ཆ༽ ཕྱོགས་གླང་གིས་བརྗོད་དུ་མེད་པའི་བདག་བཙལ་ཚུལ།

ཆ༽ བརྗོད་དུ་མེད་པའི་བདག་བཙལ་ཚུལ།

 

དེ་ཡང་ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་སློབ་དཔོན་ཕྱོགས་གླང་གི་བསྟོད་པ་ལས[1]།

མཁན་པོའི་གསུང་བཞིན་བརྗོད་མེད་བདག་སྒོམ་སླད། །

ངོ་མཚར་སྤྱོད་པ་བསྟན་ལ་ཕྱག་འཚལ་ལོ། །

གྲོགས་ཀྱིས་དེ་ཚུལ་ཞུས་པ་མཁན་པོ་ཡིས། །

རང་ལུགས་སུན་འབྱིན་གནས་ནས་དབྱུང་བའི་བཀའ། །

རིགས་པས་བཟློག་པར་ནུས་ཀྱང་འོས་མིན་པར། །

དགོངས་ནས་སྤྱི་བོས་བླངས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་རབ་ཏུ་བྱུང་རྗེས་མཁན་པོ་དེ་ཉིད་ལས་སངས་རྒྱས་ཀྱི་གསུང་རབ་སྤྱི་དང་། ལྷག་པར་གནས་མ་བུ་པའི་[2]གཞུང་ལུགས་མན་ངག་དང་བཅས་པར་གསན་སྦྱོང་ལེགས་པར་མཛད་ཅིང་། ནམ་ཞིག་གི་ཚེ་སྤོང་བ་བསམ་གཏན་གྱི་གདམས་ངག་ཞུས་པ་ན། མཁན་པོས་བརྗོད་དུ་མེད་པའི་དོན་སྒོམས་ཤིག །ཅེས་གསུངས་ནས་སྡེ་པ་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་གདམས་ངག་རྣམས་དང་། ཁྱད་པར་བརྗོད་དུ་མེད་པའི་བདག་ (རྟག་མི་རྟག་དང་། ཕུང་པོ་དང་གཅིག་ཐ་དད་སོགས་གང་དུ་ཡང་བརྗོད་དུ་མེད་ཅིང་། ཕུང་པོ་མ་ཡིན་པའི་བདག) སྒྲུབ་པའི་རིགས་པ་དང་། མན་ངག་རྣམས་བསྟན་པས་སློབ་དཔོན་གྱིས་དེ་ལ་མ་རང་བའི་ཚུལ་མཛད་པར་བརྟེན། མཁན་པོ་ཐུགས་མ་མཉེས་ཏེ། དེ་ནས་གཞན་དུ་ཕེབས་དགོས་བྱུང་ངོ་།།

དེ་ཡང་སྔོན་གྱི་གཏམ་རྒྱུད་ལས་བྱུང་བ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། མཁན་པོ་དེ་ཉིད་ལ་གདམས་ངག་ཞུས་པས། བརྗོད་དུ་མེད་པའི་བདག་འཚོལ་བའི་གདམས་པ་བྱིན་ནོ། །དེར་རྣམ་པར་བརྟགས་ཤིང་བཙལ་ན་ཡོད་པར་མ་མཐོང་སྟེ། ཉིན་མོ་སྐར་ཁུང་ཐམས་ཅད་བསལ། མཚན་མོ་ཕྱོགས་བཞིར་མར་མེ་བཏང་སྟེ། ལུས་གཅེར་བུར་ཕྱུང་ནས་ཕྱི་ནང་ཀུན་ཏུ་ཡང་བལྟས་སོ། །དེ་ལྟར་བྱེད་པ་གྲོགས་ཀྱིས་མཐོང་ནས་མཁན་པོ་ལ་བཤད་པས་མཁན་པོས་ཀྱང་དྲིས་པ་ན། བདག་ནི་བློ་རྟུལ་ཞིང་བློ་གྲོས་དམན་པས་མཁན་པོས་བསྟན་པའི་དེ་ཉིད་གང་ཡིན་པ་དེ་ནི་བདག་གིས་མི་མཐོང་སྟེ། དེའི་ཕྱིར་སྒྲིབ་བྱེད་ཀྱིས་བསྒྲིབས་སམ་སྙམ་དེ་ལྟར་བྱས་ནས་བལྟ་བ་ཡིན་ཟེར། དོན་གྱིས་དེ་འགོག་པར་བྱེད་པའི་རིགས་པ་རྣམས་ཀྱང་བསྟན་པས། མཁན་པོ་ཁྲོས་ཏེ། ཁོ་བོའི་གྲུབ་མཐའ་ལ་ཟུར་ཟ་བ་ཁྱོད་མ་འདུག་ཅིག་ཅེས་སྐྲོད་པའི་གནས་མ་ཡིན་པར་བསྐྲད་པ་ན། དེ་ཉིད་དུ་རིགས་པས་སུན་དབྱུང་བར་ནུས་མོད་ཀྱི། འོས་མ་ཡིན་པས་ཕྱག་བཙལ་ནས་ཕྱིར་བྱོན། ཞེས་གསུངས་སོ།།

དེ་བཞིན་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས་[4]ཀྱང་། དབྱིག་གཉེན་གྱི་སློབ་མ་ཚད་མ་རང་ལས་མཁས་པ་དཔལ་ལྡན་ཕྱོགས་ཀྱི་གླང་པོ་ནི། རིགས་བྲམ་ཟེ་ལ་གནས་མ་བུ་བའི་སྡེ་པའི་མཁན་པོ་ཞིག་ལས་རབ་ཏུ་བྱུང་སྟེ། སྒྲ་ལ་སོགས་པ་ཐ་སྙད་ཀྱི་གཙུག་ལག་ལ་ལེགས་པར་སྦྱངས་ཏེ། མཁན་པོ་ལ་སྤོང་བ་བསམ་གཏན་གྱི་མན་ངག་ཞུས་པས། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་སྒོམས་ཤིག་གསུངས་ནས་བསྒོམས་པས་བདག་མ་རྙེད་ནས། ཕྱི་ནང་གི་སྒྲིབ་པས་བསྒྲིབས་སམ་སྙམ་ནས་ཕྱོགས་བཞིར་མར་མེ་ཆེན་པོ་སྤར། ལུས་གཅེར་བུར་ཕྱུང་། མིག་བགྲད་དེ་ཕྱོགས་བཅུར་བདག་བཙལ་ཡང་མ་རྙེད་དོ། །དེའི་ཚེ་སྤྱོད་ལམ་དེ་ལྟར་བྱེད་པ་གྲོགས་ཀྱིས་མཐོང་ནས་མཁན་པོ་ལ་ཞུས་ནས། མཁན་པོས་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད་དྲིས་པས་བདག་ཚོལ་ལོ་ཞེས་སོ། །ཁྱོད་རང་གི་གྲུབ་མཐའ་སུན་འབྱིན་པར་འདུག་པས་སོང་ཞིག་ཟེར་བ་དང་། མཁན་པོ་དེ་ཉིད་དུ་རིགས་པས་སུན་དབྱུང་ནུས་མོད་ཀྱི། འོས་མ་ཡིན་ནོ་སྙམ་སྟེ་རིམ་གྱིས་བྱོན་ཏེ་སློབ་དཔོན་དབྱིག་གཉེན་ཅན་བྱོན་ཏེ། ཐེག་པ་གསུམ་ལ་མཁས་པར་སྦྱངས་ཤིང་། ཁྱད་པར་རྣམ་རིག་པའི་གྲུབ་མཐའ་དང་ཚད་མ་ལ་མཁས་པར་གྱུར་ཏོ། །ཞེས་གསུངས་པ་ལྟར་རོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། གསུང་འབུམ། ༼ཉ༽ ཤིང་དཔར། ཤོག་ ༡༩བ༡

[2]  གནས་མ་བུ་ནི་རང་སྡེ་བྱེ་བྲག་སྨྲ་བའི་གྲུབ་མཐའ་ལ་རྩ་བའི་སྡེ་བཞི་དང་གྱེས་པ་བཅོ་བརྒྱད་དུ་དབྱེ་བའི་ནང་གི་མང་བཀུར་བའི་སྡེ་ལ་གསུམ་དུ་ཕྱེ་བའི་ཡ་གྱལ་ཞིག་ཡིན་ཅིང་། གནས་པའི་རིགས་ཉིད་ཀྱི་བུད་མེད་ནི་གནས་མ་ཡིན་ལ། དེའི་བུ་ཡིན་པས་གནས་མ་བུ་བ་ཞེས་བརྗོད། ལུགས་འདིས་བརྗོད་དུ་མེད་པའི་གང་ཟག་གི་བདག་ཅིག་ཁས་ལེན་པས་ན་ནང་པའི་གྲུབ་མཐའ་སྨྲ་བ་ཡིན་མིན་ལ། མཁས་པ་རྣམས་ཀྱི་འཆད་ཚུལ་མི་མཐུན་པ་དུ་མ་ཞིག་བྱུང་བ་ལས། གནས་མ་བུ་པའི་སྡེ་པ་རྣམས་ཀྱིས་བདག་ཕུང་པོ་ལས་ངོ་བོ་ཐ་དད་དུ་བརྗོད་ན་མུ་སྟེགས་པས་འདོད་པའི་བདག་ལྟར་འགྱུར་བ་དང་། ཕུང་པོ་མ་བཟུང་བར་བདག་བཟུང་དུ་ཡོད་པར་ཐལ་བ་དང། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པར་གསུངས་པ་དང་ཡང་འགལ་བར་མཐོང་སྟེ་བདག་ཕུང་ངོ་བོ་ཐ་མི་དད་པར་འདོད། དེ་གཉིས་ངོ་བོ་གཅིག་ཏུ་བརྗོད་ནའང་ཕུང་པོ་འཇིག་ན་བདག་ཀྱང་འཇིག་པར་ཐལ་བ་དང། བདག་དུ་མར་འགྱུར་བ་སོགས་ཀྱིས་གནོད་པ་དང། མདོ་དང་ཡང་འགལ་བར་མཐོང་སྟེ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་གང་ཟག་གམ་བདག་ནི་བརྗོད་དུ་མེད་པ་བརྟེན་པ་མཛེས་ཞེས་ཟེར། ཚད་མའི་དེ་ཉིད་ལས། མུ་སྟེགས་པ་ལྟར་ཐལ་འགྱུར་ཕྱིར། །གང་ཟག་ཕུང་པོ་ལས་གཞན་ཡིན། །དུ་མ་སོགས་འགྱུར་ཕྱིར་དེ་ཉིད། །མ་ཡིན་དེ་ཕྱིར་བརྗོད་མེད་ལེགས། །ཞེས་གསུངས་པ་ལྟར་རོ། །དེས་ན་གནས་མ་བུ་པ་ལ་སོགས་པའི་མང་བཀུར་སྡེ་ལྔས་བདག་བརྗོད་དུ་མེད་པར་ཁས་ལེན་ཅིང། ཕྱག་རྒྱ་བཞིའི་ནང་ཚན་གྱི་ཆོས་ཐམས་ཅད་བདག་མེད་ཅེས་པའི་བདག་མེད་ནི་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པའི་བདག་མེད་ལ་བྱེད་དགོས་པས། དེ་ནི་གནས་མ་བུ་པ་ལ་སོགས་པའི་མང་བཀུར་སྡེ་ལྔས་ཀྱང་ཁས་ལེན་ཞིང་། བདག་མེད་པར་འདོད་པས། ཐུབ་པའི་ལུགས་གཅེས་པར་འཛིན་པའི་བྱེ་མདོ་ཀུན་དང་མཚུངས་ཤིང་གཞན་སྡེ་ནམ་ཡང་མིན་ནོ། །ཞེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༢༧ ཐོག་གསལ་ལོ།།

[3]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༦༤

[4]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༡༥༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༡ ནས་ ༢༥༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *