མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག བརྒྱད་པ། (སྤྲིང་ཡིག་སྐོར།)

བརྒྱད་པ། སྤྲིང་ཡིག་སྐོར།

 

བཀའ་འཁོར་ལོ་རིམ་པ་གསུམ་པ་དང་འབྲེལ་བའི་སྤྲིང་ཡིག་སྣ་ཚོགས་ཀྱི་སྐོར་ལ།

༡༣༥༽ སྤྲིང་ཡིག་ ༼ངེ༽ པ་ལ། རྒྱ་གར་སྐད་དུ། སུ་ཧྲི་ད་ལེ་ཁ། བོད་སྐད་དུ། བཤེས་པའི་སྤྲིང་ཡིག །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་བ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་ལས་གྲོགས་པོའི་སྤྲིང་ཡིག །ཤླཽ་ཀ་བརྒྱ་ཞེས་བྱུང་།

འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་ལ། དགེ་རྒན་ཆེན་མོ་ཨི་སཱཀ་སོན་གྱིས་བོད་དུ་བཤེས་སྤྲིང་གི་རྒྱ་དཔེ་བཞུགས་པར་གསུངས་ཤིང་། བཤེས་སྤྲིང་རྒྱའི་སྐད་དུའང་ (龍樹菩薩為禪陀迦王說法要偈 T32, No1672) བསྒྱུར་ནས་བཞུགས་ལ། བཤེས་སྤྲིང་ལ་སློབ་དཔོན་མཧཱ་མ་ཏིས་མཛད་པའི་ཊཱིཀྐའི་བོད་འགྱུར་བཞུགས་ཀྱང་རྒྱ་དཔེ་མི་བཞུགས་སོ།།

འདི་ལ་བཤེས་སྤྲིངས་དང་། བཤེས་སྤྲིང་ངམ། ཡང་ན་སྤྲིང་ཡིག་དང་། སྤྲིངས་ཡིག་ཅེས་འབྲི་ཚུལ་གཉིས་རེ་ཡོད་ཀྱང་། གཉིས་ཀའང་འཐད་པར་སེམས། རྗེའི་ལམ་རིམ་ཆེན་མོ་སོགས་སུ་བཤེས་སྤྲིངས་ཞེས་བྲིས་པར་སྣང་ལ། བཤེས་སྤྲིང་གི་འགྲེལ་པ། རྒྱ་འགྲེལ་ནི། བཤེས་པའི་སྤྲིང་ཡིག་གི་རྒྱ་ཆེར་བཤད་པའི་ཚིག་གསལ་བ་ཞེས་བྱ་བ་སློབ་དཔོན་བློ་གྲོས་ཆེན་པོས་མཛད། (རྗེའི་ལམ་རིམ་ཆེན་མོའི་གོང་འོག་ཏུ་དྲངས་པའི་བཤེས་སྤྲིངས་ཀྱི་འགྲེལ་པ་ཞེས་པ་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པའི་རྒྱ་འགྲེལ་འདི་ཡིན།) བོད་འགྲེལ་ནི། རྗེ་བཙུན་རེད་མདའ་བའི་བཤེས་སྤྲིང་གི་འགྲེལ་པ། བློ་བཟང་སྦྱིན་པ་མཛད་པའི་བཤེས་སྤྲིང་གི་འགྲེལ་པ། འཇུ་མི་ཕམ་གྱིས་མཛད་པའི་བཤེས་སྤྲིང་གི་འགྲེལ་པ། ཅོ་ནེ་བླ་མ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིང་གི་འགྲེལ་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཤེས་སྤྲིང་གི་བཀའ་ཁྲིད་སོགས་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྤྲིང་ཡིག །པོད་རྟགས། ༼ངེ༽ ཚན་གྲངས་ ༡༡ ལྡེབ་ ༤༠བ༤ ནས་ ༤༦བ༣ བར་ཡིག་ཕྲེང་ ༨༤ ཚིག་རྐང་ ༩-༤༨༣། ༡༡-༨ ཚེག་ཁྱིམ་ ༤༤༩༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྤྲིངས་ཡིག །པོད་རྟགས། ༼ངེ༽ ཚན་གྲངས་ ༡༡ ལྡེབ་ ༢༨༢བ༨ ནས་ ༢༩༠ན༣ བར་ཡིག་ཕྲེང་ ༡༡༦ ཚིག་རྐང་ ༩-༤༨༣། ༡༡-༨ ཚེག་ཁྱིམ་ ༤༤༩༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངེ༽ ཚན་གྲངས་ ༡༡ ལྡེབ་ ༢༧༩ན༦ ནས་ ༢༨༦བ༣ བར་ཡིག་ཕྲེང་ ༡༠༣ ཚིག་རྐང་ ༩-༤༨༣། ༡༡-༨ ཚེག་ཁྱིམ་ ༤༥༠༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྤྲིང་ཡིག །པོད་རྟགས། ༼ངེ༽ ཚན་གྲངས་ ༡༡ ལྡེབ་ ༤༠བ༣ ནས་ ༤༦བ༡ བར་ཡིག་ཕྲེང་ ༨༣ ཚིག་རྐང་ ༩-༤༨༣། ༡༡-༨ ཚེག་ཁྱིམ་ ༤༤༩༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྤྲིང་ཡིག ༼ང༽ དེབ་ཨང་ ༩༦ པ། ཤོག་གྲངས་ ༦༦༩ ནས་ ༦༨༣ བར་བཞུགས་པ་བཅས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༩ ནས་ ༢༢༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *