ཅ༽ དགོན་སྡེའི་ཐོག་མ་དང་། སྒྲ་སྒྱུར་ལོ་ཙཱའི་གླིང་།

ཅ༽ དགོན་སྡེའི་ཐོག་མ་དང་། སྒྲ་སྒྱུར་ལོ་ཙཱའི་གླིང་།

 

དེ་ཡང་འཇམ་མགོན་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[1]།

འཇམ་དབྱངས་རྣམ་འཕྲུལ་མངའ་བདག་ཁྲི་ལྡེ་ཡིས། །མཁན་སློབ་སྤྱན་དྲངས་དཔལ་གྱི་བསམ་ཡས་བཞེངས། །

དམ་ཆོས་ཀུན་བསྒྱུར་བཤད་སྒྲུབ་སྡེ་ཆེན་བཙུགས། །ལྷ་སྲས་མཆེད་དང་ཁྱད་པར་ཁྲི་རལ་གྱིས། །

བསྟན་པ་བླར་སྤེལ་གསར་བཅད་ཞུས་ཆེན་མཛད། །རྒྱལ་བསྟན་གཞི་མ་དམ་ཆོས་འདུལ་བ་ནི། །

བསྟན་པའི་མངའ་བདག་མཁན་ཆེན་ཞི་བ་འཚོས། །སད་མི་མི་བདུན་ཐོག་མར་རབ་ཏུ་བྱུང༌། །

ཞེས་གསུངས་ལ། དེ་བཞིན་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) བཀའ་ཐང་སྡེ་ལྔ་ལས[2]། དེ་ནས་གདུང་རབས་ལྔ་ནས་ནི༔ འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་བྱོན༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བྲག་དམར་དཔལ་གྱི་བསམ་ཡས་བཞེངས༔ ཞེས་གསུངས་པ་ལྟར། ཕྱི་ལོའི་དུས་རབས་བརྒྱད་པའི་འགོར་རྒྱལ་རབས་སོ་བརྒྱད་པ་གཟུར་གནས་བློ་ལྡན་ཅན་གྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ (754-797) གྱི་སྐུ་དུས་སུ་སྔར་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གཞིགས་ཏེ་མི་རིགས་གཞན་གྱི་ཕུལ་བྱུང་ཆོས་རིག་རྣམས་ནང་འདྲེན་བྱ་རྒྱུ་ཤིན་ཏུ་གལ་ཆེར་གཟིགས་ནས། བོད་ཀྱི་དགོན་སྡེའི་ཐོག་མ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་མཛད་ཐོག །རབ་བྱུང་གི་སྡེ་སྲོལ་ཐོག་མར་གསར་བཙུགས་མཛད་པར་མ་ཟད། ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) བཀའ་ཐང་སྡེ་ལྔ་ལས[3]། ཟ་ཧོར་ཡུལ་ན་མཁས་པར་གྲགས་པ་ཡི༔ བོདྷི་ས་ཏྭ་བོད་དུ་གདན་དྲངས་ནས༔ ལོ་ཙཱ་མཁས་པ་སྐ་བ་དཔལ་བརྩེགས་ཀྱིས༔ མཁན་པོ་བོདྷི་ས་ཏྭའི་གསུང་བགྲོས་བསྒྱུར༔ ཞེས་དང་། ཨུ་རྒྱན་ཡུལ་དུ་མཁས་པར་གྲགས་པ་ཡི༔ པདྨ་འབྱུང་གནས་བོད་དུ་གདན་དྲངས་ནས༔ གསང་སྔགས་ཟབ་མོ་བདེ་གཤེགས་འདུས་པའི་ཆོས༔ མན་ངག་ཟབ་མོ་དཔག་མེད་གསུངས་པ་རྣམས༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་དང་༔ ལོ་ཙཱ་ཆེན་པོ་ལྡན་མ་རྩེ་མང་གིས༔ སྒྲ་སྒྱུར་རྒྱ་གར་གླིང་དུ་བསྒྱུར་ཅིང་བཀོད༔ རྒྱ་གར་ཡུལ་ན་ཆེ་ཞིང་མཁས་པ་ཡི༔ པཎ་ཆེན་བི་མཱ་མི་ཏྲ་གདན་དྲངས་ནས༔ ལོ་ཙཱ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་༔ སྐད་སྣ་བདུན་ལ་མཁས་པར་སྦྱངས་པ་ནི༔ གནུབས་ཀྱི་ལོ་ཙཱ་སངས་རྒྱས་ཡེ་ཤེས་ཀྱིས༔ རྒྱ་གར་མཁས་པའི་དམ་ཆོས་བོད་དུ་བསྒྱུར༔ གཞན་ཡང་སློབ་དཔོན་པདྨའི་ཞལ་སྔ་ནས༔ ལོ་ཙཱ་གནུབས་བན་ནམ་མཁའི་སྙིང་པོ་དང་༔ ལོ་ཙཱ་ཡེ་ཤེས་ཛྙཱ་ན་ཀུ་མཱ་ར༔ ལོ་ཙཱ་རིན་ཆེན་མཆོག་ལ་སོགས་པ་ཡིས༔ གསང་སྔགས་དོན་དམ་འབྲས་བུའི་དམ་ཆོས་བསྒྱུར༔ ཞེས་གསུངས་པ་ལྟར་རྒྱ་གར་འཕགས་ཡུལ་དང་། ཟ་ཧོར། ཨུ་རྒྱན་སོགས་ཡུལ་ལུང་དུ་མ་ནས་མཁས་གྲུབ་ལོ་པཎ་དུ་མ་གདན་དྲངས་ཏེ་སྒྲ་སྒྱུར་རྒྱ་གར་ལོ་ཙཱའི་གླིང་གསར་དུ་བཙུགས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་བཙན་པོའི་སྲིད་གཞུང་གི་སྒྲིག་གཞི་ལྡན་པའི་སྒྲ་སྒྱུར་ཁང་ཨང་དང་པོ་དེ་དངོས་སུ་དབུ་བརྙེས།

དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་མཁན་སློབ་རྣམ་གཉིས་ཀྱི་མཛད་རྗེས་མདོར་བསྡུས་ལས[4]། བོད་ལ་སངས་རྒྱས་ཀྱི་ཆོས་དར་རྒྱས་གོང་འཕེལ་བྱུང་བ་ལ་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་བོད་མི་རིགས་རང་གི་སྐད་དུ་བསྒྱུར་རྒྱུ་གལ་ཆེ་བར་དགོངས་ཏེ་བསམ་ཡས་སུ་སྒྲ་སྒྱུར་གྱི་ཆོས་དོན་ཁང་དང་། སློབ་གྲྭ་བཙུགས་པ་གནང་བ་དེ་ནི་བོད་དུ་ཡིག་སྒྱུར་གྱི་སློབ་གྲྭ་དང་། ཡིག་སྒྱུར་ཁང་བཙུགས་པའི་ཐོག་མ་དེ་ཡིན། ཞེས་གསུངས་པ་ལྟར་དགོན་སྡེའི་ཐོག་མ་དང་། སྒྲ་སྒྱུར་རྒྱ་གར་གླིང་གསར་དུ་འཛུགས་པར་མཛད་དོ།།

 

དེ་ཡང་བསམ་ཡས་སྒྲ་སྒྱུར་གླིང་ནི། མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་བསམ་ཡས་དགོན་པ་བཞེངས་རྗེས་མཁན་ཆེན་ཞི་བ་འཚོས་བོད་མིས་ཆོས་ཁྲིམས་སྲུང་ཐུབ་དང་མི་ཐུབ་བརྟག་པའི་ཆེད་དུ་སད་མི་བདུན་རབ་ཏུ་བྱུང་ནས་བསམ་ཡས་སུ་སྒྲ་སྒྱུར་རྒྱ་གར་གླིང་དུ་སྒྲ་སྒྱུར་ཁང་གསར་འཛུགས་མཛད་པ་ནི་བོད་གངས་ཅན་གྱི་ལྗོངས་སུ་སྒྲ་སྒྱུར་གྱི་ཆེད་ལས་འཛུགས་པའི་ཐོག་མ་ཡིན། སྒྲ་སྒྱུར་ཁང་དེར་སློབ་དཔོན་ཞལ་གྲངས་ ༡༣ དང༌། སློབ་མ་ ༢༥ ལས་སྒྲིག་འཛུགས་བྱས་པའི་ཆོས་ཀྱི་སློབ་གྲྭ་དངོས་སུ་བཙུགས་པ་ནི་སྲིད་གཞུང་གིས་གཉེར་བའི་ཆེད་ལས་སློབ་གྲྭའི་ཐོག་མ་ཡིན་ཅིང༌། སློབ་གྲྭ་དེ་སྒྲིག་འཛུགས་ཡོད་པ་དང༌། འགོ་ཁྲིད་ཡོད་པ། ལམ་ལུགས་ཡོད་པ། ཚད་གཞི་ཡོད་པ་བཅས་ཀྱི་སློབ་གྲྭ་ཡིན། ཡིག་སྒྱུར་ཁང་དང་། ཆོས་ལུགས་སློབ་གྲྭ་གཉིས་སྲིད་གཞུང་གིས་ཐད་ཀར་གཉེར་བ་དང་། ཚུགས་ཡུལ་གཏན་འཇགས་ཡོད་པ་ནི། སྐབས་དེར་སངས་རྒྱས་ཆོས་ལུགས་བོད་དུ་དར་ནས་དུས་ཡུན་རིང་པོ་སོང་མེད་པའི་ཐོག །ཆོས་བོན་གཉིས་བར་གྱི་འཐབ་རྩོད་ཀྱང་ཛ་དྲག་ཆེ་བའི་སྟབས་ཀྱིས་ཡིག་སྒྱུར་ཁང་དང་། ཆོས་ལུགས་སློབ་གྲྭ་གཉིས་སྲིད་གཞུང་གིས་ཐད་ཀར་གཉེར་དགོས་པ་བྱུང་བར་མ་ཟད། སློབ་མའི་མི་གྲངས་ཀྱང་ཡིག་སྒྱུར་ཁང་དང་ཆོས་ལུགས་སློབ་གྲྭ་གཉིས་བསྡོམས་ན་ཡང་མི་གྲངས་བཞི་བཅུ་མ་ལོང་ཙམ་ལས་མེད་པ་རེད། [5] ཅེས་གསལ་བ་ལྟར་རོ།།

ལྷག་པར་ (བཻ་རོ་ཙ་ན། སྐ་ཅོག་ཞང་གསུམ་སོགས།) དུས་རབས་དེར་ནང་བསྟན་ཆོས་ལུགས་བོད་གངས་ཅན་གྱི་ལྗོངས་སུ་ཐོག་མར་དར་བའི་དུས་སྐབས་ཡིན་པས། སྔར་ཡོད་བོན་ཆོས་ཀྱི་སྟོབས་ཤུགས་ཆེ་ཙམ་ཡོད་སྟབས་གསར་དུ་བསྒྱུར་བའི་ནང་བསྟན་ཆོས་ལུགས་བར་འཐབ་རྩོད་རྣོ་ངར་ཆེ་བས་བསྒྱུར་གྲྭ་ཁག་གསུམ་ཡོད་པ་སྟེ། ༡ ཤར་ངོས་མཁྱེན་རབ་གླིང་དུ་མཁས་པ་མི་བཞིས་སྨན་དང་རྩིས་གཞུང་ལུགས་བསྒྱུར་བ་དང་། ༢ ལྷོ་དཀྱིལ་ཨརྱ་པཱ་ལོ་གླིང་དུ་བོན་བསྒྱུར། ༣ ལྷོ་ནུབ་སྒྲ་སྒྱུར་རྒྱ་གར་གླིང་དུ་ནང་ཆོས་བསྒྱུར་བ་བཅས་བྱེད་དགོས་བྱུང་བར་གྲག།

ཡང་སྒོས་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) བཀའ་ཐང་སྡེ་ལྔ་ལས[6]།

ཆོས་རྒྱལ་འཇམ་དབྱངས་རྒྱལ་པོ་སྐུའི་སྤྲུལ་པ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ༔

ལོ་ཙཱ་པ་གོར་བཻ་རོ་ཙ་ན་བྱོན༔ རྒྱ་གར་ཐེག་ཆེན་དམ་ཆོས་བོད་དུ་བསྒྱུར༔

ཞེས་གསུངས་པ་ལྟར་སྒྲ་སྒྱུར་རྒྱ་གར་གླིང་དུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ལོ་པཎ་མང་དུ་འདུས་ནས་བཀའ་བསྟན་གཉིས་ཀྱིས་མཚོན་ཕྱི་ནང་བསྟན་བཅོས་ཀྱི་གཞུང་ལུགས་ཚར་དུ་དངར་བ་དུ་མ་བོད་ཡིག་ཏུ་བསྒྱུར་བའི་མཐོ་རླབས་གསར་པ་ཞིག་འཕྱུར་ཏེ། བོད་ཀྱི་སྒྲ་སྒྱུར་བྱ་གཞག་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཡར་ཟླའི་དཔལ་ལ་འགྲན་ཐུབ་པ་ལྟ་བུ་བྱུང་ཞིང་། དཀར་ཆག་ལྡན་དཀར་མར་འཁོད་པ་ལྟར་ན། སྐབས་དེར་མདོ་སྡེ་དང་། འདུལ་བའི་སྐོར་གྱི་ཆོས་ཚན་ཕལ་ཆེར་རིགས་ ༦༧༠ ཙམ་བསྒྱུར་བ་དང་། ནང་གསེས་དབྱེ་བ་ ༢༧ མཆིས། དེའི་ནང་རིགས་གཉིས་མ་གཏོགས་གཞན་ཐམས་ཅད་ལེགས་སྦྱར་སྐད་ཀྱི་མ་ཡིག་ལས་བསྒྱུར་བ་ཤ་སྟག་ཡིན། སྐབས་དེར་སྐད་གྲགས་ཅན་གྱི་ལོ་ཙཱ་བ་མང་པོ་འཁྲུངས་པ་དང་། བསྒྱུར་ཆོས་ཤིན་ཏུ་མང་བ་དང་། ཆེད་དམིགས་ཀྱི་སྒྲ་སྒྱུར་ལྟེ་གནས་བྱུང་བ། བསྒྱུར་ཚིག་གཅིག་གྱུར་བྱས་ནས་གཏན་ལ་ཕབ་པ། འགྱུར་བྱང་རྣམས་དཀར་ཆག་ཏུ་བསྒྲིགས་པ་སོགས་ཀྱིས་སྒྲ་སྒྱུར་གྱི་འཕྲིན་ལས་ཚད་ལྡན་ཅན་དང་། འཐུས་ཚང་ཅན་དུ་གོང་མཐོར་བཏང་།

དེའི་ཚུལ་ནི་བཀའ་ཐང་སྡེ་ལྔ་ལས[7]། བཀའ་དང་བསྟན་བཅོས་རྒྱ་གར་གྲགས་ཚད་བསྒྱུར༔ དམ་པ་ཆོས་ཀྱི་ཉི་མ་ཤར་བ་བཞིན༔ བོད་ཁམས་ཐམས་ཅད་ཀུན་ལ་ཐང་མར་བརྡལ༔ རྒྱལ་པོའི་མངའ་ཐང་སྟེང་འོག་དབུས་མཐར་རྒྱས༔ ཞེས་དང་། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[8]ཀྱང་། གཞན་ཡང་མངའ་བདག་རྒྱལ་པོས་བཀའ་སྩལ་པ། །ཚེ་འདིའི་བདེ་སྐྱིད་རྨི་ལམ་ཙམ་འདིས་བསླུ། །དེ་བས་གཏན་འདུན་བྱང་ཆུབ་སྒྲུབ་དགོས་གསུངས། །ཁྱེ་འུ་བློ་གྲོས་རྣོ་ཞིང་གསལ་བ་རྣམས། །བརྡ་སྤྲོད་སྐད་གཉིས་ལོ་ཙཱ་སློབ་ཏུ་བཅུག །ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། །དང་པོར་དད་པ་ཆེ་བའི་རྦ་ཁྲི་གཟིགས། །བོ་དྷི་ས་ཏྭས་མཁན་པོ་མཛད་ནས་ནི། །རབ་ཏུ་ཕྱུང་བས་མངོན་ཤེས་ལྔ་ལྡན་གྱུར། །བོད་ཀྱི་རིན་པོ་ཆེ་ཞེས་རྒྱལ་པོས་བཀུར། །བོད་མི་རབ་བྱུང་ཀུན་གྱི་ཐོག་མ་ཡིན། །དེ་སོགས་བོད་ལ་རབ་བྱུང་བཏུབ་བམ་ཞེས། །སད་པའི་མི་དྲུག་དང་པོར་བསྙེན་པར་རྫོགས། །ཕྱི་ནས་དགེ་སློང་དགེ་ཚུལ་རྒྱ་ཆེར་འཕེལ། །ཟ་ཧོར་ཁ་ཆེ་ཡུལ་དབུས་རྒྱ་སོགས་ནས། །པཎ་ཆེན་ཚད་ལྡན་མང་དུ་སྤྱན་དྲངས་ཏེ། །མཁས་པའི་ལོ་ཙཱ་དུ་མས་རྒྱ་དཀར་ནག །ལི་ཡུལ་སོགས་ནས་རྒྱལ་བའི་གསུང་རབ་ནི། །ཇི་སྙེད་བཞུགས་པ་ཕལ་ཆེར་བོད་དུ་བསྒྱུར། །རབ་བྱུང་རྣམས་ཀྱི་འཚོ་ཟླ་བླ་ནས་སྦྱར། །ཆབ་འོག་ནས་ཕྱུང་དབུ་ཡི་གཙུག་ཏུ་བཀུར། །ཞེས་དང་། སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས་ (དུས་རབས་18པ།) ཀྱིས་མཛད་པའི་གུ་བཀྲའི་ཆོས་འབྱུང་ལས་[9]ཀྱང་། དེ་རྗེས་བྲི་ཀ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོ་ལ་ཨཱ་ཙརྱ་བོ་དྷི་ས་ཏྭས་མཁན་པོ་མཛད་དེ་སད་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་ཀྱང་དད་པ་ཅན་དང་ཤེས་རབ་ཅན་སུམ་བརྒྱ་ཙམ་དང་། གཞན་མང་པོ་ཡང་རབ་ཏུ་བྱུང་ཞིང་། ཁྲི་སྲོང་གི་རིང་ལ་བོད་ཀྱི་ཡུལ་འདིར་ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་། ཡེར་པ་དང་ཆུ་བོ་རི་དང་མཆིམས་ཕུ་རྣམས་སུ་སྒོམ་གྲྭ་ཆེན་པོ་བཙུགས་ཏེ། ཡེར་པར་གྲུབ་ཆེན་བརྒྱ་དང་བརྒྱད། ཆུ་བོ་རིར་བརྒྱ་དང་བརྒྱད། ཆིམས་ཕུར་གྲུབ་ཆེན་ཉི་ཤུ་རྩ་ལྔ་རྣམས་ལས་དཔལ་གྱི་རྡོ་རྗེ་མ་གཏོགས་ཐམས་ཅད་ཀྱིས་འོད་ལུས་གྲུབ། རབ་བྱུང་ཐམས་ཅད་ཀྱི་འཚོ་བ་བླ་[10]ནས་སྦྱར། སློབ་དཔོན་གྱིས་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཀ་ཅོག་རྣམས་ལུང་བསྟན་ཅིང་། གཞན་ཡང་ལོ་ཙཱ་བ་བརྒྱ་རྩ་བརྒྱད་དང་། པཎྜི་ཏ་མང་པོ་སྤྱན་དྲངས་ནས། མཚན་ཉིད་ཀྱི་ཆོས་ཐམས་ཅད་དང་། བསྟན་བཅོས་ཀྱང་ཕལ་མོ་ཆེ་བསྒྱུར་ཅིང་ཉན་བཤད་ཀྱིས་གཏན་ལ་ཕབ། སྔགས་བླ་མེད་རྣམས་ཁྱབ་གདལ་དུ་བསྒྱུར་བར་མ་མཛད་པར་སྐལ་བ་དང་ལྡན་པ་དག་གིས་སྤྱད་བྱར་གནང་། ཞེས་གསལ་བ་ལྟར་རོ།།

པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་གྲགས་ཅན་གང་དག་བོད་སྐད་དུ་བསྒྱུར་ཡོད་པ་ནི། ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པའམ་པདྨ་བཀའ་ཡི་ཐང་ཡིག་ལས[11]། འཁོར་ལོ་གསུམ་གྱི་དགོངས་པ་འགྲེལ་པའི་ཕྱིར༔ མདོ་དང་མཐུན་པའི་བསྟན་བཅོས་འགྱུར་བྱང་ལ༔ བདེན་བཞི་ཉན་རང་ཐེག་པའི་བསྟན་བཅོས་ནི༔ འདུལ་བའི་གཞུང་འགྲེལ་རྣམ་པ་མང་པོ་དང་༔ དེ་དང་མཐུན་པའི་མདོ་འགྲེལ་མང་དུ་འགྱུར༔ བྱེ་བྲག་བཤད་མཛོད་ཆེན་མོའི་རྒྱ་དཔེ་བཞུགས༔ ཆོས་ཀྱི་ཕུང་པོ་གནས་བརྟན་ཤཱ་རིའི་བུས༔ གདགས་པའི་བསྟན་བཅོས་མཽངྒལ་གྱི་བུས༔ ཁམས་ཀྱི་ཚོགས་ནི་དགྲ་བཅོམ་གང་པོས་བྱས༔ རྣམ་པར་ཤེས་པའི་ཚོགས་ནི་ལྷ་སྐྱིད་ཀྱིས༔ སྒྲོལ་བའི་རྣམ་གྲངས་གསུས་པོ་ཆེ་ཡིས་བྱས༔ ཡེ་ཤེས་འཇུག་པ་ཀཱ་ཏྱཱ་ཡ་ནའི་བུས༔ དེ་ལྟར་ཆོས་མངོན་བསྟན་བཅོས་སྡེ་བདུན་དང་༔ དབྱིག་གཉེན་གྱིས་མཛད་ཕུང་པོའི་རབ་བྱེད་དང་༔ ཉི་ཤུ་པ་ཡི་རབ་ཏུ་བྱེད་པ་དང་༔ སུམ་ཅུ་པ་ཡི་རབ་ཏུ་བྱེད་པ་དང་༔ ལས་རྣམས་གྲུབ་པའི་རབ་ཏུ་བྱེད་པ་དང་༔ རྣམ་པར་བཤད་པ་རིག་པས་རང་རྒྱུད་ལྔ༔ ཆོས་མངོན་མཛོད་སོགས་གཞུང་འགྲེལ་མཐའ་ཡས་འགྱུར༔ ཐམས་ཅད་སྤྲོས་ན་ཡི་གེ་མངས་བས་བསྡུས༔ བྱང་ཆུབ་སེམས་དཔའི་ཐེག་པའི་བསྟན་བཅོས་ནི༔ དཔལ་མགོན་ཀླུ་སྒྲུབ་དབུ་མ་རིགས་པའི་ཚོགས༔ བསྟོད་པའི་ཚོགས་དང་གཏམ་ཚོགས་ལ་སོགས་དང་༔ ཨཱཪྻ་དེ་བའི་དབུ་མ་བཞི་བརྒྱ་པ༔ སློབ་དཔོན་བྷ་བྱའི་རྟོག་གེ་འབར་བ་དང་༔ སངས་རྒྱས་བསྐྱངས་ཀྱི་བུདྡྷ་པཱ་ལི་དང་༔ ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ༔ ཡེ་ཤེས་སྙིང་པོའི་བདེན་གཉིས་རྣམ་འབྱེད་དང་༔ སློབ་དཔོན་ཞི་བ་འཚོ་ཡི་དབུ་མ་རྒྱན༔ ཀ་མ་ཤཱི་ལའི་དབུ་མ་སྣང་བ་སོགས༔ རྟ་དབྱངས་མདོ་སྡེའི་སྐྱེས་རབས་སྙན་ངག་བཅས༔ དགྲ་བཅོམ་ཆོས་སྐྱབས་ཆེད་དུ་བརྗོད་པའི་ཚོམས༔ ཕྱོགས་ཀྱི་གླང་པོའི་རབ་བྱེད་བརྒྱ་རྩ་བརྒྱད༔ ཆོས་ཀྱི་གྲགས་པའི་སྡེ་བདུན་རྣམ་འགྲེལ་སོགས༔ དབང་སྡེ་རབ་ཏུ་འབྱེད་པའི་གཏན་ཚིགས་དང་༔ ཞི་བ་ལྷ་ཡི་སྤྱོད་འཇུག་བསླབ་བཏུས་སོགས༔ ཐོགས་མེད་ཀྱིས་བླངས་བྱམས་པའི་ཆོས་ལྔ་དང་༔ ས་སྡེ་ལྔ་དང་སྡོམ་གསུམ་ལ་སོགས་པ༔ ཐེག་པ་ཆེན་པོའི་བསྟན་བཅོས་མང་དུ་འགྱུར༔ ངེས་པ་དོན་གྱི་མདོ་སྡེའི་འགྲེལ་བཤད་ནི༔ ས་བཅུའི་འགྲེལ་པ་དབྱིག་གཉེན་མཛད་པ་དང་༔ པད་དཀར་འགྲེལ་པ་ས་ཡི་རྩ་ལག་དང་༔ དགོངས་འགྲེལ་ཊཱི་ཀ་བམ་པོ་དྲུག་ཅུ་སོགས༔ ཚད་ལྡན་མཁས་པའི་གཞུང་ལུགས་མང་དུ་འགྱུར༔ ཞེས་སོགས་བྱུང་བ་ལྟར་གཞུང་ལུགས་མང་དུ་བསྒྱུར་བར་མཛད་དོ།།

དེ་ལྟར་བོད་ཀྱི་བཙན་པོ་རིམ་བྱོན་གྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཕྲིན་ལས་ཀྱི་རྒྱུན་ལེགས་པར་བསྐྱངས་ཏེ། བོད་ཡིག་སྒྲ་སྒྱུར་བྱ་གཞག་ཟམ་མ་ཆད་པར་སྤེལ་ཞིང་། ལྷག་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྒྲ་སྒྱུར་གྱི་བྱ་བར་སྔར་ལྷག་མཐོང་ཆེན་གནང་སྟེ་སྒྲིག་འཛུགས་དང་། མི་རྒྱུ་དངུལ་དངོས་སོགས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་དང་མཐོང་ཆེན་དཔེ་མེད་མཛད་ནས། བསམ་ཡས་གཙུག་ལག་ཁང་དུ་ཆེད་དུ་སྒྲ་སྒྱུར་ལོ་ཙཱའི་གླིང་བཙུགས་པ་སོགས་ལ་བལྟས་ན། སྒྲ་སྒྱུར་གྱི་བྱ་གཞག་ནི་སྐབས་དེའི་བོད་རྒྱལ་ཁབ་ཀྱི་གལ་ཆེའི་དོན་ཆེན་ཞིག་ཏུ་ངོས་འཛིན་གནང་ཡོད་པ་ཤེས་ཐུབ།

དེ་བཞིན་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[12]། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་དང༌། རྨ་རིན་ཆེན་མཆོག་དང་གསུམ་ལ། གསེར་ཕྱེ་བྲེ་ཞི་གཅིག་བརྫངས་ནས་རྒྱ་གར་གྱི་འབྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་ནང་བཞུགས་པའི་ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་ཙཀྲ་ལ་གསེར་འདི་ཕུལ་ལ། ངའི་གསེར་ཕུལ་བའི་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་གཅིག་ཞུ་གྱིས་ལ། ལོ་ཙཱ་བ་ཁྱེད་གསུམ་གྱིས་སྤྱན་དྲོངས་ཤོག་གསུངས་ནས་བཏང་ངོ༌། །དེ་ནས་ལོ་ཙཱ་བ་གསུམ་གྱིས་འབྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་རྒྱལ་པོ་ལ་གསེར་ཕུལ་ནས་ཞུས་པ་ནི། ངེད་བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཏང་བ་ལགས། གསེར་ཕུལ་བའི་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་གཅིག་བརྫང་བར་ཞུ་ཡིན་གདའ་བས་གནང་བར་ཞུ་ཞེས་ལོ་ཙཱ་བ་གསུམ་གྱིས་ཞུས་པས། རྒྱལ་པོའི་ཞལ་ནས། འོ་ན་པཎྜི་ཏ་ལྔ་བརྒྱ་ནངས་པར་(ཚ་བ་ལ་)འདིར་ཚོགས་པའི་གྲལ་དུ་ཞུ་དགོས་གསུངས་ནས། རྒྱལ་པོས་ཀྱང་གསེར་གྱི་མཎྜལ་རེ་ཕུལ་ནས་ཞུས་པ། བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ང་ལ་སྐྱེས་སུ་གསེར་བསྐུར་ནས། དེའི་ལན་དུ་པཎྜི་ཏ་མཁས་པ་གཅིག་ཞུ་བྱ་བ་བྱུང་ནས་ལོ་ཙཱ་བ་འདི་གསུམ་སྤྱན་འདྲེན་དུ་བཏང་བ་ཡིན་པས། ཁྱེད་རྣམས་ཀྱི་ནང་ནས་ཕྱི་ནང་གི་ཆོས་ལ་མཁས་པ་གཅིག་གཤེགས་འཚལ་ཞེས་གསུངས་པས། པཎྜི་ཏ་ལྔ་བརྒྱའི་ནང་ན་མཁས་པ་ཆེན་པོར་གྱུར་པ། སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་གུང་གྲལ་ལ་བཞུགས་པས། གཡས་ཀྱི་པཎྜི་ཏ་ཕྱེད་དང་སུམ་བརྒྱ། གཡོན་གྱི་པཎྜི་ཏ་ཕྱེད་དང་སུམ་བརྒྱ་པོས། དབུས་ཀྱི་སློབ་དཔོན་བི་མ་ལ་མི་ཏྲ་ལ་སྤྱན་རེ་རེ་བལྟས་པས། དོན་གྱིས་སོང་ཞིག་པར་བསྐུལ་ནས། སློབ་དཔོན་བི་མ་ལ་མི་ཏྲ་བཞེངས་ཏེ། བོ་དྷི་ས་ཏྭ་དྷ་ཐིམ་ཞེས་ལན་གསུངས་པས། ལོ་ཙཱ་བ་གསུམ་པོ་ལ་གོ་བ་མི་འདྲ་བ་གསུམ་སྐྱེས་སོ། །འབྲོ་ཀ་བ་དཔལ་བརྩེགས་ཀྱི་གོ་བ་ལ། གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུས་མཐེབ་མཛུབ་རྩོལ་ཕོད་ན། །མདས་ཀྱང་འབེན་ངོར་ཕྱིན་པར་ནུས། །ཞེས་གསུངས་ནས་བཞུད་པར་གོ །རྨ་རིན་ཆེན་མཆོག་གི་གོ་བ་ལ། ཉག་ཐག་དག་ལ་བརྟེན་པའི་གྲུ། །སྐྱེས་བུའི་སྐྱ་བས་རྩོལ་ཕོད་ན། །གྲུས་ཀྱང་ཆུ་ལ་སྒྲོལ་བར་འགྱུར། །ཞེས་གསུངས་ནས་གཤེགས་པར་གོ །ལྕོག་རོ་ཀླུའི་རྒྱལ་མཚན་གྱི་གོ་བ་ལ། ཡོན་ཏན་དག་དང་ལྡན་པའི་མི། །རང་ཡུལ་མིན་པའི་ས་ཕྱོགས་སུ། །ལུས་ཀྱི་བུམ་པ་གར་འདྲེན་པ། །སེམས་ཀྱི་ཆུ་བོ་གཞན་དུ་འབོ། །ཞེས་གསུངས་ནས་གཤེགས་པར་གོ །དེ་ནས་རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱིས་བཀའ་ཕབ་ནས། སློབ་དཔོན་བི་མ་ལ་མི་ཏྲ་ལོ་ཙཱ་བ་གསུམ་གྱིས་སྤྱན་དྲངས་ནས་ཀ་བ་ལི་སོར་བཞི་པ་གཅིག་ལ་རྒྱ་ཡིག་བདུན་བྲིས་པ་ཞིག་བསྣམས་ནས་བྱོན་ནོ། །དེར་བསམ་ཡས་སུ་ཕྱག་ཕེབས། ཞེས་གསུངས་པ་ལྟར་རྒྱ་གར་དུ་ལོ་ཙཱ་སློབ་པར་བཏང་བ་དང་། བོད་དུ་སྒྲ་སྒྱུར་ལོ་པཎ་གླིང་བཙུགས་པ། འཕགས་ཡུལ་ནས་པཎྜི་ཏ་གདན་དྲངས་པ་སོགས་ཐབས་བརྒྱ་ཇུས་སྟོང་གི་མཛད་པ་བསྐྱངས་ཡོད། དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) བཀའ་ཐང་སྡེ་ལྔ་ལས[13]།

ལོ་པཎ་ཆེན་པོ་བརྒྱ་དང་རྩ་བརྒྱད་ཀྱིས༔ མདོ་སྔགས་བསྟན་བཅོས་མང་པོ་བོད་དུ་བསྒྱུར༔

ཐུབ་བསྟན་འཆད་གྲྭ་སྒྲུབ་བརྒྱུད་བསྟན་པ་བཙུགས༔ ཡོན་ཏན་ཅན་གྱིས་ས་ཡི་སྟེང་རྣམས་བཀང་༔

ཞེས་གསུངས་པ་ལྟར་སྐབས་དེར་རྒྱ་གར་འཕགས་ཡུལ་ནས་སྙན་གྲགས་ཅན་གྱི་ལོ་པཎ་ ༡༠༨ བོད་དུ་གདན་དྲངས་པ་དང་། བློ་རིག་བཀྲ་བའི་བོད་ཕྲུག་ ༡༠༨ ལ་ལོ་ཙཱའི་སློབ་སྦྱོང་སྤྲད་དེ། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་ལྷན་དུ་བཀའ་བསྟན་གསུང་རབ་བོད་དུ་བསྒྱུར་རྒྱུར་གཙིགས་ཆེན་མཛད་པས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བཻ་རོ་ཙ་ན་དང་། ལྡན་མ་རྩེ་མང་། ཁ་ཆེ་ཨ་ནན་ཏ་སྟེ་ལོ་ཙཱ་བ་རྒན་པ་གསུམ་དང་། གཉགས་ཛྙ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་ལོ་ཙཱ་བ་བར་པ་གསུམ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་ལོ་ཙཱ་བ་གཞོན་པ་གསུམ་བཅས་འཇིག་རྟེན་དུ་སྙན་གྲགས་ལྡིར་བའི་ལོ་ཙཱ་བ་ཆེན་པོ་དགུ་དང་། གཞན་ཡང་ཆོས་ཀྱི་སྣང་བ་དང་། བན་དེ་ནམ་མཁའ། སྒྲོན་རིན་ཆེན་སྡེ། རྣམ་པར་མི་རྟོག་པ། ཤཱཀྱ་འོད་ལ་སོགས་པ་ཕུལ་དུ་བྱུང་བའི་ལོ་ཙཱ་བ་བརྒྱ་ཕྲག་དུ་མ་བསྐྱེད་བསྲིང་གནང་ཞིང་། དེ་དག་གིས་ཀྱང་རང་སྐད་ཀྱིས་བསྟན་བཅོས་རྩོམ་པ་ལས་གཞན། ད་དུང་རྒྱ་གར། རྒྱ་ནག །ཁ་ཆེ། ཟ་ཧོར། ལི་ཡུལ་སོགས་ནས་བཀའ་དང་བསྟན་བཅོས་དུ་མ་བོད་སྐད་དུ་བསྒྱུར་ནས་བོད་ཀྱི་ཆོས་རིག་བང་མཛོད་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། སྒྲ་སྒྱུར་གྱི་ཐབས་ལམ་ལ་བརྟེན་ནས་གནའ་བོའི་རྒྱ་གར་གྱི་ཤེས་རིག་རྒྱུན་ཆད་མེད་པར་བོད་ཡུལ་དུ་དྲངས་པས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་རླབས་ཆེན་ཐོན་ཏེ་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་ཤེས་རིག་གི་ཚད་གཞི་ཇེ་མགྱོགས་སུ་ཕྱིན་པ་ཤིན་ཏུ་གསལ་ལོ།།

མདོར་ན། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་རྒྱུན་གྱི་རྣལ་འབྱོར་དང་དུས་ཀྱི་མཆོད་པར་དགོས་པའི་བཟོ་རྒྱན་ཚད་དང་དགོས་ཆ་གཏན་འབེབས་སུ་བྱས་པའི་དེབ་ཐེར་དངོས་གྲུབ་རྒྱ་མཚོ་ལས[14]། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུ་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས། མཁས་པའི་ཕུལ་དུ་ཕྱིན་པ་དང་། རྒྱལ་པོ་ཉིད་ཆབས་ཅིག་པར་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་རྒྱ་ཡིག་ལས་བཏུས་ཏེ་བོད་ཡིག་ལ་མཁོ་བ་རྣམས་གཏན་ལ་ཕབ། དགེ་བ་བཅུའི་ཁྲིམས་བཅས། སྤྲུལ་པའི་དགེ་སློང་ཨཱ་ཀ་ར་མ་ཏིས་བཅུ་གཅིག་ཞལ་དང་། འཇིག་རྟེན་དབང་ཕྱུག་ཡི་དམ་གྱི་ལྷར་གདན་དྲངས། རྒྱ་བལ་ནས་སྒྲོལ་མ་དང་ཁྲོ་གཉེར་ཅན་གྱི་སྤྲུལ་པའི་བཙུན་མོ་གཉིས་བསུས་པའི་རྟེན་སྐལ་དུ་ཇོ་ཤཱཀ་རྣམ་གཉིས་དང་བྱམས་པ་ཆོས་འཁོར་སོགས་ལེགས་བྱས་ཀྱི་ཞིང་དུ་ཕེབས། སྲིན་མོ་གན་རྒྱལ་དུ་བསྒྱེལ་བ་ལྟ་བུའི་ས་དགྲ་གནོན་བྱེད་ཀྱི་མེ་བཙར་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་བཅུ་གཉིས་བརྩིགས། ལྟེ་བར་ར་ས་འཕྲུལ་སྣང་དང་ར་མོ་ཆེའི་གནྡྷོ་ལ་རྟེན་བརྟེན་པར་བཅས་པ་ལུས་ཅན་མཐའ་དག་མཐོང་ཐོས་དྲན་དང་རེག་པས་རྣམ་པར་གྲོལ་བ་བཞེངས། ཐུ་མིས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་བ་སོགས་ཀྱིས་བསྟན་པའི་སྲོལ་བཏོད། དེ་ནས་མི་རབས་ལྔ་ན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་གཉིས་རིམ་པར་གདན་དྲངས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ། ས་གཞི་བྱིན་གྱིས་བརླབས་པས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཨོ་ཏནྟ་པུ་རིའི་དྲི་གཙང་ཁང་ལ་དཔེ་བྱས་པ་བགེགས་མེད་དུ་འགྲུབ། མཁན་པོ་ཞི་བ་འཚོས་སད་མི་མི་བདུན་རབ་ཏུ་བྱུང་། བོད་ཕྲུག་བློ་རྣོ་བ་དུ་མས་ལོ་ཙཱ་བསླབས། སངས་རྒྱས་གསང་བ། སངས་རྒྱས་ཞི་བ། དྲི་མེད་བཤེས་གཉེན། པདྨའི་ངང་ཚུལ་སོགས་པཎ་གྲུབ་མང་པོ་སྤྱན་དྲངས། ཆོས་བསྒྱུར་བ་དང་བཤད་ཉན་གྱི་སྒོ་ནས་བསྟན་པ་རྒྱས་པར་མཛད། དེ་སྲས་མུ་ཁྲི་བཙན་པོས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་དང་། ཕྱག་རྡོར་གྱི་སྤྲུལ་པ་ཡང་དབོན་ཁྲི་ལྡེ་གཙུག་བརྟན་གྱིས་འུ་ཤང་རྡོ་བཀྲ་ཤིས་དཔེ་མེད་དགེ་འཕེལ་གྱི་ལྷ་ཁང་བརྩིགས། མེས་ཀྱི་ཆོས་བསྒྱུར་བ་རྣམས་པཎྜི་ཏ་ཛི་ན་མི་ཏྲ། ཤཱི་ལེནྡྲ་བོ་དྷི། སྐ་ཅོག་སོགས་ཀྱིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། བསྟན་པ་ཕྱི་དར་གྱི་ཐོག་མར་དབུས་གཙང་གི་མི་བཅུས་བླ་ཆེན་པོ་ལ་བསྙེན་པར་རྫོགས་ནས་བསྟན་པའི་མེ་རོ་སྨད་ནས་བསླང་། པཱ་ལ་རྣམ་པ་གསུམ་ལ་བརྟེན་ནས་སྟོད་འདུལ་དང་། ཁ་ཆེའི་བསོད་སྙོམས་པ་ཆེན་པོའི་རྗེས་སུ་འབྲངས་ནས་པཎ་ཆེན་བརྒྱུད་པའི་རྩ་བ་སོ་སོ་ཐར་པའི་གཞི་བཙུགས། ཞེས་གསལ་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༧

[2] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༣༡༡

[3] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༢

[4] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཅ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༥༧

[5] བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་རྣམ་བཤད། མི་རིགས་དཔེ་སྐྲུན་ཁང༌། ༢༠༡༢ ལོ། ཤོག་གྲངས་ ༢༧༧

[6] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༢

[7] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༣༧

[8] ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༥༨

[9] གུ་བཀྲའི་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༡༥༩

[10] འཚོ་བ་བླ་ནས་སྦྱོར་ཞེས་པ་ནི། རབ་བྱུང་བ་རྣམས་ཀྱི་འཚོ་བ་གཞན་ལ་བརྟེན་པ་མ་གཏོགས་འགན་སྲུང་གི་རྟེན་གཞི་གཞན་མེད་སྟབས་ཟས་གོས་སོགས་བཙན་པོའི་མཛོད་ནས་ནར་གཏོང་བྱ་དགོས་པར་བཀའ་བཅད་མཛད་པ་སྟེ། དེའི་ནུས་པ་ནི་ཆོས་པ་རབ་བྱུང་རྣམས་ལ་སྒེར་དབང་གི་དཔལ་འབྱོར་རྟེན་གཞི་མི་དགོས་པར་བྱས་པས་འཚོ་བ་ལྡེང་ཙམ་འགན་སྲུང་ཐུབ་པ་དང་། དཔལ་འབྱོར་གོང་འཕེལ་གཏོང་བའི་ལས་དོན་ལ་འབད་བརྩོན་མི་དགོས་པ་དེ་ཡིན། ཞེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༧༣༧ ཐོག་གསལ་ལོ།།

[11] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༡༡

[12] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༢༨

[13] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༣༨

[14] ༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་འབུམ། ༼༢༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༩༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༡ ནས་ ༢༥༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *