ལ༽ མཁན་ཆེན་ཞི་འཚོའི་གསུང་གི་སྐོར།

ལ༽ མཁན་ཆེན་ཞི་འཚོའི་གསུང་གི་སྐོར།

 

དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ་ལས[1]། འཇམ་དཔལ་དབྱངས་ཀྱིས་རྗེས་གཟུང་བས། །རང་གཞན་གྲུབ་མཐའི་ཕ་རོལ་སོན། །ཟབ་མོའི་དོན་ལ་མངའ་བརྙེས་པ། །དཔལ་ལྡན་ཞི་བ་འཚོ་ལ་འདུད། །མགོན་དེས་གངས་ཅན་ཁྲོད་འདིར་རྒྱལ་བའི་བསྟན། །ཐོག་མར་ལེགས་པར་བཙུགས་ཚེ་ཀླུ་སྒྲུབ་ལུགས། །

ཕྱོགས་འདིར་དར་བའི་རྟེན་འབྲེལ་ལེགས་བསྒྲིགས་པས། །ད་རུང་དུ་ཡང་ཟབ་མོ་དབུ་མ་ལ། །མོས་པའི་ཕྱོགས་འཛིན་རྒྱུན་མ་ཆད་པར་བྱུང༌། །དེ་ཕྱིར་མཁས་པའི་དབང་པོ་དེ་ཡི་གཞུང༌། །བདག་ཅག་རྣམས་ཀྱིས་མི་ཉམས་སྤེལ་བ་ནི། །བཀའ་དྲིན་གཟོ་བའི་མཆོད་པ་བླ་མེད་ཡིན། །རྣམ་དཔྱོད་ནམ་མཁའི་ཁྱོན་ལྟར་མཐའ་ཡས་ཤིང༌། །དམིགས་མེད་བརྩེ་བའི་སྟོབས་ནི་ཤུགས་དྲག་པས། །ཡོངས་སུ་དྲངས་པའི་གཞུང་མཆོག་དབུ་མའི་རྒྱན། །འདི་ཡི་རིགས་པའི་དགའ་སྟོན་མྱོང་བ་ན། །སྐྱེ་བ་མང་པོར་རིགས་པའི་ལམ་དུ་ནི། །ངལ་བ་མང་བྱས་སྒྲུབ་དང་སུན་འབྱིན་ལ། །ལེགས་པར་བྱང་བའི་རྒོལ་བ་མཁས་མང་གི །གཙུག་ན་གཙུག་རྒྱན་ནོར་བུ་བཞིན་མཐོ་བས། །སྨྲ་བ་ངན་པའི་ཚོགས་རྣམས་མཐར་མཛད་པ། །འཕགས་པའི་ཡུལ་ནའང་ཆེས་དཀོན་འདི་འདྲ་ནི། །བོད་ཀྱི་རྗེ་རྒྱལ་བཙན་པོས་སྤྱན་འདྲོངས་པ། །ཨེ་མ་བདག་ཅག་བོད་འབངས་སྐལ་བཟང་ཞེས། །ཡིད་ནི་རྨད་བྱུང་བདེ་ལ་རོལ་བ་ཡིས། །ཡོངས་སུ་བསྐྱོད་པའི་གཞན་གྱི་དབང་གྱུར་པས། །མཁས་པའི་མཆོག་གྱུར་དེས་མཛད་རྒྱན་གྱི་ནི། །རྟོགས་དཀའི་གནས་ལ་བརྗེད་བྱང་མདོ་ཙམ་བྲི། །ཞེས་རྗེ་བདག་ཉིད་ཆེན་པོས་བསྔགས་པ་རྒྱ་ཆེར་མཛད་ལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་མཁན་སློབ་རྣམ་གཉིས་ཀྱི་མཛད་རྗེས་མདོར་བསྡུས་ལས་[2]ཀྱང་། མཁན་པོ་འདིས་མཛད་པའི་གསུང་རྩོམ་གྲས་བདེན་གཉིས་རྣམ་འབྱེད་ཀྱི་འགྲེལ་པ་དང་། དབུ་མ་རྒྱན། དེའི་འགྲེལ་པ་བཅས་ཡོད་པ་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་ནང་དུ་ཡོད་པ་གསུང་རབ་སྤྱིའི་དགོངས་པ་གནད་བསྡུས་ནས་སྟོན་པ་ཡིན་པར་རྒྱ་བོད་མཁས་པ་ཀུན་གྱིས་བསྟོད་བསྔགས་ཆེན་པོ་ཞུ་བ་ཞིག་ཡིན། ཞེས་གསུངས་པ་ལྟར་རོ།།

གཞན་ཡང་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་སྐོར་ནི། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་དེབ་སྔོན་གསར་མ་ལས[3]། དེ་ཡང་མཁན་ཆེན་ཞི་བ་འཚོ་ (Santaraksita c. 725-788)[4]དང་། སློབ་དཔོན་པདྨའི་ངང་ཚུལ་ (Kamalasila c. 740-795) གཉིས་ཀྱི་བཀའ་རྩོམ་དབུ་མའི་གཞུང་སོགས་ཤིན་ཏུ་ནས་མང་ཡང་འདིར་སྐབས་འབྲེལ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་གཉིས་ཀྱི་སྐོར་ཙམ་བརྗོད་ཀྱི་ཡིན། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་དཔེར་ལེའུ་ཉེར་དྲུག་དང་། བོད་འགྱུར་ལ་སྤྱོད་པ་བས་བཏགས་པའི་བདག་བརྟག་པ་དང་། སེར་སྐྱ་པས་ཀུན་ཏུ་བཏགས་པའི་བདག་བརྟག་པ་དང་། ནམ་མཁའི་གོས་ཅན་གྱིས་ཀུན་ཏུ་བཏགས་པའི་བདག་བརྟག་པ་དང་། ཨུ་པ་ནི་ཤ་དེ་ཀས་བཏགས་པའི་བདག་བརྟག་པ་དང་། གནས་མའི་བུས་བདག་བརྟག་པ་སྟེ་ལེའུ་ལྔ་བཅས་ལེའུ་སོ་གཅིག་བཞུགས། ཕྱི་ནང་གི་གྲུབ་མཐའི་འདོད་པ་ཟབ་ཅིང་རྒྱས་པར་བཀོད།

ལྷག་པར་འདིར་བཀོད་པའི་ཕྱི་རོལ་པའི་གྲུབ་མཐའི་རྣམ་གཞག་མང་པོ་ཞིག་དེ་ལྟར་སྟོན་པའི་བསྟན་བཅོས་ད་ལྟ་མ་བཞུགས་པས་ན་ཤིན་ཏུ་གལ་ཆེ།[5] དེ་ཁོ་ན་ཉིད་བསྡུས་པའི་རྒྱ་དཔེར་བྲིས་མ་གཉིས་བཞུགས་ཤིང་། གཉིས་ཀ་གཅེར་བུ་པའི་དགོན་པ་ནས་རྙེད། ཅིག་ཤོས་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་རྒྱ་དཔེ་བྲིས་མ་ལྔ་བཞུགས། དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ་གྱི་རྒྱ་དཔེར་ཞུ་ཆེན་ལན་གཉིས་གནང་ཡོད་ཅིང་། གཉིས་ཀ་ཡང་རྩ་འགྲེལ་སྦྲགས་ནས་བཀོད་འདུག །པཎྜི་ཏ་ཀྲི་ཤན་མ་ཆརྱ་ཡིས་རྩ་འགྲེལ་གཉིས་ཀ་རྒྱ་དཔེ་བྲིས་མར་རེ་རེ་ལ་ཁུངས་བཅོལ་ནས་ཞུ་ཆེན་[6]དང་། དེ་རྗེས་པཎྜི་ཏ་ཤ་སྟྲིས་རྒྱ་དཔེར་ཞུ་ཆེན་[7] གནང་བར་རྗེས་སུ་ཡི་རང་གི་གནས་ལོས་ཡིན་མོད། འོན་ཀྱང་ཚད་ལྡན་ལོ་པཎ་ཟུང་འབྲེལ་ཐོག་ནས་བསྒྱུར་པའི་དཔྱད་གཞིར་མེད་ཐབས་མེད་པའི་བོད་འགྱུར་དང་མ་བསྡུར་བའི་རྒྱུ་མཚན་གྱིས་གོང་གི་ཞུ་ཆེན་གཉིས་ཀར་ཞུས་དག་ངེས་འདྲོངས་མ་ཐུབ་པར་མཁས་པས་ཐུན་མོང་དུ་གླེང་བཞིན་པ་འདི་ལགས། ལྷག་པར་དེ་ཁོ་ན་ཉིད་བསྡུས་པ་རྩ་བ་དང་། དཔྱོད་པ་བའི་སློབ་དཔོན་གཞོན་ནུ་མ་ལེན་ (Kumarila 650-700) གྱི་ཤོ་ལོ་ཀ་རྣམ་འགྲེལ་གཉིས་ཕན་ཚུན་བསྡུར་བའི་ཞིབ་དཔྱོད་ཀྱང་ཡོད།[8] སློབ་དཔོན་གཞོན་ནུ་མ་ལེན་གྱི་ཤོ་ལོ་ཀ་རྣམ་འགྲེལ་ནི། རྒྱ་གར་གྱི་མཚན་ཉིད་རིག་པའི་བསྟན་བཅོས་ཀྱི་ཚབ་མཚོན་ཡིན་པར་བརྟེན་ཚད་མའི་དེ་ཁོ་ན་ཉིད་བསྡུས་པར་ཚིགས་བཅད་ ༤༥༣ དྲངས་པར་མ་ཟད། པདྨའི་ངང་ཚུལ་གྱི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་དུ་ཚིགས་བཅད་ ༤༩ དང་། གཞོན་ནུ་མ་ལེན་གྱི་མཚན་ ༤༨ དྲངས་འདུག་ཅེས་གསལ་བ་ལྟར་རོ།།

ཞར་བྱུང་དུ་མཁན་ཆེན་གཤེགས་པའི་རྗེས་ཐོགས་ལ་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་ཤིང་། ལྷ་བཙན་པོས་སློབ་དཔོན་ཀ་མ་ལ་ཤཱི་ལར་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་པའི་ཆོས་དེ་ཇི་ལྟར་ཡིན་ཚུལ་བསྟན་བཅོས་ཤིག་མཛད་པར་ཞུས་པས་སྒོམ་རིམ་ཐོག་མཐའ་བར་གསུམ་དང་། དབུ་མ་སྣང་བ་ཞེས་བྱ་བ་བརྩམས་ཏེ་གནང་བའོ། །ཞེས་བྱུང་བས་དེ་ལྟར་དོན་ལ་སེམས་ན་ཀ་མ་ལ་ཤཱི་ལས་དབུ་མ་རྒྱན་གྱི་དཀའ་འགྲེལ་དེ་བོད་ལ་མཛད་པའི་གསལ་ཁ་གཏན་ནས་མི་སྣང་བས། ཀ་མ་ལ་ཤཱི་ལས་དཀའ་འགྲེལ་དེ་འཕགས་ཡུལ་དུ་མཛད་ཡོད་པ་དེ་ཤུགས་ལ་རྟོགས་ནུས། དེས་ན་ཞི་འཚོའི་དབུ་མ་རྒྱན་དེ་ཡང་འཕགས་ཡུལ་དུ་མཛད་ནས་སློབ་དཔོན་འདི་ཉིད་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཅེས་འཕགས་ཡུལ་དུ་གྲགས་པར་མངོན། དོན་དེ་ལ་དགོངས་ནས་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ (1846-1912) མཛད་པའི་མཁན་ཆེན་ཞི་འཚོའི་བསྟོད་པ་འཇམ་དཔལ་མ་ལས[9]།

རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཕྱིན། །དབུ་སེམས་ཟུང་འཇུག་ཤིང་རྟའི་ལམ་སྲོལ་ཕྱེས། །

འཕགས་པའི་ཡུལ་ན་ཉི་ཟླ་ལྟ་བུར་གྲགས། །བསྟན་པའི་རྒྱན་གཅིག་ཁྱོད་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་དང་། ཡང་དབུ་མ་རྒྱན་འགྲེལ་ལས། དེ་ལྟ་བུའི་སློབ་དཔོན་འདི་ཉིད་ཀྱིས་དབུ་མ་རྣལ་འབྱོར་སྤྱོད་པའི་ཤིང་རྟའི་སྲོལ་ཕྱེས་ཤིང་། པཎྜི་ཏ་ཐམས་ཅད་ཀྱི་ནང་ན་རྒྱལ་མཚན་གྱི་རྩེ་མོའི་ཏོག་ལྟར་གསལ་བར་བླ་ན་འཕགས་པ་ནི་མཁས་པའི་རྣམ་ཐར་མདོ་ཙམ་མོ།།

དེ་ལྟར་བདག་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མཁན་ཆེན་ཞི་བ་འཚོའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་བསྟོད་ཚོགས་དང་། རྒྱུད། དབུ་མ། སེམས་ཙམ། ཚད་མ་བཅས་སྡེ་ཚན་ཁག་ལྔའི་ཁྲོད་དུ་བཞུགས་པ་ལས། དང་པོ་བསྟོད་ཚོགས་ཀྱི་སྐོར་ལ་ཆོས་ཚན་གྲངས་གསུམ་དང་། གཉིས་པ་རྒྱུད་ཀྱི་སྐོར་ལ་ཆོས་ཚན་གྲངས་བརྒྱད། གསུམ་པ་དབུ་མའི་སྐོར་ལ་ཆོས་ཚན་གྲངས་གསུམ། བཞི་པ་སེམས་ཙམ་སྐོར་ལ་ཆོས་ཚན་གྲངས་གཅིག །ལྔ་པ་ཚད་མའི་སྐོར་ལ་ཆོས་ཚན་གཉིས་བཅས་ཁྱོན་བསྡོམས་ཆོས་ཚན་ཞལ་གྲངས་ ༡༨ བཞུགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རྗེའི་གསུང་འབུམ། དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རིང་གིས་གནང་བ། བླ་བྲང་པར་མ། དཔེ་རིང་། ཤོག་གྲངས་ ༡བ༡

[2]  དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཅ༽ དཔྱད་རྩོམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༥༧

[3]  དེབ་སྔོན་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༣༥༠

[4]  E. Frauwallner: Landmarks in the History of Indian Logic, Wiener Zeitschift fur die Kunde Sud-und (Ost)asiens V, 1961, ss. 141-144; Kleine Schriften, ss. 863-866.

[5]  H. Nakamura, A Note on Pre-Sankara Vedanta Philosophy-The Vedantic Portions of the Tattvasamgraha by Santaraksita, 1954; E. Frauwallner: Kumarila’s Brhattika, Wiener Zeitschift fur die Kunde Sud-und (Ost)asienss VI, 1962; E. Steinkellner, Die Literatur des alteren Nyaya, Wiener Zeitschift fur die Kunde Sud-und (Ost)asiens V, 1961; do; On the Date of the Naiyayika Sankarasvamin, Wiener Zeitschift fur die Kunde Sud-und asiens XXI, 1977.

[6]  E. Krishnamacharya ed; Tattvasangraha of Santaraksita with the Commentary of Kamalasila, 2 vols; Gaekward’s Oriental Series XXX; XXXI, Baroda, 1926; repr. 1984; 1988.

[7]  S. Dwarikadas Shastri ed: Tatvasangraha of Acarya Shantaraksita with the Commentary of Sri Kamalasila, 2 vols; Bauddha Bharati Series I, Varanasi, 1968. repr. 1981.

[8]  S. Dvarikadasa Sastri, Slokavarttika of Sri Kumarila Bhatta with the Commentary Nyayaratnakara of Sri Parthasarathi Misra, Prachyabharati Series-10 Varanasi, 1978, granthasya parisisto mash, pp. 104-123.

[9]  མི་ཕམ་རྒྱ་མཚོའི་གསུང་འབུམ། ༼ཝཾ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤༥བ༣ ནས་ ༤༧ན༡ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༥ ནས་ ༣༣༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *