ཅ༽ དབྱིག་གཉེན་གྱི་གསུང་བཟང་མ་རྙེད་པའི་རིགས། ༡༽ སཱ་ལུ་ལྗང་པའི་མདོ་འགྲེལ།

ཅ༽ གསུང་བཟང་མ་རྙེད་པའི་རིགས།

༡༽ སཱ་ལུ་ལྗང་པའི་མདོ་འགྲེལ།

 

དེ་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[1]། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལ། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་དང་ཆོས་ཉིད་རྣམ་འབྱེད་གསུམ་གྱི་འགྲེལ་པ། རྣམ་བཤད་རིག་པ། ལས་སྒྲུབ་པའི་རབ་ཏུ་བྱེད་པ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། ཉི་ཤུ་པ་དང་། སུམ་ཅུ་པའི་རབ་བྱེད་དེ་པྲ་ཀ་ར་ཎ་སྡེ་བརྒྱད་དོ། །

ཁ་ཅིག་ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་མི་འདྲེན་པར་རྟེན་འབྲེལ་གྱི་མདོ་འགྲེལ་འདྲེན་ནོ། །རང་ལུགས་ལ་བརྒྱད་དུ་མ་ངེས་ཏེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལ། རྟེན་འབྲེལ་གྱི་མདོའི་འགྲེལ་པ་དང་། སཱ་ལུ་ལྗང་པའི་མདོའི་འགྲེལ་པ་དང་། མདོ་སྡེ་ས་བཅུ་པའི་འགྲེལ་པ་དང་། ཐེག་བསྡུས་ཀྱི་འགྲེལ་པ་དང་། རྗེས་དྲན་གསུམ་གྱི་འགྲེལ་པ་ལ་སོགས་པ་མང་པོ་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ།།

དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་[2]ཀྱང་། གཅུང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལ་མདོ་སྡེ་རྒྱན་དང༌། འབྱེད་གཉིས་ཏེ་གསུམ་གྱི་འགྲེལ་པ་དང༌། རྣམ་བཤད་རིག་པ། ལས་སྒྲུབ་པའི་རབ་བྱེད། ཕུང་པོ་ལྔའི་རབ་བྱེད། ཉི་ཤུ་པའི་རབ་བྱེད། སུམ་ཅུ་པའི་རབ་བྱེད་དེ་པྲ་ཀ་ར་ཎ་སྡེ་བརྒྱད་དུ་གྲགས་སོ། །དེ་ལྟར་བྱམས་ཆོས་སྡེ་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས། པྲ་ཀ་ར་ཎ་སྡེ་བརྒྱད་རྣམས་ལ་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ཞེས་གྲགས་སོ།།

གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལ་རྟེན་འབྲེལ་མདོ་འགྲེལ། སཱ་ལུ་ལྗང་པའི་མདོ་འགྲེལ། ས་བཅུ་པའི་མདོ་འགྲེལ། ཐེག་བསྡུས་ཀྱི་འགྲེལ་པ། རྗེས་དྲན་གསུམ་གྱི་འགྲེལ་པ་ལ་སོགས་པ་མདོ་དང་བསྟན་བཅོས་ཀྱི་འགྲེལ་པ་མང་དུ་ཡོད་དོ། །ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སཱ་ལུ་ལྗང་པའི་མདོའི་འགྲེལ་པ་ཞིག་ཡོད་པར་གསལ་ནའང་། སྡེ་དགེ་བསྟན་འགྱུར་དཀར་ཆག་ལྟར་ན། ༡ མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ་དང༌། ༢ འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ་བརྒྱ་ཕྲག་བཅུ་གཉིས་པ་གཉིས་དང་། ༣ སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འཕགས་པ་སཱ་ལུ་ལྗང་པའི་མདོ་སྡེའི་རྒྱ་ཆེར་འགྲེལ་པ་བཅས་གསུམ་ལས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སཱ་ལུ་ལྗང་པའི་མདོའི་འགྲེལ་པ་ཞིག་བསྟན་འགྱུར་དུ་མི་གསལ་ལ། ལོགས་སུ་བཞུགས་པའང་མ་རྙེད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱུད་སྡེ་སྤྱི་རྣམ། བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༩༩

[2] ལྕང་སྐྱ་གྲུབ་མཐའ་ལྷུན་པོའི་མཛེས་རྒྱན། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༡༠༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༥ ནས་ ༣༡༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *