བདུན་པ། ཚད་མའི་སྐོར།
༡༢༽ ཀ) ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། པྲ་མཱ་ཎ་ས་མུཙྪ་ཡ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། གཞུང་གི་འགྱུར་བྱང་ལས[1]། འཇམ་པའི་མགོན་པོའི་བཀས་བསྐུལ་ཕྱོགས་ཀྱི་གླང་པོའི་བསྟན་བཅོས་རྒྱ་མཚོ་ལྟར་ཟབ་འདི། །རིགས་ལྡན་རྒྱལ་པོའི་བཀས་བསྐུལ་ནོར་བཟང་སྲུང་མཛད་ཅེས་བྱ་སྡེ་བདུན་བཤད་མཁན་དང་། །
གཟུས་ཆུང་སྟོན་པའི་བཀས་བསྐུལ་དགེ་བསྙེན་སེང་རྒྱལ་ཞེས་བྱ་ཞ་མ་ལོཙྪས་བསྒྱུར། །དགེ་གང་བསོད་ནམས་བཀས་བསྐུལ་འགྲོ་ཀུན་རིགས་ལམ་ལ་གནས་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་གསུངས་པ་ལྟར། རྒྱ་གར་གྱི་མཁན་པོ་སུ་དྷ་ན་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་པའོ།།
༸གོང་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[2]། དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཁམས་མདོ་སྲིབ་མཁན་པོ་ངག་དབང་ཀུན་དགའ་དབང་ཕྱུག་ཅེས་གསུམ་ལྡན་རྡོ་རྗེ་འཛིན་པ་དེའི་ཞལ་སྔ་ནས་ལས་ཟབ་རྒྱས་ཀྱི་དམ་པའི་ཆོས་གསན་བཞེས་མཛད་ཅིང་། དེ་ཡང་ཐོག་མར་གསན་བཞེས་ཇི་ལྟར་མཛད་པའི་ཚུལ་ནི། ཐོག་མར་ཞལ་མཇལ་འཕྲོས་མོལ་ལས་དམ་པ་ཉིད་ལ་འཇུག་པ་རང་འགྲེལ་དང་བསླབ་བཏུས་ཀྱི་ཁྲིད་རྒྱུན་བཞུགས་འདུག་པ་གསན་མ་ཐག །རྗེ་བླ་མའི་ཐུགས་སུ་གཞུང་ཆེན་མོ་འདི་དག་གི་བཤད་རྒྱུན་ཧ་ཅང་ཉམ་དམས་སུ་གྱུར་ཡོད་པས་འཆད་སྤེལ་ཐུབ་ན་ཅི་མ་རུང་དགོངས་པའི་ཐུགས་ཀྱི་འདུན་པ་དྲག་པོ་འཁྲུངས་ཏེ་དམ་པ་གང་གི་དྲུང་དུ་འཇུག་པ་རང་འགྲེལ་དང་། བསླབ་བཏུས་ཀྱི་བཤད་ལུང་གསན་བཞེས་མཛད་པ་དང་། རིམ་གྱིས་དམ་པ་འདི་ཉིད་ཀྱི་དྲུང་དུ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བདུད་རྩི་དུ་མ་ཞིག་ནོད་པར་མཛད་དོ།།
གསན་བཞེས་གང་མཛད་པའི་ཐོ་ཡིག་རིམ་པར་འགོད་པ་ལ། བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པའི་ཁྲིད་ལུང་དང་། དཔལ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པའི་བཤད་ལུང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་འཇུག་པ་རྩ་འགྲེལ་གྱི་བཤད་ལུང་། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་མཆན་འགྲེལ་དང་། རྣམ་ངེས་མཆན་འགྲེལ། རིགས་ཐིགས་མཆན་འགྲེལ་བཅས་ཀྱི་བཤད་ལུང་བཅས་མདོ་སྲིབ་མཁན་པོ་ངག་དབང་ཀུན་དགའ་དབང་ཕྱུག་ཅེས་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་ཞལ་སྔ་ནས་གསན་བཞེས་བཀའ་དྲིན་ཆེ་བར་མཛད། ཅེས་གསལ་བ་ལྟར་རོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡ ལེའུ་ ༦ ལྡེབ་ ༡ན༡ ནས་ ༡༣ན༧ བར་ཡིག་ཕྲེང་ ༡༦༤ ཚིག་རྐང་ ༧-༡༠༡༥། ༩-༦། ༡༡-༨། ༡༧-༨། ཚེག་ཁྱིམ་ ༨༡༢༡། ཁ༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡ ལེའུ་ ༦ ལྡེབ་ ༡ན༡ ནས་ ༡༣ན༧ བར་ཡིག་ཕྲེང་ ༡༦༤ ཚིག་རྐང་ ༧-༡༠༡༥། ༩-༦། ༡༡-༨། ༡༧-༨། ཚེག་ཁྱིམ་ ༨༡༢༡། ག༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༣ ནས་ ༢༩ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་པེ་ཅིན་བསྟན་འགྱུར་དང་། སྣར་ཐང་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།
༡༢༽ ཁ) རྒྱ་གར་སྐད་དུ། པྲ་མཱ་ཎ་ས་མུཙྪ་ཡ། བོད་སྐད་དུ། ཚད་མ་ཀུན་ལས་བཏུས་པ། གཞུང་དངོས་ཀྱི་མཇུག་བྱང་དང་འགྱུར་བྱང་ལས་[3]ཀྱང་། ཚད་མ་ཀུན་ལས་བཏུས་པ་རྩོད་པ་བ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་བ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ། །
ཕྱོགས་རྣམས་ཀུན་གྱི་ཕས་ཀྱི་རྒོལ་བ་རྣམས། །
འཇོམས་པར་བྱེད་ལ་གླང་པོའི་སྟོབས་ལྡན་པ། །
ཕྱོགས་ཀྱི་གླང་པོའི་གཞུང་ཀུན་ལས་བཏུས་པ། །
བདག་ཉིད་ཀྱི་ནི་འབྱོར་པ་ལ་བརྟེན་ནས། །
ཤིས་པའི་དགེ་གནས་གཙུག་ལག་ཁང་གནས་སུ། །
རྒྱ་གར་མཁན་པོ་གསེར་གྱི་གོ་ཆ་དང་། །
སྒྲ་སྒྱུར་ལོ་ཙཱ་དད་པའི་ཤེས་རབ་ཀྱིས། །
བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཡིན། །
ཞེས་གསལ་བ་ལྟར་རྒྱ་གར་གྱི་མཁན་པོ་གསེར་གྱི་གོ་ཆ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དད་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཡིན། ཞེས་གསལ་བ་ལྟར་རོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༡ ལེའུ་ ༦ ལྡེབ་ ༡ན༡ ནས་ ༡༣ན༥ བར་ཡིག་ཕྲེང་ ༡༨༤ ཚིག་རྐང་ ༧-༩༧༢ དང་། ༩-༡༢། ༡༣-༨། ཚེག་ཁྱིམ་ ༧༢༧༦། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡ ལེའུ་ ༦ ལྡེབ་ ༡ན༡ ནས་ ༡༣ན༥ བར་ཡིག་ཕྲེང་ ༡༥༤ ཚིག་རྐང་ ༧-༩༧༢ དང་། ༩-༡༢། ༡༣-༨། ཚེག་ཁྱིམ་ ༧༢༧༦། ག༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༣༡ ནས་ ༥༤ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།
དེ་ལྟར་གོང་གསལ་ཚད་མ་ཀུན་བཏུས་རྩ་བ་ཆོས་ཚན་ ༡༢ ཀ) པ་རྒྱ་གར་གྱི་མཁན་པོ་སུ་དྷ་ན་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་པ་ནི། སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་གསལ་ལ། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་སུ་མི་གསལ་བ་དང་། ཚད་མ་ཀུན་བཏུས་རྩ་བ་ཆོས་ཚན་ ༡༢ ཁ) པ་རྒྱ་གར་གྱི་མཁན་པོ་གསེར་གྱི་གོ་ཆ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དད་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ནི་པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་སུ་གསལ་ཞིང་། སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་ཀྱིས་བསྟན་འགྱུར་དཔེ་བསྡུར་མར་འགྱུར་མི་འདྲ་བ་སོ་སོའི་དབང་དུ་བྱས་ཏེ་བཀོད་འདུག་པ་ལྟར་འདིར་ཡང་དེ་ལྟར་དུ་བཀོད་ཅིང་། འདི་གཉིས་ཀའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་ཆ་ཤས་ཙམ་བཞུགས་སོ།།
༡༣༽ ཀ) ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། པྲ་མཱ་ཎ་ས་མུཙྪ་ཡ་བྲིཏྟི། བོད་སྐད་དུ། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ། རྩོད་པ་བ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་བ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གཞུང་དངོས་ཀྱི་འགྱུར་བྱང་ལས་[4]ཀྱང་། འཇམ་པའི་མགོན་པོའི་བཀས་བསྐུལ་ཕྱོགས་ཀྱི་གླང་པོའི་བསྟན་བཅོས་རྒྱ་མཚོ་ལྟར་ཟབ་འདི། །རིགས་ལྡན་རྒྱལ་པོའི་བཀས་བསྐུལ་ནོར་འཛིན་སྲུང་བ་ཞེས་བྱ་སྡེ་བདུན་བཤད་མཁན་དང་། །གཟུས་ཆུང་སྟོན་པའི་བཀས་བསྐུལ་དགེ་བསྙེན་སེང་རྒྱལ་ཞེས་བྱ་ཞ་མ་ལོ་ཙཱས་བསྒྱུར། །དགེ་གང་བསོད་ནམས་བཀས་བསྐུལ་འགྲོ་ཀུན་རིགས་ལམ་ལ་གནས་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༢ ལེའུ་ ༦ ལྡེབ་ ༡༤ན༡ ནས་ ༨༥བ༧ བར་ཡིག་ཕྲེང་ ༡༠༠༨ ཚེག་ཁྱིམ་ ༦༣༣༤༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༢ ལེའུ་ ༦ ལྡེབ་ ༡༣ན༦ ནས་ ༩༣བ༤ བར་ཡིག་ཕྲེང་ ༡༢༨༧ ཚེག་ཁྱིམ་ ༦༣༣༡༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༢ ལེའུ་ ༦ ལྡེབ་ ༡༣ན༥ ནས་ ༩༦བ༤ བར་ཡིག་ཕྲེང་ ༡༡༦༢ ཚེག་ཁྱིམ་ ༦༣༣༡༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༢ ལེའུ་ ༦ ལྡེབ་ ༡༤ན༡ ནས་ ༨༥བ༥ བར་ཡིག་ཕྲེང་ ༩༩༩ ཚེག་ཁྱིམ་ ༦༣༣༣༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༥༧ ནས་ ༢༣༤ བར་བཅས་བསྟན་འགྱུར་པར་མ་ཚང་མར་བཞུགས་སོ།།
༡༣༽ ཁ) ཚད་མ་ ༼ཅེ༽ པ་ལ། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་རང་ཉིད་ཀྱིས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། པྲ་མཱ་ཎི་ས་མུཉྩ་ཡ་བྲིཏྟི། བོད་སྐད་དུ། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ། འགྱུར་བྱང་ལས་[5]ཀྱང་། ཚད་མ་ཀུན་ལས་བཏུས་པ་རྩོད་པ་བ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་བ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།།
ཕྱོགས་རྣམས་ཀུན་གྱི་ཕས་ཀྱི་རྒོལ་བ་རྣམས། །
འཇོམས་པར་བྱེད་ལ་གླང་པོའི་སྟོབས་ལྡན་པ། །
ཕྱོགས་ཀྱི་གླང་པོའི་གཞུང་ཀུན་ལས་བཏུས་པ། །
བདག་ཉིད་ཀྱི་ནི་འབྱོར་པ་ལ་བརྟེན་ནས། །
ཤིས་པའི་དགེ་གནས་གཙུག་ལག་ཁང་གནས་སུ། །
རྒྱ་གར་མཁན་པོ་གསེར་གྱི་གོ་ཆ་དང་། །
སྒྲ་སྒྱུར་ལོ་ཙཱ་དད་པའི་ཤེས་རབ་ཀྱིས། །
བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཡིན། །
ཞེས་གསལ་ལ། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[6]། ཚད་མ་མདོའི་རང་འགྲེལ། པཎྜི་ཏ་གསེར་གྱི་ཆོ་ག་དང༌། ལོ་ཙཱ་བ་དད་པ་ཤེས་རབ་ཀྱི་འགྱུར། འདི་ནི་སྡེ་དགེ་དང༌། ཅོ་ནེ་དང༌། སྣར་ཐང་དང༌། པེ་ཅིན་གྱི་བསྟན་འགྱུར་དཔར་མའི་དཀར་ཆག་རྣམས་སུ་མཚན་འགྱུར་སོགས་འཁོད་ཙམ་ལས་གླེགས་བམ་དུ་ཆོས་ཚན་མི་བཞུགས་ལ། སྡེ་དགེ་དང་ཅོ་ནེའི་བསྟན་འགྱུར་གཉིས་ན་མི་བཞུགས་ཤིང༌། སྣར་ཐང་དང་པེ་དཔར་ན་བཞུགས་པའི་ཚད་མ་ཀུན་ལས་བཏུས་པ། རྩོད་པ་བ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་བ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་གསེར་གྱི་གོ་ཆ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དད་པའི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཞེས་པ་དང་འགྱུར་བྱང་སོགས་མི་འདྲ་ཙམ་ལས། དོན་ལ་གོང་གི་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་པ་དང་གཅིག་ཡིན་པ་འདྲ་བས་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །ཞེས་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་ཆ་ཤས་ཙམ་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༣ ལེའུ་ ༦ ལྡེབ་ ༩༣བ༤ ནས་ ༡༧༧ན༧ བར་ཡིག་ཕྲེང་ ༡༣༤༡ ཚེག་ཁྱིམ་ ༦༡༥༩༢། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༣ ལེའུ་ ༦ ལྡེབ་ ༩༦བ༥ ནས་ ༡༨༠ན༢ བར་ཡིག་ཕྲེང་ ༡༡༦༧ ཚེག་ཁྱིམ་ ༦༡༧༡༠། ག༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༢༥༢ ནས་ ༤༢༤ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མ་བཞུགས་པ་བཅས་སོ།།
༡༤༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། ཨཱ་ལཾ་བ་ན་པ་རཱཀྵི། བོད་སྐད་དུ། དམིགས་པ་བརྟག་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། གཞུང་དངོས་ཀྱི་མཇུག་མཐར་འགྱུར་བྱང་མི་གསལ་ཡང་། སྡེ་བསྟན་དཀར་ཆག་ལས[7]། པཎྜི་ཏ་ཆེན་པོ་ཤཱནྟཱ་ཀ་ར་གུཔྟའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ། ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་ཆ་ཤས་ཙམ་བཞུགས་ལ། རྒྱའི་སྐད་དུའང་། (無相思塵論 T31, No1619) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༣ ལྡེབ་ ༨༦ན༡ ནས་ ༨༦ན༥ བར་ཡིག་ཕྲེང་ ༥ ཚིག་རྐང་ ༧-༣༢ ཚེག་ཁྱིམ་ ༢༦༦༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༤ ལྡེབ་ ༡༧༧ན༧ ནས་ ༡༧༧བ༥ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༢ ཚེག་ཁྱིམ་ ༢༧༡། ག༽ སྣང་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༤ ལྡེབ་ ༡༨༠ན༢ ནས་ ༡༨༠བ༡ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༢ ཚེག་ཁྱིམ་ ༢༧༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༣ ལྡེབ་ ༨༥བ༦ ནས་ ༨༦ན༣ བར་ཡིག་ཕྲེང་ ༥ ཚིག་རྐང་ ༧-༣༢ ཚེག་ཁྱིམ་ ༢༦༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༤༣༠ ནས་ ༤༣༡ བར་བཞུགས་པ་བཅས་སོ།།
༡༥༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། ཨཱ་ལཾ་བ་ན་པ་རཱིཀྵ་བྲིཏྟི། བོད་སྐད་དུ། དམིགས་པ་བརྟག་པའི་འགྲེལ་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། གཞུང་དངོས་ཀྱི་མཇུག་ཏུ་འགྱུར་བྱང་མི་གསལ་ཡང་། སྡེ་བསྟན་དཀར་ཆག་ལས[8]། པཎྜི་ཏ་ཆེན་པོ་ཤཱནྟཱ་ཀ་ར་གུཔྟའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ། ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་ཆ་ཤས་ཙམ་བཞུགས་ལ། རྒྱའི་སྐད་དུའང་། (無相思塵論 T31, No1619) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༤ ལྡེབ་ ༨༦ན༥ ནས་ ༨༧བ༢ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༡༡༤༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༥ ལྡེབ་ ༡༧༧བ༥ ནས་ ༡༧༩ན༤ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༡༡༣༡། ག༽ སྣང་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༥ ལྡེབ་ ༡༨༠བ༡ ནས་ ༡༨༢ན༢ བར་ཡིག་ཕྲེང་ ༢༣ ཚེག་ཁྱིམ་ ༡༡༣༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༤ ལྡེབ་ ༨༦ན༣ ནས་ ༨༧ན༦ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༡༡༤༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༤༣༢ ནས་ ༤༣༥ བར་བཞུགས་པ་བཅས་སོ།།
༡༦༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། ཏྲི་ཀཱ་ལ་པ་རཱིཀྵ་ནཱ་མ། བོད་སྐད་དུ། དུས་གསུམ་བརྟག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ། པཎྜི་ཏ་ཆེན་པོ་ཤཱན་ཏཱ་ཀ་ར་གུཔྟའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༥ ལྡེབ་ ༨༧བ༢ ནས་ ༨༨བ༥ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༡༣༠ ཚེག་ཁྱིམ་ ༩༦༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༦ ལྡེབ་ ༡༧༩ན༤ ནས་ ༡༨༠བ༡ བར་ཡིག་ཕྲེང་ ༢༢ ཚིག་རྐང་ ༧-༡༣༠ ཚེག་ཁྱིམ་ ༩༥༩། ག༽ སྣང་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༦ ལྡེབ་ ༡༨༢ན༣ ནས་ ༡༨༣བ༡ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༣༠ ཚེག་ཁྱིམ་ ༩༥༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༥ ལྡེབ་ ༨༧ན༦ ནས་ ༨༨བ༢ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༡༣༠ ཚེག་ཁྱིམ་ ༩༦༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༤༣༧ ནས་ ༤༤༠ བར་བཞུགས་པ་བཅས་སོ།།
༡༧༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། ནྱཱ་ཡ་པྲ་བེ་ཤ་ན་མ་པྲ་མཱ་ཎི་པྲ་ཀ་ར་ཎི། བོད་སྐད་དུ། ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ། སྡེ་བསྟན་དཀར་ཆག་ལས[9]། རིགས་པ་ལ་འཇུག་པའི་སྒོ། ཞེས་དང་། མཛད་བྱང་ལས་[10]ཀྱང་། རིགས་པར་འཇུག་པའི་སྒོ། ཞེས་གསལ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། པཎྜི་ཏ་ཐམས་ཅད་མཁྱེན་པས་བསྲུང་བ་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༧ ལེའུ་ ༦ ལྡེབ་ ༡༨༠བ༢ ནས་ ༡༨༤བ༦ བར་ཡིག་ཕྲེང་ ༦༩ ཚེག་ཁྱིམ་ ༣༢༡༢། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༧ ལེའུ་ ༦ ལྡེབ་ ༡༨༣བ༡ ནས་ ༡༨༨ན༤ བར་ཡིག་ཕྲེང་ ༦༧ ཚེག་ཁྱིམ་ ༣༢༡༡། ག༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༤༤༢ ནས་ ༤༥༡ བར་བཞུགས་ཤིང་། སྡེ་བསྟན་དཀར་ཆག་ལས[11]། འདིའི་མཚན་བྱང་སོགས་འདུག་ཀྱང་དཔེ་ཅེ་པོད་དུ་མི་འདུག་ཅེས་གསལ། འོན་ཀྱང་བསྟན་འགྱུར་དཔེ་བསྡུར་མ་ལྟར་ན། སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།
༡༨༽ ཚད་མ་ ༼ཅེ༽ པ་ལ། རྒྱའི་སྐད་དུ། གཡིན་མིང་གཞཻའ་ཅིང་ལིའི་ལུན། བོད་སྐད་དུ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ། (སྔ་འགྱུར།) རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སཾ་ཙང་གིས་རྒྱའི་སྐད་དུ་བསྒྱུར་ཅིང་། (བར་འགྱུར།) སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་[12]དང༌། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཅིང༌། (ཕྱི་འགྱུར།) ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བའོ། །རྒྱའི་དཔེ་ལ་རིགས་པ་ལ་འཇུག་པ་ཞེས་སྣང༌། དེང་སང་བོད་རྣམས་རིགས་པའི་སྒོ་ཞེས་གྲགས་སོ། །འོན་ཀྱང་སྡེ་བསྟན་དཀར་ཆག་ལས[13]། འདི་རིགས་པའི་སྒོ་དང་གཅིག་ཏུ་འདོད་པ་མི་འཐད་དེ། (རིགས་པའི་སྒོ་ལ་ནྱཱ་མུ་ཁ་ཞེས་ཟེར་ལ། འདི་ལ་ནྱཱ་པྲ་བེ་ཤ་ཞེས་ཟེར།) ཚད་མའི་འགྲེལ་ཆེན་རྣམས་སུ་རིགས་སྒོ་ནས་ལུང་དྲངས་པ་རྣམས་འདི་ན་མི་སྣང་བའི་ཕྱིར་རོ། །ཞེས་འབྱུང་ངོ་།།
འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། རིགས་སྒོ་འདི་རྒྱ་ནག་བསྟན་འགྱུར་ནང་དུ་བཞུགས་ཤིང་། ཁ་ཅིག་འདི་ཕྱོགས་གླང་གི་སྔོན་དུ་ཡོད་པར་བཤད་ལ། འགའ་ཞིག་གིས་ཀུན་བཏུས་ལས་སྔ་ཙམ་ཡིན་ཟེར་རོ། །དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[14]། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་སྒོ་གཉིས། ཞེས་གསལ། ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་བ་དང་། རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་བ་སྟེ་མི་འདྲ་བ་གཉིས་བཞུགས།[15] རྒྱའི་སྐད་དུའང་ (因明入正理論 T32, No1630) བསྒྱུར་ནས་བཞུགས་སོ།།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[16]། རིགས་སྒོ་ནི། ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་པའི་བསྡུས་མིང་། དེ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་ཅིང་། རྒྱ་གར་གྱི་ཁ་ཆེའི་པཎྜི་ཏ་ཆེན་པོ་དཔལ་བསྲུང་བ་དང་། བོད་ཀྱི་ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ། །འདི་དང་རིགས་པ་ལ་འཇུག་པ་ཞེས་བྱ་བའི་རྒྱ་ནག་འགྱུར་དང་འགྱུར་ཁྱད་ཙམ་མ་གཏོགས་གཞུང་གཅིག་ཡིན་ནོ། །ཞེས་གསུངས་ཀྱང་། བསྟན་འགྱུར་དུ་གཞུང་སོ་སོར་བཞུགས་པས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
ནྱཱ་ཡ་པྲ་བེ་ཤ་ཞེས་པ་ལ་ལས་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པར་འདོད་ཀྱང་། དོན་དུ་སློབ་དཔོན་བདེ་བྱེད་བདག་པོས་མཛད་པར་འཐད་པར་བཞེད་ལ། རིགས་པའི་སྒོ་དང་རིགས་པ་ལ་འཇུག་པ་གཉིས་པོ་འཁྲུལ་བར་མི་བྱའོ། །དེ་ཡང་སྔ་མ་ལ་ནྱཱ་ཡ་མུ་ཁ་དང་། ཕྱི་མ་ལ་ནྱཱ་ཡ་པྲ་བེ་ཤ་སྟེ། རིགས་སྒོ་དང་རིགས་པར་འཇུག་པ་གཉིས་གཅིག་ཏུ་འཁྲུལ་བའི་ནོར་བ་ནི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་གཟིགས་ནས་བསལ་བར་མཛད།།
སློབ་དཔོན་སེམས་དཔའ་རྡོ་རྗེ་མཆོག་གིས་མཛད་པའི་ཚད་མ་རིགས་པ་ལ་འཇུག་པའི་དཀའ་གནས་གསལ་བའི་ཟླ་ཟེར་ལས[17]། རིགས་འཇུག །རིགས་པ་ལ་འཇུག་པ་འདི་སློབ་དཔོན་གྱི་གཞུང་རྣམས་ལས་ལུས་ཀྱི་ཚུལ་དུ་གཞུང་ཚན་ཤིན་ཏུ་ཆུང་སྟེ་འདི་ལ་ཡི་གེའི་རྐང་གྲངས་ ༢༩༣༢ ལས་མེད་ཅིང་། ཤླཽ་ཀའི་དབང་དུ་བྱས་ན་ཤླཽ་ཀ་ ༩༡ དང༌། ཡི་གེ་རྐང་པ་ ༢༠ ཙམ་ཞིག་ཡོད་ལ། བརྗོད་བྱ་དོན་གྱི་ཆ་ནས་འདི་ནི་ཤིན་ཏུ་རྒྱ་ཆེ་བ་ཡིན་ཏེ། སེང་བཟང་གི་འགྲེལ་པར་འདིས་འཇིག་རྟེན་ཡོངས་སུ་ཁྱབ་པའི་རིགས་པ་རྗེས་སུ་བསྟན་པར་རྒན་པོས་བཤད་པར་གསུངས་སོ།[18] །གཞུང་འདི་དེ་སྔ་བོད་ལ་བསྒྱུར་མེད་པ་ལ། དུས་ཕྱིས་ཕྱི་ལོ་བརྒྱ་ཕྲག་བཅུ་བཞི་བཅོ་ལྔ་ཙམ་གྱི་ནང་ཁ་ཆེའི་པཎྜི་ཏ་ཐམས་ཅད་མཁྱེན་པ་དཔལ་སྲུང་དང་། སྟོན་གཞོན་གྲགས་པ་རྒྱལ་མཚན་པ་ (ཕྱི་ལོ་ 1378-1388) གྱིས་རྒྱ་གར་གྱི་དཔེ་ལས་བོད་སྐད་དུ་བསྒྱུར། ཡང་རྒྱ་ནག་གི་དགེ་བཤེས་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་སྔར་རྒྱ་ནག་གི་ལོ་ཙཱ་བ་སིང་གྱང་འཇུ་དང༌། སྟོན་གཞོན་གྲགས་པ་རྒྱལ་མཚན་གྱིས་རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་བ་ལ་སླར་ཞུ་ཆེན་བྱ་བ་གཉིས་བསྟན་འགྱུར་དུ་བཞུགས། དེ་ལ་བརྟགས་ན་དེ་སྔ་གཞུང་འདིའི་འཆད་ཉན་རྒྱ་ནག་དང་། བོད་གཉིས་ཀར་དར་བར་མངོན་ལ། འོན་ཀྱང་འདི་ལ་རྒྱ་བོད་གཉིས་ཀའི་ཕྱོགས་ནས་འགྲེལ་པ་འགྲེལ་བཤད་སོགས་གང་ཡང་ཡོད་པ་མི་མངོན་ཞིང་། བར་ལམ་འདིའི་འཆད་ཉན་ཡང་ཡུལ་གཉིས་ཀར་ཉམས་པ་ལྟར་སོང་བར་མངོན། ཞེས་བྱུང་བ་ལྟར་རོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༦ ལྡེབ་ ༨༨བ༥ ནས་ ༩༣ན༡ བར་ཡིག་ཕྲེང་ ༦༠ ཚེག་ཁྱིམ་ ༣༣༧༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༨ ལྡེབ་ ༡༨༤བ༦ ནས་ ༡༨༩ན༧ བར་ཡིག་ཕྲེང་ ༧༤ ཚེག་ཁྱིམ་ ༣༣༨༠། ག༽ སྣང་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༨ ལྡེབ་ ༡༨༨ན༤ ནས་ ༡༩༣ན༧ བར་ཡིག་ཕྲེང་ ༧༤ ཚེག་ཁྱིམ་ ༣༣༧༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༦ ལྡེབ་ ༨༨བ༢ ནས་ ༩༢བ༦ བར་ཡིག་ཕྲེང་ ༦༡ ཚེག་ཁྱིམ་ ༣༣༧༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༤༥༣ ནས་ ༤༦༣ བར་བཞུགས་པ་བཅས་སོ།།
༡༩༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། ཧེ་ཏུ་ཙཀྲ་ཧ་མཱརྠ། བོད་སྐད་དུ། (ཕྱོགས་ཆོས་དགུའི་འཁོར་ལོ་ཞེས།) གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ཟ་ཧོར་གྱི་མཁས་པ་བོ་དྷི་ས་ཏྭ་དང༌། དགེ་སློང་དྷརྨ་ཨཱ་ལོ་ཀས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
སློབ་དཔོན་ཕྱོགས་ཀྱི་གླང་པོས་གཏན་ཚིགས་འཁོར་ལོ་ལྗགས་རྩོམ་མཛད་རྗེས་གལ་ཆེན་ཐོག་མ་དང་། བླ་མའི་རྩོད་པ་སྒྲུབ་པའི་རམ་འདེགས་ཉིད་དུའང་འགྲོ་བར་བཤད་ལ། ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྩོད་པ་སྒྲུབ་པས་སློབ་དཔོན་ཕྱོགས་གླང་གི་རིགས་སྒོར་ཡང་ཤུགས་རྐྱེན་ཐེབས་ཚུལ་མཁས་པ་ལ་ལས་བཤད་ཅིང་། རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་པོས་རང་ཉིད་ཀྱི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྩོད་རིག་གི་གཞུང་ལུགས་ལ་འགྲེལ་པ་མཛད་ཅིང་། རང་ཉིད་ཀྱིས་ཕྱི་རོལ་པའི་ལྟ་བ་རྣམས་ཞིབ་ཏུ་བརྟག་པའི་བསྟན་བཅོས་མཛད་པ་སྟེ། ནང་པའི་གཏན་ཚིགས་རིག་པའི་མཐིལ་དུ་གྱུར་པའི་ཚུལ་གསུམ་ལ་ལེགས་པར་བརྟགས་ཤིང་། བརྟགས་པའི་གྲུབ་དོན་དུ་གཏན་ཚིགས་འཁོར་ལོ་ཡིན་པར་བཤད། དེས་ན་སློབ་དཔོན་ཕྱོགས་ཀྱི་གླང་པོའི་རྣམ་དཔྱོད་ལས་འཁྲུངས་པའི་གཏན་ཚིགས་འཁོར་ལོ་གཅིག་པུར་བསམས་ཀྱང་སློབ་དཔོན་ཕྱོགས་གླང་ནི་ཕྱོགས་དུས་ཀུན་ན་འགྲན་ཟླ་བྲལ་བ་ཞིག་ཡིན་པ་རང་ཤུགས་སུ་རྟོགས་པར་འགྱུར་རོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༧ ལྡེབ་ ༩༣ན༧ ནས་ ༩༣ན༧ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༤༥ ཚེག་ཁྱིམ་ ༣༨༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༩ ལྡེབ་ ༡༨༩ན༧ ནས་ ༡༩༠ན༤ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༦༨ ཚེག་ཁྱིམ་ ༡༢༩༣། ག༽ སྣང་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༩ ལྡེབ་ ༡༩༣ན༧ ནས་ ༡༩༤བ༢ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༦༨ ཚེག་ཁྱིམ་ ༡༢༩༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༧ ལྡེབ་ ༩༢བ༦ ནས་ ༩༣ན༧ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༤༥ ཚེག་ཁྱིམ་ ༣༨༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༤༦༥ ནས་ ༤༦༨ བར་བཞུགས་པ་བཅས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༡༩༩༥ ལོ། ཤོག་གྲངས་ ༢༩
[2] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་ ༡༠༧
[3] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༥༤
[4] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ ༡༩༩༥ ལོ། ཤོག་གྲངས་ ༢༣༤
[5] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༡༩༩༥ ལོ། ཤོག་གྲངས་ ༤༢༤
[6] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༨༣
[7] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༨༣
[8] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༨༤
[9] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༨༤
[10] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༡༩༩༥ ལོ། ཤོག་གྲངས་ ༤༥༡
[11] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༨༤
[12] སིང་གྱང་ཇུ་ནི། ཕྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའི་རྒྱ་ནག་གི་དགེ་བཤེས་ལོ་ཙཱ་བ་ཞིག་སྟེ། ཁོང་གི་མཚན་ལ་རྒྱ་བོད་ཡིག་ཚང་ཆེན་མོའི་ནང་དུ་ཧུ་གྱང་ཇུ་དང་། ཤཱཀྱ་རིན་ཆེན་སྡེའི་ཡར་ལུང་ཇོ་བོའི་ཆོས་འབྱུང་དུ་བའུ་གྱང་ཇུ་ཞེས་བྲིས་ཡོད། ཕྱིས་ཀྱི་མཁས་པ་དག་གིས་དེ་དག་གཞིར་བཟུང་ནས་རྒྱ་ཡིག་ལ་ (胡将祖) དང་ (释向觉) སོགས་སུ་བསྒྱུར་འདུག །ལོ་ཙཱ་བ་འདི་ཉིད་ཀྱིས་ཕྱི་ལོ་ ༡༢༨༥ ལོར་འབུ་ཤིང་ཀུན་ཏུ་ཐང་ཡིག་གསར་མ་ལས་ཐུ་བྷོད་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བར་མ་ཟད། ཁོང་གིས་ལོ་ཙཱ་བ་བཙུན་པ་སྟོན་གཞོན་དང་མཉམ་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པའང་བོད་སྐད་དུ་བསྒྱུར། ཞེས་ (བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་ ༧༧༩) གསལ་ལོ།།
[13] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༨༤
[14] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༢
[15] རིགས་པ་ལ་འཇུག་པའི་མདོ། ཝཱར་ཎ་ཆེས་མཐོའི་སློབ་ཁང་། ༡༩༨༣ ལོ། ཤོག་གྲངས་ ༧༩
[16] ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༩༠༦
[17] དཀའ་གནས་གསལ་བའི་ཟླ་ཟེར། ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༡༩༩༦ ལོ། ཤོག་གྲངས་ ༧
[18] རིགས་འགྲེལ། ཝཱར་ཎ་མཐོ་སློབ་པར། ༡༩༨༢ ལོ། ཤོག་གྲངས་ ༦༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༩ ནས་ ༣༧༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།