༣) ཐོགས་མེད་སྐུ་མཆེད་ཀྱིས་ནཱ་ལེནྡྲའི་མཁན་པོ་མཛད་ཚུལ།
ཐོགས་མེད་སྐུ་མཆེད་ཀྱིས་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་ཚུལ་ནི། ཞོལ་བཀའ་འགྱུར་དཀར་ཆག་རྒྱས་པ་ལས[1]། སློབ་དཔོན་འདིས་སྐུ་ཚེའི་མཇུག་ཏུ་ནཱ་ལེནྡྲའི་མཁན་པོ་མཛད་དེ་ལོ་བཅུ་གཉིས་སུ་ནཱ་ལེནྡྲ་བསྐྱངས་ཏེ་བསྟན་པའི་བདག་པོ་མཛད། ཅེས་གསུངས་པ་ལྟར་འཕགས་པ་ཐོགས་མེད་ (395-470) ཀྱིས་ནཱ་ལེནྡྲའི་མཁན་པོ་མཛད་པར་གསལ་ལ།
དེ་བཞིན་གཞན་ཕན་ཆོས་ཀྱི་སྣང་བས་ (1871-1927) མཛད་པའི་སློབ་དཔོན་སངས་རྒྱས་གཉིས་པའི་རྣམ་ཐར་ཐར་ལམ་སྣང་བྱེད་ལས[2]། འཕགས་པ་ཐོགས་མེད་སྐུ་གཤེགས་པའི་རྗེས་སུ། ཤྲཱི་ན་ལེནྡྲའི་མཁན་པོ་མཛད་དེ་ཉིན་རེ་ཞིང་ཆོས་སྤྱོད་བཅུའི་བྱ་བ་ཆག་མེད་དང་། ཆོས་སྤྱོད་བཅུ་[3]ལ་བརྩོན་དགོས་པའི་ནང་ཁྲིམས་སུ་བཅད་དེ། བཀའ་དང་བསྟན་བཅོས་ཀྱི་གཞུང་ཆོས་ཐུན་ཉི་ཤུ་རེ་ཆག་མེད་དུ་གསུངས། ཕྱི་རོལ་གྱི་རྩོད་པ་ཐམས་ཅད་རིགས་ལམ་དྲི་མ་མེད་པས་སུན་ཕྱུང་ནས་མུ་སྟེགས་བྱེད་སྟོང་ཕྲག་ནང་པའི་གྲུབ་མཐའ་ལ་བཙུད། མ་ག་དྷར་ཆོས་གཞི་བརྒྱ་རྩ་བརྒྱད། ཨཽ་ཊི་བི་ཤར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས་སོ། །ཞེས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་གཅུང་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་ནཱ་ལེནྡྲའི་མཁན་པོ་མཛད་པར་གསུངས་སོ།།
དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། འཕགས་པ་ཐོགས་མེད་སྐུ་ཚེའི་སྨད་ཀྱི་དུས་ན་ནཱ་ལེནྡྲར་ལོ་བཅུ་གཉིས་བཞུགས་ཤིང་། སློབ་དཔོན་དབྱིག་གཉེན་ (400-480) དཔལ་ནཱ་ལེནྡྲར་རབ་ཏུ་བྱུང་ནས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་མཐའ་དག་བྱང་བར་བསླབས་[5]ཤིང་། འཕགས་པ་ཐོགས་མེད་སྐུ་འདས་པའི་འོག་ཏུ་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་པར་གསལ་ཞིང་། ལྷག་པར་སློབ་དཔོན་དབྱིག་གཉེན་གྱིས་ནཱ་ལེནྡྲར་ཡོ་ག་ཀ་ར་སློབ་གཉེར་ཁང་ཡང་གསར་འཛུགས་གནང་ཡོད་འདུག་པར་མ་ཟད། མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ (1939-2002) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[6]། རྒྱ་ནག་གི་མཁས་པ་ཕཧྱཱན་ཞེས་པ་དེ་གུཔྟའི་སྐབས་སུ་རྒྱ་གར་ལ་ཕེབས་པ་ཁོང་གིས་གསུངས་དོན། སངས་རྒྱས་ཀྱི་ཆོས་ནི་དབུས་ཨེ་ཤི་ཡཱ་དང་། རྒྱ་གར་བྱང་ནུབ་ཏུ་ཤིན་ཏུ་དར་རྒྱས་ཆེ་བ་ཡོད་པ་དང་། ཐེག་དམན་པ་རྣམས་ཐེག་ཆེན་པ་རྣམས་དང་མཐུན་པོ་བྱས་ནས་སྡོད་ཀྱི་འདུག་ཅེས་གསུངས། ཁོང་གིས་རྒྱ་གར་གྱི་ས་གནས་འགའ་ཤས་སུ་ནང་པ་སངས་རྒྱས་པའི་བསྟི་གནས་འགའ་ཤས་ཀྱི་གནས་སྟངས་ལ་བློ་ཁ་མ་ཁེངས་པའི་སྐོར་ཡང་བྲིས་འདུག་པ། དཔེར་ན། སེར་སྐྱའི་གྲོང་ནི་མི་མེད་ལུང་སྟོང་དུ་གྱུར་པ་ཡོད་པ་དང་། རྩྭ་མཆོག་གྲོང་ལ་ཡང་མི་གྲངས་ཉུང་ལ་ཁ་འཐོར་དུ་གནས་པ་དང་། མཆོད་གནས་པ་རྣམས་དང་འབྲེལ་ཡོད་ཉུང་ཤས་ཙམ་ལས་མི་འདུག །གཱ་ཡཱའི་གྲོང་ཁྱེར་ནི་ལྕགས་རིས་བསྐོར་བའི་ནང་མི་གྲངས་ཉུང་ཤས་གནས་ས་ཞིག་དང་། རྡོ་རྗེ་གདན་ནི་ནགས་ཚལ་གྱི་ལྗོངས་ལྟ་བུ་ཞིག་ཏུ་གྱུར་འདུག་ཅེས་གསུངས་འདུག །དེ་ལྟ་ན་ཡང་རྒྱ་གར་དུ་སངས་རྒྱས་པའི་ཆོས་ནུབ་མེད་ཅིང་། དཔལ་ནཱ་ལནྡཱ་ནི་སློབ་སྦྱོང་གི་བསྟི་གནས་སམ་གདན་ས་ལྟེ་བ་ཞིག་ཡིན་ལ། སློབ་དཔོན་དབྱིག་གཉེན་ལྟ་བུའི་ནང་པའི་མཁས་པ་དེ་ལ་ཡང་གུཔྟའི་རྒྱལ་པོ་ཚོས་སྦྱིན་བདག་ཞུས་ཏེ་ཆེ་བསྟོད་ཞུས། བྲམ་ཟེའི་རིག་བྱེད་ཆོས་ལ་ཡར་རྒྱས་ཕྱིན་པ་དེས་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་གནད་ཆུང་དུ་ཕྱིན་པ་ཡིན་ཞེས་ལོ་རྒྱུས་མཁན་ཚོས་བཞེད། ཅེས་ཕྱི་ལོ་ ༤༥༥ ནས་ ༤༦༧ བར་བྱོན་པའི་སྐནྡ་གུཔྟ་སྟེ་ཞི་བ་སྦས་པའི་ལོ་རྒྱུས་ཀྱི་སྐབས་སུ་གསལ་ལོ།།
མདོར་ན། ཐོགས་མེད་སྐུ་མཆེད་གཉིས་དང་། རྒྱལ་སྲས་འཕགས་ལྷ་དང་དངོས་སློབ་སྒྲ་གཅན་འཛིན། ཀླུ་སྒྲུབ་དང་དངོས་སློབ་སློབ་དཔོན་ཀླུ་བོས། ཀླུ་སྒྲུབ་ཀྱི་སློབ་དཔོན་གྲུབ་ཆེན་ས་ར་ཧ། དེ་དག་གི་གོང་རོལ་ཏུ་བྱོན་པའི་མཐོ་བཙུན་གྲུབ་སྐུ་མཆེད་བཅས་ཀྱི་གོང་རོལ་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས་ཟིན་པར་མ་ཟད། པཎ་གྲུབ་དེ་དག་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་མཛད་འཁུར་བཞེས་ཤིང་། བསྟན་འགྲོའི་མཛད་བཟང་རྨད་དུ་བྱུང་བ་བསྐྱངས་པའི་ཚུལ་དེབ་ཐེར་མང་པོར་གསལ་ཡང་འདིར་དཔེ་མཚོན་ཙམ་བཀོད་པའོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། ༼༡༠༧༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤༣༦
[2] གཞུང་ཆེན་བཅུ་གསུམ། དབྱིག་གཉེན་གྱི་རྣམ་ཐར། ཤིང་དཔར། དཔེ་གཟུགས། ཤོག་བུ་བཞི་ཅན། ༡-༤
[3] ཆོས་སྤྱོད་བཅུ་ནི། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་འཛིན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་བསྒོམ་པའོ།།
[4] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༠
[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༡
[6] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༧༧
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༩༣ ནས་ ༡༩༥ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།