྱི་བཟང་པོས་བརྩིསཿ ཞེས་གསུངས་པ་ལྟར། ལྷ་བླ་མ་ཡེ་ཤེས་འོད་ནི། ཆོས་ཀྱི་ཆེད་དུ་རང་གི་སྐུ་སྲོག་གཏོང་བའི་བོད་ཀྱི་རྒྱལ་རབས་ནང་རྒྱལ་པོ་དང་པོ་དེ་ཡིན། རྒྱལ་པོ་ཆེན་པོ་དེའི་དེ་ལྟ་བུའི་མཛད་པ་རྣམས་ནི་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པ་དང་། སྤྱོད་པ་དེ་དག་ལ་ཅུང་ཞིག་བརྟགས་ན་ཡང་རྒྱལ་པོ་དེ་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་ངེས་ནུས་ལ། རྒྱལ་པོ་འདི་སངས་རྒྱས་ཀྱི་ལུང་གིས་ཟིན་པར་ཡང་ངེས་ཏེ། འཇམ་དཔལ་རྩ་རྒྱུད་ཀྱི་ལུང་བཀའ་གདམས་ཕ་ཆོས་སུ་དྲངས་པ་ལས[4]། ཁ་བ་ཅན་གྱི་རྒྱལ་ཁམས་སུ། །རྒྱལ་པོ་འོད་ཀྱི་མཐའ་ཅན་འབྱུང་། །བློན་པོ་ནོར་གྱི་མཐའ་ཅན་འབྱུང་། །ཞེས་དང་། གངས་ཅན་དུ་ནི་རྒྱལ་པོའི་རིགས། །ཡེ་ཤེས་འོད་ཅེས་བྱ་བ་འབྱུང་། །[5]ཞེས་གསུངས་ལ། དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[6]ཀྱང་། དེ་ཚེ་རྒྱལ་པོ་འོད་ཀྱི་མིང་ཅན་ནི། །བྱང་ཆུབ་སེམས་ལྡན་བློ་གྲོས་ཅན་ཞིག་འབྱུང་། །ཞེས་ལྷ་བླ་མ་ཁུ་དབོན། དེ་ཡིས་བྱང་ཆུབ་སེམས་དཔའ་པཎྜི་ཏ། །རྣམ་དག་ཚུལ་ཁྲིམས་གསུམ་དང་རབ་ལྡན་ཞིང་། །མཁས་ཤིང་སྒྲུབ་ལ་མངོན་པར་བརྩོན་པ་ནི། །རིགས་གསུམ་ཡོན་ཏན་ལྡན་པ་སྤྱན་དྲངས་ནས། །སྐུ་གཟུགས་འདི་ལ་མཆོད་ཅིང་ཕྱག་མང་བྱེད། །བསྙེན་བཀུར་བསྔགས་པ་ཕུན་སུམ་ཚོགས་པར་བརྗོད། །དེ་ཡིས་བསྟན་པ་ཤིན་ཏུ་རྒྱས་པར་བྱེད། །ཅེས་ཇོ་བོ་རྗེ་བཅས་ལུང་བསྟན་པར་གསུངས་སོ།།
དེ་ལྟར་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་གི་རྒྱལ་པོས་བཙོན་དུ་བཅུག་ཚུལ་ནི། སླར་ཡང་ཇོ་བོ་ཨ་ཏི་ཤ་གདན་འདྲེན་པའི་མི་རྒྱ་གར་དུ་བརྫངས་པ་ལ་གསེར་མང་པོའི་དགོས་པ་ཡོད་པས་ལྷ་བླ་མ་ཡེ་ཤེས་འོད་གསེར་འཚོལ་དུ་ཕྱིན་པས་གར་ལོག་གི་རྒྱལ་པོས་བཟུང་ནས་བཙོན་དུ་བཅུག །མནར་གཅོད་ཚད་མེད་ཀྱི་ཐོག་རྒྱལ་པོ་སྐུ་གཤེགས། སྐུ་གཤེགས་ཁར་ཚ་བོ་བྱང་ཆུབ་འོད་ལ་ཇོ་བོ་བོད་དུ་ངེས་པར་གདན་འདྲོངས་པ་ཞིག་དགོས་པའི་བསླབ་བྱ་མང་དུ་མཛད། འདས་ཁར་སྨོན་ལམ་ཇི་ལྟར་མཛད་པ་ནི།
འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །
ཆོས་ཕྱིར་སྲོག་ལ་ཕངས་པ་མེད་པ་དང་། །
དཀོན་མཆོག་གསུམ་དང་འབྲལ་བ་མེད་པ་དང་། །
སྙིང་སྟོབས་ཆེན་པོས་གཞན་དོན་བྱེད་པར་ཤོག །[7]
ཅེས་ཐུགས་སྨོན་མཛད་པར་གྲགས་ལ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དབུ་ཐོད་ད་ལྟའང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཆགས་པའི་མཐོ་ལྡིང་དགོན་གྱི་ནང་རྟེན་གྱི་གྲས་སུ་མཇལ་རྒྱུ་འདུག་གོ།
དེ་ལྟར་ལྷ་བླ་མ་ཁུ་དབོན་རྣམ་གཉིས་[8]ཀྱིས་རྒྱ་བརྩོན་འགྲུས་སེངྒེ་འཁོར་བརྒྱ་ཙམ་བསྡེབས་ནས་ཇོ་བོ་རྗེ་གདན་འདྲེན་དུ་མངགས་པས་འཁོར་ཕལ་ཆེར་ཚད་པས་གཤེགས། སླར་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དཔོན་གཡོག་དྲུག་ཙམ་ཇོ་བོ་སྤྱན་འདྲེན་པར་མངགས་པ་བཞིན་ཕེབས་པས་རྒྱ་བརྩོན་སེང་ཡང་ཕྱིས་ཇོ་བོ་དང་ལྷན་བོད་དུ་ཕེབས་ལམ་དུ་སྐུ་གཤེགས་ཤིང་། ཇོ་བོ་རྗེ་གདན་འདྲེན་པའི་གསེར་ཐབས་འཚོལ་མཛད་སྐབས་ལྷ་བཙུན་ཡེ་ཤེས་འོད་ཀྱང་གར་ལོག་རྒྱལ་པོས་འཛིན་བཟུང་གིས་བཙོན་དུ་སྐུ་གཤེགས། དེ་རྗེས་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་དུས་སུ་པཎྜི་དང་གླེགས་བམ་དང་བཅས་པ་བོད་དུ་སྤྱན་དྲངས་ནས་བཀའ་བསྟན་སྒྲ་བསྒྱུར་དང་། བསྟན་བཅོས་ལྗགས་རྩོམ་མཛད་པ་སོགས་བསྟན་འགྲོའི་མཛད་པ་རླབས་ཆེན་བསྐྱངས་པ་རྣམས་ནི་ལྷ་བླ་མ་ཁུ་དབོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། དཀའ་སྤྱད་འབད་བརྩོན་ལས་བྱུང་བའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པར་གཞིར་བྱས་པའོ།།
[2] དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་ ༣༢༥
[3] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ དེབ་གཟུགས། ཤོག་གྲངས་ ༣༠༢
[4] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༡༣
[5] བཀའ་གདམས་ཕ་ཆོས། ཤོག་གྲངས་ ༡༢༡ སུ་ལུང་འདི་གཉིས་འཇམ་དཔལ་རྩ་རྒྱུད། ༼སྡེ་དགེ་བཀའ་འགྱུར། རྒྱུད། ན། ཤོག་གྲངས་ ༨༨ན༡ ནས་ ༣༣༤ན༦ བར།༽ ཀྱི་ཡིན་པར་གསུངས་འདུག་ཀྱང་། དེའི་རྫོགས་མཚམས་སུ་རྒྱལ་པོ་རྣམས་ལུང་བསྟན་པའི་སྐབས་སུ་ནི་ལུང་འདི་གཉིས་གསལ་པོར་མི་སྣང་བ་དང་། ད་ཡོད་ལེགས་སྦྱར་སྐད་དུ་ཡོད་པའི་འཇམ་དཔལ་རྩ་རྒྱུད་ཀྱི་ལེའུ་ལྔ་བཅུ་ང་གསུམ་པ་རྒྱལ་པོ་ལུང་བསྟན་གྱི་ལེའུ་ཞེས་པ་འདུག་པས། དེར་ཡང་ལུང་འདི་གཉིས་མི་སྣང་བ་དང་། འོན་ཀྱང་མ་དཔེ་འདི་གཉིས་སུ་མ་འདུས་པའི་རྒྱུད་གཞུང་ལྷག་པོ་གཞན་ཡང་ཡོད་པར་སྣང་བས། དེ་དག་ཏུ་ལུང་འདི་གཉིས་ཡོད་སྲིད། རྩ་རྒྱུད་འདི་ལ་ལྷག་པ་ཡོད་ཚུལ་ཡང་ད་ལྟ་ལེགས་སྦྱར་དུ་ཡོད་པའི་རྒྱུད་འདིའི་མ་དཔེ་རྫོགས་པའི་མཐར་འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ཇི་ལྟར་ཐོབ་པ་རྫོགས་སོ།།༽ ཞེས་འཁོད་འདུག་པས་དེ་ལྟར་ངེས་པར་བྱའོ།།
[6] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༧༣
[7] ཆོས་འབྱུང་པདྨ་རྒྱས་པའི་ཉིན་བྱེད། པད་དཀར་བཀའ་འབུམ། གསང་སྔགས་ཆོས་གླིང་གི་དཔར་སྐྲུན། ཤོག་གྲངས་ ༣༦༡
[8] ལྷ་ནི་རྒྱལ་པོའི་མིང་སྟེ། རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བའི་རབ་བྱུང་ལ་ལྷ་བླ་མ་ཞེས་པའི་མིང་བཏགས་ཤིང་། ཁུ་དབོན་ནི་ཁུ་བོ་ཡེ་ཤེས་འོད་དང་། དབོན་པོ་བྱང་ཆུབ་འོད་གཉིས་སོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༧ ནས་ ༡༩༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།