མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་མ་ཏང་ཀི་པའི་རྣམ་ཐར།

ར་ལུང་དཀར་བརྒྱུད་གསེར་འཕྲེང་གི་ཏཻ་ལོ་པའི་རྣམ་ཐར་ལས[1]། བཀའ་བབས་གཉིས་པའི་ལོ་རྒྱུས་ནི། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་བྲམ་ཟེ་ཆེན་པོ་ས་ར་ཧ་ཅིག་ཅར་བར་བྱིན་གྱིས་བརླབས། སློབ་དཔོན་ཀླུ་སྒྲུབ་རིམ་སྐྱེས་པར་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་གཉིས་ཀ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པ་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་ཡིན་ནོ། །

དེ་ཡང་ལངྐར་གཤེགས་པ་དང་། སྤྲིན་ཆེན་པོའི་མདོ་དང་། རྔ་བོ་ཆེའི་མདོ་དང་། དྭངས་སྙིགས་འབྱེད་པའི་མདོ་དང་། འཇམ་དཔལ་རྩ་བའི་མདོ་དང་། མགོན་པོ་མངོན་བྱུང་གི་རྒྱུད་ལ་སོགས་པ་བོད་དུ་འགྱུར་བའི་མདོ་རྒྱུད་བཅུ་གསུམ་ནས་སློབ་དཔོན་ཀླུ་སྒྲུབ་ལུང་བསྟན་ནས་ཡིན་སྐད་དོ།།

དེ་ལྟར་ལུང་བསྟན་དུས་དང་ལྡན་པའི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ནི། རྒྱ་གར་ལྷོ་ཕྱོགས་བྷེ་ཏའི་ཡུལ། ཀ་ར་ཧ་ཞེས་བྱ་བའི་ཚོང་དུས་ནས་ཡབ་རྒྱལ་པོ་ཏྲིག་ཏྲས་བྱ་བ་དང་། ཡུམ་བྲམ་ཟེ་མོ་བྷྲི་ཏི་དྷིའང་ཟེར། དེས་ན་ཀྱང་བྷི་ཏིའང་ཟེར་བའི་སྲས་སུ་འཁྲུངས་སོ། །ཡོངས་གྲགས་སུ་ཀླུ་སྒྲུབ་ཅེས་གྲགས་སོ། །དེ་ནས་བྱིས་པའི་དུས་སུ་གསོ་བ་རིག་པའི་སྤོར་ཐང་ལ་སོགས་པ་དང་། བཟོ་རྩིས་ལ་སོགས་རྣམས་ལན་ཅིག་གཟིགས་པས་མཁྱེན་པར་འགྱུར་ཏོ། །དེ་ནས་མི་ལོ་ཉི་ཤུ་ལོན་པ་དང་། དཔལ་ན་ལེནྡྲའི་མཁན་པོ་རྒྱལ་བ་བྱིན་པ་བྱའང་ཟེར། ས་ར་ཧ་ཆུང་ངུའང་ཟེར་བ་དེ་དང་། སློབ་དཔོན་དྲི་མ་མེད་པའི་དབྱངས་བྱ་བ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པར་མཛད་དེ། མཚན་ཡང་ཤཱཀྱའི་བཤེས་གཉེན་བྱ་བར་བཏགས་སོ།།

དེ་ནས་ལོ་བཅུ་གསུམ་གྱི་བར་དུ་ཐོས་བསམ་སྒོམ་གསུམ་ལ་སྦྱངས་པས། སྡེ་སྣོད་ཐམས་ཅད་ཀྱི་དོན་ཤེས་ཤིང་། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོར་གྱུར་ཏེ། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་དང་མཇལ་ནས་དབང་བཞི་ཡོངས་སུ་རྫོགས་པར་དབང་བསྐུར་ཏེ། གསང་མཚན་ཡང་གཉིས་མེད་རྡོ་རྗེ་ཞེས་བཏགས་སོ། །དེ་ལྟར་ན་ཁྱིམ་ན་གནས་པའི་མིང་དྷརྨཱ་དྷར། རབ་ཏུ་བྱུང་བའི་མིང་ཤཱཀྱ་བཤེས་གཉེན། དབང་བསྐུར་བའི་མིང་མི་བསྐྱོད་རྡོ་རྗེ། ལུང་བསྟན་པའི་མིང་ཀླུ་སྒྲུབ། གསང་མཚན་བཛྲ་རཀའོ། །དེ་ཡང་དང་པོ་བརྒྱད་སྟོང་པ་ཚར་གཅིག་གཟིགས་པས་ས་དང་པོའི་བདེན་པ་མཐོང་བ་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་དབང་བསྐུར་བས། ས་བརྒྱད་ནོན་ཅིང་ཚེའི་རིག་འཛིན་བརྙེས་སོ།།

དེ་ནས་དཔལ་ན་ལན་ཏྲའི་ནག་གསེབ་ཏུ་སྒོམ་སྒྲུབ་བྱེད་ཀྱིན་ཡོད་པ་ལས། རེ་ཞིག་ཌཱཀི་མ་ཞིག་བུ་མོ་གཞོན་ནུ་མའི་ཆ་ལུགས་སུ་བྱས་ནས། སློབ་དཔོན་ལ་ཕྱག་དང་བསྐོར་བ་བྱས་མཆོད་པ་ཕུལ་ནས། ཁྱོད་ལ་གནངས་འབོད་པ་ཞིག་འོང་བས། དེ་བར་ཆད་ཡིན་པས་དེ་ལ་མ་འགྲོ་བར་སྡོད་ཅིག་ཟེར་སྐད། དེར་གནངས་དེ་གྲོང་ནས་འབོད་པ་ཞིག་བྱུང་བས་མ་ཕྱིན་པར་བསྡད་པས། ཡང་ནང་པར་བུ་མོ་དེ་བྱུང་འབོད་པ་ལ་མ་ཕྱིན་ནས་ཟེར་བས། མ་ཕྱིན་བྱས་པས། འོ་ན་ངའི་ཕྱིན་མར་འདེང་ངོ་ཟེར་ཏེ། བུ་མོ་དེས་ཁྲིད་ཕྱིན་པས། ས་ཤག་ཤིག་ཏུ་སོང་བའི་གསེབ་ན་ཁང་པ་ཧྲུལ་ཧྲུལ་འགའ་འདུག་པའི་ཁོང་གསེབ་ན་མི་མང་པོ་ལུག་མང་པོ་སད་ནས་ཤ་ཁྲག་ཐམས་ཅད་ཟའི་འདུག་སྐད། དེར་ཁོང་གཉིས་ལའང་བྱིན་ནས་ཟོ་ཞིག་ཟེར་བས། སློབ་དཔོན་གྱི་ཐུགས་ལ་ང་གཅིག་ཏུ་དགེ་སློང་ཡིན། གཉིས་པར་དྲེག་པ་ཆེན་པོས་སྨིན། གསུམ་དུ་བསད་མ་ཐག་གི་ཤ་དྲོན་མོ་བཟའ་རུ་མི་རུང་སྙམ་ནས་མ་ཟོས་པས། དེ་ཚོ་ཐམས་ཅད་གར་སོང་ཆ་མེད་པར་སོང་འདུག་སྐད། དེར་བུ་མོ་དེ་ན་རེ། ཁྱོད་ཀྱིས་དངོས་གྲུབ་ལེན་མི་ཤེས་པར་འདུག །ད་ནང་པར་གནངས་ཁྱོད་ཀྱི་མདུན་དུ་བྱ་ངང་པ་མང་པོ་ཡོང་གིས་དེའི་གསེབ་ཡི་དམ་གྱི་ལྷ་འཕགས་པ་འཇམ་དཔལ་ཡོད་པས་དེ་ཟུང་ཞིག་ཟེར་སྐད།

དེར་གནངས་དེ་སྔ་མོ་ན་བསྒུགས་པས། བུ་མོ་ཚན་གཅིག་བྱུང་བས། གཅིག་ཙིར་གྱིས་བཟུང་བས་མེ་རུ་རིངས་ཀྱིས་འབར་སོང་སྐད། དེར་འབར་ཡང་བཟུང་བས་ཆུ་རུ་སོང་སྐད། ཆུ་དེ་ཀ་བཟུང་བས་འཕགས་པ་འཇམ་དཔལ་དུ་སོང་ནས། བུ་ཁྱོད་དངོས་གྲུབ་ཅི་འདོད་གསུངས་པ་ལ། སློབ་དཔོན་གྱིས་མཆོག་གི་དངོས་གྲུབ་སྲིད་པ་བར་དོར་སངས་རྒྱས་པ་ཞིག་ཞུ། ཐུན་མོང་གི་དངོས་གྲུབ་རྒྱ་མཚོའི་ནང་ན་ཡར་ལ་རྩ་བ་ཀླུའི་ཡུལ་དུ་ཟུག་པ། རྩེ་མོ་ལྷའི་ཡུལ་དུ་བསླེབ་པའི་མཁར་ཞིག་ཞུའོ་བྱས་པས། གཉིས་ཀ་བྱིན་གྱིས་མི་སུ་ལའང་མ་བཤད་ཅིག་ཟེར་ནས། མི་སྣང་བར་འོད་དུ་ཡལ་སོང་སྐད། དེ་ནས་མཁར་དེ་འདོད་པ་བཞིན་དུ་བྱུང་བས། སློབ་དཔོན་དགའ་དྲགས་ཏེ་མ་ལ་ཟུར་ཙམ་སྨྲས་པས་ཅི་ཡང་མི་སྟོ་སྟེ་ཡོང་སྙམ་ནས་བཤད་པས་མཁར་རྩ་བ་ནས་འགྱེལ་ལོ། །དེ་སློབ་དཔོན་ཐུགས་མུག་སྟེ། ང་ལ་དངོས་གྲུབ་ལེན་མ་ཤེས་པ་འདི་ཐོས་པ་ཆུང་བས་ལན་པ་ཡིན་སྙམ་ནས། བདེ་བར་གཤེགས་པའི་བཀའ་རབ་འབྱམས་མ་ལུས་པ་ལ་གཟིགས་རྟོག་མཛད་དེ། མ་ཤེས་པ་རྣམས་མཁན་སློབ་གཉིས་དང་། བླ་མ་བློ་གྲོས་རིན་ཆེན་ལ་དྲིས་ཤིང་སྒྲོ་འདོགས་བཅད་ནས་ཚིག་དོན་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དོ། །དེ་ནས་ཕྱི་རབས་རྣམས་ཀྱི་དོན་དུ་བསྟན་བཅོས་དུ་མ་ཡང་མཛད་དོ། །འཇིག་རྟེན་དུ་སེངྒེའི་སྒྲ་ལན་གསུམ་བྱ་བ་བསྒྲགས་སོ། །

དེ་ཡང་ཟབ་ལ་ལྟ་བའི་གཞུང་གཙོ་བོར་སྟོན་པ་རིག་པ་ཚད་མའི་སྐོར་བྱ་བ་དང་། ཉམས་སུ་བླང་བྱ་སྒོམ་པ་གཙོ་བོར་སྟོན་པ་གཞུང་མན་ངག་ཚད་མའི་སྐོར་བྱ་བ་དང་། རྒྱ་ཆེ་བ་སྤྱོད་པའི་གཞུང་གཙོ་བོར་སྟོན་པ་ལུང་ཚད་མའི་སྐོར་བྱ་བ་གསུམ་མཛད་དོ། །དེ་ལ་དང་པོ་ལྟ་བའི་སྐོར་ལ། ཆོས་ཀྱི་དབྱིངས་ཀྱི་བསྟོད་པ། ཚིག་གི་གཏེར་སྙིང་པོ་གསལ་བ། རྩོད་ཟློག །སྲིད་པ་འཕོ་བ། རྩ་བ་ཤེས་རབ་ལ་སོགས་ལ་གཞུང་བཅུ་བདུན་མཛད་དོ། །སྒོམ་པའི་སྐོར་ལ། པཎ་ཏི་ཀ་དང་། མདོ་བསྲེ་དང་། དཔལ་གསང་བ་འདུས་པའི་དགོངས་པ། འདུས་པའི་རིགས་ལྔ་དང་། འཕགས་སྐོར་དང་། བདེ་མཆོག་ལྷ་བཅུ་གསུམ་ལ་སོགས་པ་མཛད་དོ། །སྤྱོད་པའི་སྐོར་ལ། སྤྱིར་རབ་ཏུ་བྱུང་བ་རྣམས་ཀྱི་ཆེད་དུ་འདུལ་བ་བསྡུས་པ་མཛད། སྒོས་སུ་དགེ་སློང་རྣམས་ཀྱི་ཆེད་དུ་སོ་སོ་ཐར་པའི་འགྲེལ་པ་ཉི་ཟླ་མ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་བསླབ་པ་ཀུན་ལས་བཏུས་པ་དང་མདོ་ཀུན་ལ་བཏུས་པ་མཛད། སྨན་པ་རྣམས་ཀྱི་ཆེད་དུ་སྨན་དཔྱད་ཡན་ལག་བརྒྱད་པ་དང་། ཕན་པའི་པུ་ཏྲ། འཚོ་བའི་མདོ་ལ་སོགས་པ་མཛད་དོ། །རྒྱལ་པོ་རྣམས་ལ་ཤེས་པའི་སྤྲིང་ཡིག །བློན་པོ་རྣམས་ལ་ཤེས་རབ་བརྒྱ་པ། ཉི་ཤུ་པའི་འགྲེལ་པ། དམངས་ཕལ་པ་རྣམས་ཀྱི་ཆེད་དུ་མོ་ཡིག་སྤོས་སྦྱོར། རྟེན་འབྲེལ་གྱི་རྩིས་ཁ་ཆེ་ཆུང་ལ་སོགས་པ་མཛད་དེ། མདོར་ན་ཆེ་བའི་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། ལྷོ་འཛམ་བུ་གླིང་པ་རྣམས་ཀྱི་དགོས་ཀྱི་ཆེན་པོ་དང་ལྡན་པ་ཡིན་ནོ། །

དེ་ནས་མཁན་པོའི་ཞབས་ཏོག་ཏུ་དཔལ་ན་ལེན་ཏྲའི་གཉེར་བྱས་པའི་དུས་སུ་མུ་གེ་ཆེན་པོ་བྱུང་ནས། དེར་གསེར་འགྱུར་གྱི་རྩིའི་ཐབས་བྱས་ནས་གཟའ་མི་རྣམས་གསོས་པས་ཐམས་ཅད་མགུ་བ་ལས། མཁན་པོ་ས་ར་ཧ་ན་རེ། འདིས་ངའི་དགེ་འདུན་རྣམས་ལོག་འཚོ་ལ་སྦྱར་འདུག་པས། ད་ཆད་པ་ལ་བ་སོ་དང་ཙན་དན་གོར་ཤི་ཥ་ལས་བྱས་པའི་མགོན་པོའི་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ལ། མཐར་ལྷོ་ཕྱོགས་དཔལ་གྱི་རི་ལ་སྒོམ་དུ་སོང་ཞིག་ཟེར་ཏེ། གནས་ནས་ལག་ཐུར་མོར་བཞོན་པའི་དུས་སུ། སློབ་དཔོན་ཐུགས་མུག་སྟེ།

ཧ་ཅང་ཐོས་པ་མ་ཆུང་ཞིག །ཐོས་པ་ཆུང་ན་ཡང་ང་བཞིན་ནོ། །

ཧ་ཅང་ཐོས་པ་མ་ཆེ་ཞིག །ཐོས་པ་ཆེ་ན་ཡང་ང་བཞིན་ནོ། །

ཞེས་དགེ་འདུན་ཕྱི་རབས་རྣམས་ལ་གསུངས་ནས། མགོན་པོའི་ལྷ་ཁང་ཡང་བཞེངས་ཏེ། འཁོར་བ་འཁོར་ཚེ་སྐྱེ་གནས་ཐམས་ཅད་དུ། །ཞེས་པའི་སྨོན་ལམ་དེ་ཡང་དེའི་དུས་སུ་མཛད་ནས་དཔལ་གྱི་རི་ལ་གཤེགས་སོ། །

དེ་ཡང་སློབ་དཔོན་ཏིལླི་པ་དང་། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་གཉིས་དངོས་སུ་མཇལ་བར་རྗེ་སྣ་ཕུ་པ་འདོད་པ་ཡིན་ནོ། །དེའི་ལོ་རྒྱུས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དེས་བུམ་པའི་དངོས་གྲུབ་འགྲུབ་པས། ཅི་བསམ་ཅི་དགོས་ཐམས་ཅད་བུམ་པ་དེས་སྒྲུབ་པ་ཡིན་པས། དུས་རེ་ཞིག་ཙ་ན་སློབ་དཔོན་གྱིས་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པས། ཆུ་འགྲམ་ཞིག་ན་བྱིས་པ་མཚན་ཅིག་བ་གླང་འཚོ་ཡིན་རྩེད་མོ་རྩི་ཡིན་འདུག་པ་ལ། སློབ་དཔོན་གྱིས་འདི་ཚོའི་གསེབ་ན་ཐེག་པ་ཆེན་པོའི་རིགས་ཅན་སྔགས་ཀྱི་སྣོད་དུ་རུང་བ་ཡོད་དམ་མེད་བལྟ་ཡིས་སྙམ་ནས། ཆུ་ཀླུང་དེ་ལ་རབ་མི་ཤེས་པའི་ཚུལ་དུ་བྱས་ཏེ། རྦ་ཀློང་ཆེས་མི་བདེ་ས་ཞིག་ནས་ཕར་བརྒལ་བར་བྱས་པ་ལས། བྱིས་པ་ཞིག་ན་རེ། འཕགས་པ་དེ་ན་བར་རབ་མེད་པས་མི་ཐར་རོ། །མ་གཤེགས་ཤིག་བདག་གིས་བསྒྲལ་ལོ་ཟེར་སྐད། དེ་ནས་བྱིས་པ་དེས་ཁུར་ནས་ཕྱིན་པ་དང་། ཡང་སློབ་དཔོན་གྱིས་དེ་སྣོད་དང་ལྡན་ནམ་མ་ལྡན་བརྟག་པ་དང་། ཐེག་ཆེན་པོའི་ཆོས་བསྟན་དུ་རུང་ངམ་མི་རུང་བལྟ་བའི་ཕྱིར་དུ་ཆུ་དེ་ཤིན་ཏུ་ཆེ་བར་བྱིན་གྱིས་བརླབས་ཏེ། སློབ་དཔོན་གཉིས་ཀ་ནུབ་ལ་ཁད་དུ་སྤྲུལ་པས་ཁྱེའུ་དེ་ལ་འགྱོད་པ་མ་བྱུང་བར། སླར་སློབ་དཔོན་འདི་མ་སྒྲོལ་ན་ཅི་མ་རུང་སྙམ་ནས། ཁྱེའུས་ཆེད་དུ་བརྗོད་པ།

གང་ཞིག་རོའམ་རྩྭའམ་ཤིང་ལ་མི་འཛིན་པས། །

ཆུ་དབུས་འཆི་བར་འགྱུར་གྱིས་ངོགས་སུ་ཕྱིན་མི་འགྱུར། །

གང་ཞིག་འཛིན་པ་རྒྱ་མཚོའི་ཕ་རོལ་ཕྱིན་པར་འགྱུར། །

འཕགས་པ་བདག་གི་མགུལ་ནས་བཟུང་ལ་མ་ཤོར་ཞིག །

ཅེས་སྨྲས་ཏོ་ཆུ་ལ་བསྒྲལ་ལོ། །དེ་ནས་ཡང་སློབ་དཔོན་གྱིས་བསོད་སྙོམས་བྱས་ཏེ་ཚུར་བྱོན་ཙ་ན། སྔར་གྱི་བྱིས་པ་རྒྱལ་པོའི་ཚུལ་དུ་བྱས་ཏེ། ཤིང་ཏ་ལའི་སྡོང་པོའི་སྟེང་ན་བསྡད་ནས། བུ་མོ་གཉིས་ཀྱིས་བཙུན་མོའི་ཚུལ་དུ་བྱས་གཡས་གཡོན་བཞག །བྱིས་པ་བཞི་ཡིས་ནང་བློན་གྱི་ཚུལ་དུ་བྱས། བཅུ་ཙམ་གྱིས་ནི་ཕྱི་བློན་ཕྱི་ཚུལ་དུ་བསྐོར། ཉི་ཤུ་ཙམ་གྱིས་ནི་དམངས་ཀྱི་ཚུལ་དུ་བྱས་ཏེ། རྒྱལ་བློན་གྱི་སྤྱོད་པ་བྱེད་ཅིང་གདའ་སྐད། དེར་སློབ་དཔོན་ལ་ཀྱེ་འཕགས་པ་འདི་ན་རྒྱལ་པོ་བདོག་པས་མི་འབྱོན་པར་ཞུ་ཟེར་བ་ལ། སློབ་དཔོན་གྱིས་བྱིས་པ་དེ་ལས་ཅན་གྱི་སྣོད་ལྡན་ཡིན་པར་མཁྱེན་ནས། ཁོང་ཚོའི་གསེབ་ཏུ་བྱོན་པས། སྔར་གྱི་བྱིས་པ་དེས་ཤིང་ཁ་ནས་བབས་ནས་ཕྱག་བྱས་སྙུན་འདྲི་བྱས་སྐད། དེར་སློབ་དཔོན་གྱིས་ཁྱོད་རྒྱལ་པོ་ཡིན་ན་དགའ་འམ་བྱས་པས། ཁྱེའུ་ན་རེ་དེ་ལྟར་དགའ་སྟེ། སྐལ་བ་དང་མ་ལྡན་པས་དམ་རྫས་བ་གླང་རྫིས་སྐྱེས་པ་ལགས་མོད་ཟེར་སྐད། དེར་སློབ་དཔོན་ན་རེ་འོ་ན་ངས་རྒྱལ་པོར་དབང་བསྐུར་ཞིང་བྱིན་གྱིས་བརླབས་ཀྱི་གསུངས་ནས། རྒྱལ་བློན་བཙུན་མོ་དམངས་དང་བཅས་པའི་མིང་ཏ་ལའི་ལོ་མ་ལ་བྲིས་ནས་བུམ་པར་བཅུག་སྟེ་ཞག་བདུན་སྒྲུབ་པ་མཛད་ནས། ཁྱེའུ་དེ་ལ་ད་ཁྱོད་རང་བུམ་པའི་ནང་དུ་ཁ་ཆུག་ལ་ཡུལ་འདིའི་རྒྱལ་པོ་ང་ཡིན་ནོ་གྱིས་ཞེས་གསུངས་པས། ཁྱེའུས་དེ་བཞིན་བྱས་པས་བུམ་པའི་དངོས་གྲུབ་ཐོབ་པར་གྱུར་ཏོ། །དེའི་མཐུས་དེའི་ཚེ་ན་ཡུལ་ཕྱོགས་དེའི་རྒྱལ་པོ་སྐུ་འཆག་ཏུ་འགྲོ་སྙིང་འདོད་ནས། རྒྱལ་པོའི་ཆ་ལུགས་རྣམས་བོར་ནས་དམངས་ཀྱི་ལུགས་སུ་བྱས་ནས་སྐྱེད་མོས་ཚལ་དུ་བྱོན། དེ་ཡང་རྒྱལ་པོ་དེས་ལྟས་ཐམས་ཅད་སྟོན་པའི་གླང་པོ་ཉི་མའི་ཤུགས་ཅན་བྱ་བ་ཞིག་ཡོད་པས། ཡུལ་ཕྱོགས་སུ་དམག་ཡོང་བའམ། ཡུར་དེར་ནད་རིམས་ལ་སོགས་པ་ཡོང་ན་འབྲས་མི་ཟ་བ་དང་ཆུ་མི་འཐུང་། མཆེ་བ་བརྡར་ཞིང་འཁུན་པ་ལ་སོགས་པ་བྱེད་དོ། །ཡང་བཀྲ་ཤིས་པའི་རྟགས་ཡོད་ཙ་ན་སྐྱེད་མོས་ཚལ་ནས་མེ་ཏོག་སྣ་ཚོགས་བླངས་ནས་འཐོར་རོ། །རྒྱལ་པོར་འོས་པ་རྣམས་ཀྱི་མགོ་ཐོག་ཆུ་བུམ་པ་བླངས་ནས་བཞག་སྟེ་དབང་བསྐུར་བ་ཞིག་ཡོད་པ་དེས། དེའི་དུས་སུ་རྒྱལ་པོར་དབང་བསྐུར་བའི་བུམ་པ་བླངས་ནས་ཕྱིར་སོང་བས། ཐམས་ཅད་ཧ་ལས་ཏེ།  ཡང་ན་རྒྱལ་པོ་གྲོངས་ནས་རྒྱལ་ས་འཕོ་བའམ། ཡང་ན་རྒྱལ་པོས་རྒྱལ་ས་མི་ནོན་ནམ་ཟེར་ནས། གླང་པོ་ཆེ་དེའི་ཕྱིར་འབྲངས་ནས་ལྟར་ཡོང་བ་དང་། གླང་པོ་ཆེ་དེས་བུམ་པ་དེས་སྔར་གྱི་ཁྱེའུ་བ་གླང་རྫི་དེའི་མགོ་ལ་བསྐུར་རོ། །དེ་ནས་ཁྱེའུ་བ་གླང་རྫི་དེ་ཡུལ་ཕྱོགས་དེའི་རྒྱལ་པོར་གྱུར་ནས་ཕོ་བྲང་དུ་བསུས་ཏེ། མིང་ཡང་རྒྱལ་པོ་ཆེན་པོ་དྷ་ན་ཧི་ལོ་བ་བྱ་བར་བཏགས་སོ། །དེ་ནས་ནང་མི་རྣམས་རྒྱལ་པོར་འཁུར་རྩིས་སུ་བྱེད་ཀྱང༌། ཕྱི་མི་རྣམས་འདི་བ་གླང་རྫི་ཡིན། བཅོས་མའི་རྒྱལ་པོ་ཡིན་ཟེར་ནས་མི་ཉན་པར་གྱུར་ཏོ། །

དེ་ནས་རྒྱལ་པོ་དྷ་ན་ཧི་ལོ་པས་སློབ་དཔོན་ལ་གསོལ་བ་བཏབ་ནས་དམོད་བོར་བས། བདག་རྒྱལ་པོའི་སྐལ་བ་དང་མི་ལྡན་ཞིང་རྒྱལ་སྲིད་མི་སྐྱོང་ན་སྔར་བཞིན་དུ་གྱུར་ཅིག །གལ་ཏེ་རྒྱལ་པོའི་སྐལ་བ་དང་ལྡན་ཞིང་རྒྱལ་སྲིད་སྐྱོང་ན་འབངས་འཁོར་ཐམས་ཅད་རང་བཞིན་གྱིས་ཐུལ་བར་གྱུར་ཅིག་ཅེས་བརྗོད་པས། ཡང་སློབ་དཔོན་བུམ་པ་བསྣམས་ནས་བྱོན་ཏེ། ཁྱོད་འཇིགས་མི་དགོས་ཀྱིས། འབངས་འཁོར་ཐམས་ཅད་ཁྲིད་ལ་སྐྱེད་མོས་ཚལ་དུ་སོང་ལ། སྡོང་པོ་རྣམས་ལ་ཐལ་མོ་རྒྱོབ་ལ། ས་ཏ་བྷ་ལ་དམག་ལ་སོང་སོང་ཞེས་སྨྲོས་ཤིག །དེས་འཁོར་འབངས་ཐམས་ཅད་དད་པར་འགྱུར་རོ་ཞེས་གསུངས་སོ། །དེ་ནས་རྒྱལ་པོ་དྷ་ན་ཧི་ལོ་པས་དེ་ལྟར་བྱས་པས་ཤིང་སྡོང་ཐམས་ཅད་དམག་ཏུ་སོང་སྟེ། སྐྱེད་མོས་ཚལ་ཐམས་ཅད་ཞུབ་ཅན་གྱིས་གང་བྱུང་བས། འཁོར་འབངས་ཐམས་ཅད་ངོ་མཚར་སྐྱེས་ཏེ། དད་ཅིང་མོས་ལ་གུས་པར་གྱུར་ནས་ཐམས་ཅད་རང་བཞིན་གྱིས་ཐུལ་བར་གྱུར་ཏོ། །

ཡང་དུས་རེ་ཞིག་ཚེ་ན་དུ་རུ་ཀའི་དམག་ས་གཞི་ཐམས་ཅད་ཁེངས་པར་བྱུང་བ་ལ། ཐམས་ཅད་བྲེད་དངང་པའི་དུས་སུ། རྒྱལ་པོ་དྷ་ན་ཧེ་ལོ་པ་དེས་འཁོར་འབངས་རྣམས་ལ་མི་འཇིགས་པའི་གནང་བ་བྱིན་ཏེ། ཕུབ་གཅིག་དང་གྲི་ཞིག་ཁྱེར་ཏེ་ཤིང་ཏ་ལའི་སྡོང་པོ་ཞིག་གི་སྟེང་དུ་འཛེགས་ནས་ཕུབ་སྤྲུགས་པས་འོད་ཟེར་གྱིས་དགྲའི་དམག་དཔུང་ཐམས་ཅད་ཀྱི་མིག་ལོང་བར་བྱས་སོ། །རལ་གྲི་འཕྱར་བའི་འོད་ཟེར་གྱིས་དམག་བྱེ་བ་ས་ཡ་དུང་ཕྱུར་དུ་བྱུང་སྟེ་དུ་རུ་ཀའི་དམག་དཔུང་རྣམས་ཕམ་པར་བྱས་སོ། །དེ་ནས་རྒྱལ་པོ་དྷ་ན་ཧེ་ལོ་པ་དེ་ལ་འཁོར་འབངས་ཐམས་ཅད་དད་ཅིང་མངའ་ཐང་ཤིན་ཏུ་ཆེ་བར་བྱས་ནས་ཡོད་པ་ལ། འཁོར་བ་ལ་སྐྱོ་བ་སྐྱེས་ཏེ་སྲས་རྒྱལ་ཚབ་ཏུ་བསྐོས་ནས། སོ་མ་པུ་རིའི་གཙུག་ལག་ཁང་བྱ་བ། ཧེ་རུ་ཀ་རང་བྱུང་གི་རྡོ་སྐུ་བཞུགས་པའི་གནས་དེར་མས་ཞལ་ཏ་བྱེད་པའི་སར་ཕྱིན་པས། ཞང་པོས་མཁན་པོ་བྱས་ནས་རབ་ཏུ་བྱུང་ངོ་། །གྲུབ་ཐོབ་སྣ་ཕུ་པའི་གསུང་དང་མཐུན་པའོ། །

དེ་ནས་སློབ་དཔོན་ཀླུ་སྒྲུབ་ལ་ཆོས་ཞུའོ་སྙམ་ནས་ཚོལ་དུ་བྱོན་ནས། ནག་གསེབ་ཅིག་ན་རྩྭའི་སྤྱིལ་པོ་འོད་སྒོ་རེ་བ་ཞིག་འདུག་ནས་དེར་ཕྱིན་པས། རྣལ་འབྱོར་མ་ཏཾ་ཀི་དང་མཇལ་ནས། སློབ་དཔོན་ཀླུ་གྲུབ་མཐོང་དེ་བྱས་པས། སློབ་དཔོན་ཀླུ་སྒྲུབ་དྲི་ཟ་ལ་ཆོས་སྟོན་དུ་སོང་། སྐྱེས་བུ་ཁྱོད་རྗེས་སུ་འཛིན་པ་ཡ་ང་བཏང་བ་ཡིན་ཟེར་སྐད། ཁྱོད་ཇི་སྐད་བྱ་བ་ཡིན་བྱས་པས། བརྟུལ་ཞུགས་སྤྱོད་པ་མ་ཏང་གི་བྱ་བ་ཡིན་ཟེར་ནས་གར་སོང་ཆ་མེད་དུ་སོང་སྐད། དེ་ཡང་ཁ་ཅིག་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་རྒྱལ་པོ་བྱིན་དང་། ཏི་ལོ་པ་མཇལ་བར་འདོད་པ་ཡང་ཡོད། རྗེ་སྣ་ཕུ་པའི་བཞེད་པས། སློབ་དཔོན་ཆེན་པོ་མ་ཏི་ཀི་དང་མཇལ་བར་བཞེད་དོ། །

དེ་ལ་བརྟུལ་ཞུགས་སྤྱོད་པ་མ་ཏཾ་གིའི་ལོ་རྒྱུས་ནི། ཧིང་ཀོ་པ་ཞེས་བྱ་བ་ཡིན་ཏེ། བྲམ་ཟེའི་རིགས་སུ་སྐྱེས་བ་གླང་འཚོ་ཞིང་ཡོད་པ་ལ། དེ་ཡང་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོ་ན་སློབ་དཔོན་ཀླུ་གྲུབ་བསྒོམ་གྱིན་ཡོད་པ་ལ། བྲམ་ཟེའི་ཁྱེའུ་དེས་རི་དེའི་རྨད་ན་ཕ་རོལ་བ་གླང་འཚོ་ཞིང་མེ་ཏོག་བཏུས་ནས་རི་དེ་ལ་གཏོར་ཞིང་། སློབ་དཔོན་ཀླུ་སྒྲུབ་ལ་འབུལ་ལོ་བྱས་ནས་རྩེད་མོ་རྩེ་ཞིང་ཡོད་པ་ལས། སློབ་དཔོན་གྱིས་མངོན་ཤེས་ཀྱིས་གཟིགས་པས། བྱིས་པ་དེ་སྣོད་ལྡན་དུ་མཁྱེན་ནས། ཉིན་ཅིག་སྤྲུལ་པ་ཞིག་བཀྱེ་ནས། བྲམ་ཟེ་དེ་གྲོགས་དང་རྩེད་མོ་རྩེ་བའི་སར་བུད་མེད་གཅིག་བྱུང་ནས། བྱིས་པ་ཁྱོད་མ་རྩེ་བར་སོང་དང༌། རི་འདིའི་རྩེ་ན་སློབ་དཔོན་ཀླུ་སྒྲུབ་བྱ་བ་ཡོད་ཀྱིས། དེ་ལ་ཆོས་ཞུས་ལ་སྒོམས་དང་། གྲུབ་པ་ཐོབ་པར་འགྱུར་རོ་ཟེར་ནས་གར་སོང་ཆ་མེད་པར་སོང་སྐད་དོ། །

དེར་བྱིས་པ་ཤེས་པ་བདེ་སིང་སིང་། སྙིང་དགའ་ཡལ་ཡལ་འདུག་ནས། ཅང་བདེན་པ་ཡང་སྲིད་དམ་ལྟ་དགོས་སྙམ་ནས་བའི་འོ་མ་བཞོས། མེ་ཏོག་མང་པོ་བཏུས་ནས་ཁྱེར་ཏེ་རི་དེའི་རྩེ་མོར་ཕྱིན་པས། སློབ་དཔོན་དང་མཇལ་ནས་མེ་ཏོག་གཏོར་འོ་མ་ཕུལ་ནས་ཆོས་ཤིག་ཞུ་བྱས་པས། སློབ་དཔོན་གྱིས་སྐལ་བ་དང་ལྡན་པར་མཁྱེན་ནས། མགུར་འདི་གསུངས་སོ། །ཨེ་ཧོ། ལམ་དྲུག་སྦྱོར་བ་གཅིག་ཏུ་གྱིས་དང་། །དེར་ཉི་ཟླ་རོ་གཅིག་བསྲེ་བར་གྱིས། །རླུང་གི་སྙམ་ཕྱེར་ལུས་ལ་སྤོར་ཞིག་ཀྱེ། །ཉིན་མཚན་ལས་ཀྱིས་འཆི་བདག་གཞོམ་པར་བྱོས། །སྟེང་འོག་རང་བཞིན་མཉམ་པ་ཉིད་དུ་གྱུར། །ཇི་སྲིད་དུས་རླུང་ནི་མ་ཟོས་པར། །མི་གཡོ་རླུང་ནི་ཐབས་ཀྱིས་ཁྲིད་ཅིག་ཀྱེ། །བསམ་གཏན་འདི་ནི་དགེ་སྡིག་མེད། །སྒོ་ལྔའི་སྣང་བ་ཁྲིད་ཅིག་མ་ཏང་ཀི། །རང་ངོ་ཤེས་པར་གྱིས་ཤིག་མ་ཏང་ཀི། །ཞེས་གསུངས་ནས་གདམ་ངག་གནང་ནས་སྨིན་པར་བྱས་སོ། །དེ་ནས་མ་ཏང་ཀིས་སློབ་དཔོན་ལ་ངས་སྒོམ་མམ་ཅི་བྱ་ཞུས་པས། ཁྱོད་རང་བ་གླང་སྐྱོང་གིན་སྒོམ་ཤིག་གསུང་ངོ་། །

དེ་ནས་བ་གླང་རྫི་དེས་ཀྱང་དེ་བཞིན་དུ་བྱས་པས་གྲུབ་པ་ཐོབ་ནས། བྷེ་ཏའི་རི་ལ་གསང་སྤྱོད་ལ་ཕྱིན་ཏེ་མགུར་བཞེངས་པ། བ་གླང་སྐྱོང་ནི་ཁལ་གླང་གཉིས་ཉོས་ཏེ། །དེ་དག་ཁྱེར་ནས་བ་གླང་སྐྱོང་གིན་ཚོང་ལ་སོང་། །ས་གཞི་ཆེན་པོར་སོང་ནས་ཚོང་བྱས་པས། །ནོར་མ་རྙེད་པར་ས་རུ་ཙེ་ནི་འདུག །ཁལ་གླང་ལྔ་པོ་ལྔ་ཅར་དཀར་པོ་སྟེ། །གཅིག་འགྱུར་བས་ནི་ཐམས་ཅད་འགྲོ་བར་འགྱུར། །སྙིང་གི་སྒ་ལ་ཡིད་ཀྱི་གློ་བསྡམས་ཏེ། །བླ་མའི་གསུང་བླངས་ནས་ནི་ཁལ་བཀལ་ནས། །དེ་འདྲའི་ཚོང་པ་བ་གླང་སྐྱོང་བ་སོང་། །ས་རུ་འདུག་ན་གཞི་འགྱུར་རྙེད་པ་ཐོབ། །རང་ངོ་ཤེས་པ་ཀླུ་སྒྲུབ་སྙིང་པོའི་དྲིན། །ཞེས་གསུངས་ནས་རི་ཁྲོད་འབའ་ཞིག་ལ་གཤེགས་ཤིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་བདེ་མཆོག་འཁོར་ལོའི་ཞལ་མངོན་སུམ་དུ་གཟིགས་ནས་ལུང་གནང་སྟེ། སེམས་ཅན་གྱི་དོན་དུ་སྒྲུབ་ཐབས་མང་པོ་ཡང་མཛད་དོ། །དེ་ནས་སློབ་དཔོན་ཆེན་པོ་གྷོ་ཀྵར་ཞེས་ཀྱང་བྱ། ཀླུའི་བྱང་ཆུབ་ཅེས་ཀྱང་གྲགས། བརྟུལ་ཞུགས་སྤྱོད་པ་མ་ཏང་གི་ཞེས་ཀྱང་བྱ་བ་ཡིན་ནོ། །དེ་ནས་སློབ་དཔོན་ཆེན་པོ་ཏེ་ལོ་པས། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གྲུབ་ཐོབ་ཆེན་པོ་མ་ཏང་ཀི་ཀླུའི་བྱང་ཆུབ་བྱ་བ་ཞིག་ཡོད་དོ་ཟེར་བ་ཐོས་ནས་འཚོལ་དུ་ཕྱིན་ཏེ་གྲོང་ཁྱེར་ཞིག་ཏུ་དྲིས་པས། སློབ་དཔོན་མ་ཏང་ཀིའམ་དེ་ཆ་མེད། བ་གླང་རྫི་མ་ཏང་ཀི་བྱ་བ་ཞིག་ལུང་པའི་ཕུ་ཡ་གི་ན་བྷི་དྷའི་རི་བྱ་བ་ལ་ཡོད་ཟེར་རོ། །དེར་ཅི་འདྲ་ཞིག་འདུག་བྱས་པས། མི་གཞན་པས་གཟུགས་དང་རྐང་རྗེས་ལ་སོགས་པ་ཉིས་འགྱུར་གྱིས་ཆེ་བ་ཞིག་ཡོད་དོ་ཟེར་སྐད། དེ་ནས་དེ་བ་ལ་བྲིས་ཏེ་བཙལ་བས་མ་རྙེད་པར། རི་འདི་ལ་པོད་ཟེར་བ་ལ་སྙམ་ནས། རི་དེ་ལ་ཉལ་བསྡད་པས། ནམ་ཞིག་ཁ་བས༌སྐྱ་བ་ཞིག་བྱུང་བས། དེའི་དུས་མི་གཞན་ལས་ཆེ་བའི་རྐང་རྗེས་ཤིག་ཁྲང་ཁྲང་སོང་འདུག་ནས། རྗེས་དེའི་ཕྱིར་འབྲངས་ཏེ་བཙལ་བས། ཤིང་ནེ་གྲོ་ཏ་ཞིག་གི་རྩ་ན་མི་ནག་པོ་མིག་དམར་ཆིལ་ལེ་བ་ཞིག་བོང་གེ་གཞན་ལས་ཆེ་བ་ཞིག་འདུག་ནས་དེ་སློབ་དཔོན་ཡིན་ལས་ཆེ་སྙམ་ནས། ཕྱག་དང་བསྐོར་བ་བྱས། མཎྜལ་ཕུལ་ནས། སློབ་དཔོན་ལགས་བདག་རྗེས་སུ་བཟུང་བར་ཞུ་འཚལ་ཞུས་པས། ཁྱོད་ངའི་སློབ་མ་བྱེད་ཅིང་ཆོས་ཞུ་ན་ངའི་བ་གླང་འདི་རྣམས་ཀྱི་ཉ་ར་གྱིས་ཤིག་གསུངས་ནས། སློབ་དཔོན་དེ་ཡུལ་ཕྱོགས་གཞན་ཞིག་ཏུ་གཤེགས་སོ། །དེར་བ་གླང་སྐྱོང་གིན་བསྒོམས་པས། དེའི་ནར་དུ་ཏེ་ལོ་པ་ལས་ཀྱི་ལྷག་མར་མི་
མ་ཡིན་གཏུམ་པོ་ཞིག་ཁྲོས་ནས། མཛེ་ནད་ཚབས་ཆེན་པོ་ཞིག་ཐེབས་ཏེ། སློབ་དཔོན་མ་ཏང་གི་བྱོན་ནས། ངའི་དྲི་ཆེན་དང་། ངའི་དྲི་ཆུ་དང་། ཏིལ་མར་བསྲེས་ལ་ལྟོར་ཡང་འཐུང་། ལུས་ལ་ཡང་བྱུགས་ཤིག་གསུངས་ནས། དེ་ལྟར་བྱས་པས་ནོབསྐུང་ན་ནད་དེ་གདངས་སོ། །ཏིལླི་པ་ཞེས་མིང་ཡང་དེ་ནས་གྲགས་སོ། །

དེ་ནས་སློབ་དཔོན་དེས་ཡང་དག་པའི་ལམ་ལ་ཚུལ་བཞིན་དུ་བཅུག་ནས། ད་ཁྱོད་གྲོང་ཁྱེར་དུ་ཏིལ་རྡུང་བའི་ཚུལ་གྱིས་ཉམས་སུ་ལེན་གྱིན་སྤྱོད་པ་གྱིས་ཤིག །ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེས་ཀྱང་དེ་ལྟར་དུ་བྱས་པས་མཆོག་གི་དངོས་གྲུབ་བརྙེས་དེ། ཏིལླི་པ་ཞེས་གྲགས་པ་ཡིན་ནོ། །དེ་ལྟར་དུས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་གདམས། དེས་མ་ཏང་ཀི་ལ་གདམས། དེས་ཏེ་ལོ་པ་ལ་གདམས་པས་ཏེ། ཁྱད་པར་དུ་རྨི་ལམ་དང་འཕོ་བའི་བཀའ་བབས་སོ། །བཀའ་བབས་གཉིས་པའི་ལོ་རྒྱུས་སོ།། །།

[1] ར་ལུང་དཀར་བརྒྱུད་གསེར་འཕྲེང་། པོད། ༼ག༽ ཤིང་དཔར་དཔེ་གཟུགས། ཤོག་ ༨བ༧ ནས་ ༡༥བ༣ བར།

Leave a Reply

Your email address will not be published. Required fields are marked *