ང༽ ནཱ་ལེནྡྲ་དང་བི་ཀྲ་མ་ཤཱི་ལའི་ཆོས་འཆད་ཚུལ།

ང༽ ནཱ་ལེནྡྲ་དང་བི་ཀྲ་མ་ཤཱི་ལའི་ཆོས་འཆད་ཚུལ།

 

དེ་ཡང་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་ (1871-1926) གྱིས་མཛད་པའི་ཞེ་ཆེན་ཆོས་འབྱུང་ངམ། སྔ་འགྱུར་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ་ལས[1]། ཐོག་མར་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།

བར་དུ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས། མཐར་མ་ག་དྷ་རྡོ་རྗེའི་གདན་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་ནས། རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་། དབང་པོ་དང་། སྐལ་བའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་འཁོར་རིམ་པ་གསུམ་མམ་དེ་ལས་དབྱེ་བ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་གསུངས་པ་རྣམས་བཀའ་བསྡུ་རིམ་པ་གསུམ་སོགས་ཀྱིས་གཏན་ལ་ཕབ་ཅིང་། སྟོན་པའི་གཏད་རབས་ཆེན་པོ་བདུན་དང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག །ཆེན་པོ་བཞི། རྨད་བྱུང་གཉིས། མཁས་པ་སྒོ་དྲུག །གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་འཕགས་དང་མཁས་པའི་སྐྱེས་བུ་བགྲངས་ལས་འདས་པས་འཇུག་འདོད་ཀྱི་གང་ཟག་རྣམས་འཆད་པས་རྗེས་སུ་བཟུང་། རྒོལ་འདོད་ཀྱི་སྐྱེ་བོ་ངན་པ་རྣམས་ལུང་དང་རིགས་པས་ཚར་བཅད། བསྟན་པ་ཡུན་དུ་གནས་པའི་ཕྱིར་དགོངས་འགྲེལ་བསྟན་བཅོས་ཀྱི་ཚོགས་མང་དུ་བརྩམས་ནས་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་བཞིན་དུ་གསལ་བར་མཛད། ཅེས་གསུངས་པ་ལྟར། སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་འཛིན་སྐྱོང་མཛད་པ་ལས། སྐབས་འདིར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎ་གྲུབ་རྣམས་ཆོས་འཆད་ཚུལ་ཐུན་མོང་མ་ཞིག་ཡོད་པ་དེ་ཉིད་ཡིན།

དེ་ལྟར་བཅུ་ཕྲག་རིག་གནས་ལ་མཁས་པའི་ཕུལ་དུ་བྱུང་ཞིང་། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ནི། ༡ མགོན་པོ་ཀླུ་སྒྲུབ་དང་། ༢ འཕགས་པ་ལྷ། ༣ འཕགས་པ་ཐོགས་མེད། ༤ སློབ་དཔོན་དབྱིག་གཉེན། ༥ སློབ་དཔོན་ཕྱོགས་གླང་། ༦ དཔལ་ལྡན་ཆོས་གྲགས། ༧ སློབ་དཔོན་ཡོན་ཏན་འོད། ༨ སློབ་དཔོན་ཤཱཀྱ་འོད་བཅས་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཐོག་ཏུ་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་། ལྷག་པར་གཞུང་ཆེན་བཀའ་པོད་ལྔའི་ཐོག་རྨད་དུ་བྱུང་བའི་ལེགས་བཤད་མཛད་པ་པོ། ༩ སློབ་དཔོན་སངས་རྒྱས་བསྐྱངས་དང་། ༡༠ དཔལ་ལྡན་ཟླ་བ་གྲགས་པ། ༡༡ སློབ་དཔོན་ལེགས་ལྡན་འབྱེད། ༡༢ སློབ་དཔོན་སེངྒེ་བཟང་པོ། ༡༣ འཕགས་པ་གྲོལ་སྡེ། ༡༤ རྒྱལ་སྲས་ཞི་བ་ལྷ། ༡༥ མཁན་ཆེན་ཞི་བ་འཚོ། ༡༦ སློབ་དཔོན་ཀ་མ་ལ་ཤཱི་ལ། ༡༧ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་པཎ་གྲུབ་ཞལ་གྲངས་དགུ་གསར་སྣོན་ཞལ་སྐོང་མཛད་དེ་པཎ་གྲུབ་བཅུ་བདུན་ཞེས་ལྷར་བཅས་སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲོལ་བཟང་གཏོད་པར་མཛད།

དེ་ཡང་སྔར་འཕགས་བོད་ཀྱི་ཡུལ་དུ་རྒྱན་དྲུག་མཆོག་གཉིས་ལས་པཎ་གྲུབ་བཅུ་བདུན་ཞེས་པའི་ཐ་སྙད་འདི་ཉིད་སྔར་མ་གྲགས་ཀྱང་། འདི་དག་སངས་རྒྱས་ཀྱི་བསྟན་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ་ཞིང་། ལྷག་པར་བོད་གངས་ཅན་གྱི་ལྗོངས་དང་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་འབྲེལ་ཆེ་ལ། ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་བ། ཡང་སྒོས་བརྗོད་བྱ་བཀོད་ཚུལ་ལ། བོད་ས་བཅད་[2]དང་། རྒྱ་སྔོན་ཆོག་ཅེས་པ་ལྟར། བཀའ་ཐམས་ཅད་ཕུན་ཚོགས་ལྔ་ལྡན་དང་། གླེང་གཞི་གླེང་སློང་གི་སྒོ་ནས་དོན་ཐམས་ཅད་བསྟན་པ་དང་། བསྟན་བཅོས་ཐམས་ཅད་རྩིས་འགོ་ཡན་ལག་ལྔ་སོགས་གཙུག་ལག་ཁང་ཆེན་པོ་གཉིས་ཀྱི་ལུགས་སུ་བྱེད་པ་སྟེ། འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་རྣམ་གཉིས་ཀྱི་པཎྜི་ཏའི་གསུང་ཚུལ་ལ་ལུགས་ཆེན་པོ་གཉིས་ཡོད་པ་ལས།

 

༡༽ དཔལ་ནཱ་ལེནྡྲའི་ཐུན་མིན་གྱི་ཆོས་འཆད་སྲོལ།

དེ་ཡང་སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) བཀའ་ཐང་སྡེ་ལྔ་ལས[3]། བཀའ་ཡིན་ཕུན་སུམ་ཚོགས་པ་ལྔ་ནས་གླེང་༔ སྟོན་པ་གནས་དང་དུས་དང་འཁོར་དང་ཆོས༔ བསྟན་བཅོས་ཡིན་ན་རྩིས་འགོ་ལྔ་ནས་གླེང་༔ ཆོས་བརྗོད་ཁུངས་བཙུན་གར་གཏོགས་དོན་དུ་བསྟན༔ དགོས་ཆེད་སུ་ཡི་དོན་དུ་བརྩམས་པའོ༔ ལུང་ཆོས་ཡིན་ན་ལུང་གི་མཐའ་བཞི་གླེང་༔ མདོ་རྒྱུད་ལོ་པཎ་ལུང་དྲངས་མཐའ་བཞིའོ༔ མན་ངག་ཡིན་ན་དཔེ་དོན་རྟགས་གསུམ་གླེང་༔ ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་སྟེ། ༡ ཆོས་ཕུན་སུམ་ཚོགས་པ་དང་། ༢ དུས་ཕུན་སུམ་ཚོགས་པ། ༣ སྟོན་པ་ཕུན་སུམ་ཚོགས་པ། ༤ གནས་ཕུན་སུམ་ཚོགས་པ། ༥ འཁོར་ཕུན་སུམ་ཚོགས་པ་བཅས་སོ། །དེ་ཡང་མཁན་ཆེན་བློ་བཟང་བསྟན་འཛིན་རྒྱལ་མཚན་ (1639-?) གྱིས་མཛད་པའི་གསོ་བ་རིག་པའི་རྩ་རྒྱུད་ཀྱི་འགྲེལ་པ་གསལ་བའི་སྒྲོན་མེ་ལས[4]། དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་གསུངས། དེ་ཡང་ལྷའི་བུས་ཞུས་པ་ལས[5]།

ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །

ལེགས་པར་བཤད་པ་དེ་ཡི་དགོངས་འགྲེལ་དག །

དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །

འཇིག་རྟེན་དག་ཏུ་ཡུན་རིང་གནས་པར་འགྱུར། །

ཞེས་གསུངས་པས། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་བཤད་དགོས་པས། དེ་ལ་འདི་སྐད་ཅེས་པ་ཆོས་ཕུན་སུམ་ཚོགས་པ་དང་། བདག་གིས་ཞེས་པ་འཁོར་ཕུན་སུམ་ཚོགས་པ། ཐོས་པ་ཞེས་པ་སྟོན་པ་ཕུན་སུམ་ཚོགས་པ། དུས་གཅིག་ཅེས་པ་དུས་ཕུན་སུམ་ཚོགས་པ། ན་ཞེས་པས་རྣམ་དབྱེ་བདུན་པ་གནས་གཞིའི་དོན་ཡིན་པས་གནས་ཕུན་སུམ་ཚོགས་པ་བསྟན་ཞེས་མཁས་པ་འགའ་ཞིག་བཤད་ལ། གང་ལྟར་ཡང་རྒྱ་གར་ན་ཨེ་ཝཾ་མ་ཡ་ཤུ་ཏ་ཨེ་ཀ་སྨི་ན་ས་མ་ཡ། ཞེས་པ་བོད་སྐད་དུ་བསྒྱུར་ན། འདི་སྐད་བདག་གིས་སོགས་སུ་བསྒྱུར་ལ། དེ་ནི་ཕུན་སུམ་ཚོགས་པ་ལྔར་བཤད་པ་ནི་ཚད་ལྡན་གྱི་དགོངས་འགྲེལ་མང་པོར་བཤད་སྣང་ངོ་། །ཞེས་གསལ་བ་ལྟར་རོ།།

དེ་ལྟར་ཆོས་བཤད་པའི་ཚུལ་ལ་གསུམ་སྟེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[6]། སངས་རྒྱས་ཀྱིས་ཆོས་གསུངས་པའི་ཚུལ། དགྲ་བཅོམ་པས་ཆོས་གསུངས་པའི་ཚུལ། པཎྜི་ཏས་ཆོས་གསུངས་པའི་ཚུལ། སངས་རྒྱས་ཀྱིས་ཆོ་འཕྲུལ་གསུམ་ལ་བརྟེན་ནས་བཤད། དགྲ་བཅོམ་པས་དག་པ་གསུམ་ལ་བརྟེན་ནས་བཤད། པཎྜི་ཏས་གསུང་ཚུལ་ལ་དཔལ་ནཱ་ལེཎྜའི་གསུང་ཚུལ་དང་། བི་ཀྲ་མ་ཤཱི་ལའི་བཤད་ཚུལ་གཉིས་ཡོད་དོ། །ཞེས་གསུངས་པ་ལས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎ་གྲུབ་རྣམས་ཀྱིས་ཆོས་འཆད་ཚུལ་ནི། རྩིས་འགོ་ལྔའམ་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་པའོ།།

དེ་ཡང་བསྟན་བཅོས་ཐམས་ཅད་རྩིས་འགོ་ལྔའི་སྒོ་ནས་འཆད་པ་སྟེ། དཔལ་ལྡན་ཟླ་བ་གྲགས་པའི་སྒྲོན་གསལ་ལས་གསུངས་པའི་བསྟན་བཅོས་ཀྱི་རྩིས་འགོ་ལྔ་ནི། ༡ རྩོམ་པ་པོ་གང་གིས་མཛད་པ། ༢ ཁུངས་གང་ལས་བཏུས་པ། ༣ ཕྱོགས་གང་དུ་གཏོགས་པ། ༤ དགོས་ཆེད་གང་ཡིན་པ། ༥ དབུ་ནས་ཞབས་སུ་བསྡུ་བའི་དོན་ (མཆོད་བརྗོད་བསྔོ་བ།) གང་ཡིན་བཅས་གཞུང་འཆད་ཐབས་སམ་བསྟན་བཅོས་འཆད་སྐབས་རྩིས་འགོ་ལྔའི་སྒོ་ནས་འཆད་པ་དང་། ཡང་ན་བསྟན་བཅོས་སྤྱིའི་འཆད་ཐབས་ལྔ་སྟེ། ༡ དགོས་དོན་དང་། ༢ བསྡུས་དོན། ༣  ཚིག་དོན། ༤ མཚམས་སྦྱོར། ༥ བརྒལ་ལན་བཅས་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་པའི་ཚུལ་ཡང་། སློབ་དཔོན་དབྱིག་གཉེན་ (320-330) གྱིས་མཛད་པའི་རྣམ་བཤད་རིགས་པ་ལས[7]། བཤད་པ་འདི་ནི་གང་ལས་ཇི་ལྟར་ན་མང་དུ་ཐོས་པ་ལ་སོགས་པ་ཡིན་པ་དེ་ཡོངས་སུ་སྟོན་པ་ཡིན་པར་རིགས་པར་བྱའོ། །དེ་ལྟ་བུར་གྱུར་པ་དེས་ཇི་ལྟར་མདོ་སྡེ་རྣམ་པར་བཤད་པར་བྱ་ཞེ་ན། རྣམ་པ་ལྔ་དག་གིས་ཏེ། མདོ་སྡེའི་དགོས་པ་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་། མཚམས་སྦྱར་བ་དང་། བརྒལ་བ་དང་། ལན་གཉིས་བརྗོད་པར་བྱའོ། །འདིར་སྨྲས་པ།

མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །

ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པར་བསྙད་པར་བྱ། །

བརྒལ་བ་དང་ལན་གཉིས་གཅིག་ཏུ་བྱ་བ་ནི་བརྒལ་བའི་ལན་གདབ་པའི་དོན་གྱི་ཕྱིར་རོ། །ཅིའི་ཕྱིར་འདི་དག་བརྗོད་པར་བྱ་ཞེ་ན། མདོ་སྡེའི་དོན་གྱི་ཆེ་བ་ཉིད་ཐོས་ན་ཉན་པ་དང་འཛིན་པ་ལ་འབད་པར་བྱེད་པས་དགོས་པ་བརྗོད་པར་བྱའོ། །དགོས་པ་དེའང་མདོ་སྡེའི་བསྡུས་པའི་དོན་ལས་རྟོགས་པར་འགྱུར་རོ། །བསྡུས་པའི་དོན་ཡང་ཚིག་གི་དོན་ལས་སོ། །ཚིག་གི་དོན་གྱི་གོ་རིམ་མི་འགལ་བ་ནི་མཚམས་སྦྱར་བ་ལས་སོ། །རིགས་པ་དང་མི་འགལ་བ་དང་། སྔ་ཕྱི་མི་འགལ་བ་ནི་བརྒལ་བ་དང་ལན་ལས་ཡིན་པས་ན་བསྡུས་པའི་དོན་ལ་སོགས་པ་ཡང་བརྗོད་པར་བྱའོ། །ཞེས་བཤད་ཐབས་ཡན་ལག་ལྔ་གསུངས་སོ།།

ཨ་ལག་ཤ་བསྟན་དར་ལྷ་རམས་པས་ (1759-1831) མཛད་པའི་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་ལས[8]། དེ་ལ་དགོས་དོན་ནི། མཁས་འཇུག་ལས[9]།

བསྟན་བཅོས་དམ་པར་བསྟན་པའི་ཕྱིར། །སྟོན་པས་ཐོག་མར་དགོས་པ་བསྟན། །

ཡོངས་སུ་རྟོགས་པས་དེ་མཐོང་ན། །དཔྱོད་པ་ལ་ཡང་ཅིས་མི་འཇུག །

ཅེས་པ་ལྟར། རྟོག་ལྡན་རྣམས་གཞུག་བྱའི་བསྟན་བཅོས་དེ་དོན་ཆེན་པོ་དང་ལྡན་པར་མཐོང་ན་དེ་ལ་འབད་པས་ཐོས་སོགས་ཀྱིས་ཞུགས་པར་འགྱུར་བའི་ཆེད་དུ་ཐོག་མར་དགོས་པ་བརྗོད་པའི་སྒོ་ནས་འཆད་ལ། བསྡུས་དོན་ནི། སྤྱིའི་དོན་དང་ཡན་ལག་གི་དོན་སོ་སོར་མ་འདྲེས་པར་བསྡུས་ཤིང་། དེ་ཡང་ཆོད་ཆེ་བ་དང་། ཚིག་གསལ་བ་དང་། བརྗོད་བདེ་བ་དང་། ངག་ཉུང་བ་དང་། ཚིག་སྙོམས་པའི་སྒོ་ནས་བསྡུས་པའི་དོན་དེ་ཉིད་ཀྱིས་འཆད་རྒྱུའི་གཞུང་གི་དོན་རགས་པ་ལ་གོ་བ་སྐྱེད་ཐུབ་པ་ཞིག་སྟེ། མངོན་རྟོགས་རྒྱན་གྱི་དོན་ཡོངས་རྫོགས་དངོས་པོ་བརྒྱད་དུ་བསྡུས་ནས་བསྟན་པ་ལྟ་བུ་ཡིན་པའི་ཕྱིར། འདི་ནི་སྔོན་ལ་མདོར་བསྟན་ནས་དེའི་འོག་ཏུ་རྒྱས་བཤད་བྱས་པའི་བསྡུས་དོན་ཡིན་ལ། ཡང་རྒྱས་བཤད་ཀྱི་འོག་ཏུ་མདོར་བསྡུས་བྱས་པའི་བསྡུས་དོན་ནི། དཔེར་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་སོ་སོར་རྒྱས་པར་བཤད་པའི་མཐར་ཉོན་མོངས་པ་གསུམ་དུ་བསྡུས་ནས་བསྟན་པ་ལྟ་བུའོ། །འདི་ལ་སྤྱིའི་དོན་ཟེར་ཞིང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་མ་རིག་པ་དེ་གང་ཞེ་ན་ཞེས་ལོགས་སུ་བཤད་པ་ལྟ་བུ་ལ་ཡན་ལག་གི་དོན་ཟེར་རོ།།

ཚིག་དོན་ནི། གང་བཤད་གང་གིས་བཤད་ཚུལ་ཇི་ལྟར་དུ་བཤད་ཅེས་པ་ལ་སོགས་པའི་སྒོ་ནས་ས་བཅད་བཀྲམ་སྟེ། སེངྒེའི་ལྟ་སྟངས་ཀྱིས་དོན་གྱི་གཞི་ངེས། སྦལ་པའི་འཕང་འགྲོས་ཀྱིས་གཞུང་དོན་དུམ་བུར་གཅོད། རུས་སྦལ་བཞི་འགྲོས་ཀྱིས་ཚིག་གི་འབྲུ་ནོན་པའམ་ཚིག་དོན་མ་ལུས་པར་འཆད། སྟག་གི་མཆོངས་སྟབས་ཀྱིས་སྐབས་དབྱེ་བའི་སྒོ་ནས་ཁྱད་གཞི་ཁྱད་ཆོས་ལ་དོགས་པ་བསུ་བའི་དྲིས་ཚིག་དང་ལན་གྱིས་མཐའ་དཔྱད་ནས་འཆད་པའམ། མིང་གཅིག་དོན་དུ་མ་ལ་འཇུག་པ་དང་། སྒྲའི་ཟུར་གཅིག་ལ་དྲངས་ཏེ་འཆད་པ་དང་། ཡི་གེ་བསྒྱུར་ནས་འཆད་པ་དང་། དགག་སྒྲ་ཁོང་ནས་ཕྱུང་སྟེ་ཚིག་བསྒྱུར་ནས་འཆད་པ་ལ་སོགས་པའོ།།

བསྟན་བཅོས་ལ་ས་བཅད་ལེན་པའི་ཁུངས་ནི། ཟླ་བ་གྲགས་པའི་སྒྲོན་གསལ་ལས[10]། རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །གང་གི་དོན་དུ་འདི་ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་གང་། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །ཞེས་གླེང་བསླང་བ་ལྔ་གསུངས་པའི་ནང་ཚན་གྱི་འདིའི་ཚད་ཅི་ཞེས་པ་དེས་ས་བཅད་ལེན་ཚུལ་སྟོན་པ་ཡིན་ལ། འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་རྩིས་འགོ་ཡན་ལག་ལྔས་བཤད་པར་བྱ་བ་ཟེར་རོ།།

མཚམས་སྦྱར་ནི། ཚིག་གོང་འོག་མཚམས་སྦྱར་བ་ངང་པའི་འགྲོས་ཀྱིས་ཚིག་དོན་སྔ་མས་ཕྱི་མ་འདྲེན་མི་ནུས་པའམ་ནུས་ཀྱང་མི་གསལ་བ་ལ་དེའི་འབྲེལ་ནི་འདི་ལྟར་རོ་ཞེས་འཆད་པ་ལྟ་བུའོ། །བརྒལ་ལན་ནི། ཕོ་རོག་གི་འཁུ་འཕྲིག་ལྟར་དཀའ་བའི་གནས་འགའ་ཞིག་ལ་དེའི་དོན་གང་ཞེ་ན་ཞེས་དྲི་བ་བཀོད་ནས་དེའི་ལན་བཏབ་པ་ལྟ་བུ་དོགས་པ་ཁོངས་ནས་བསླངས་ཏེ་དེ་དང་དེའི་ལན་བཤད་པའི་སྒོ་ནས་གཞུང་དོན་གཏན་ལ་དབབ་པ་ཡིན་ནོ།།

ཡང་ཆོས་བཤད་ཐབས་ཀྱི་སྒོ་གསུམ་དུ་ཡང་མཛད་དེ། དོན་བསྟན་པ་དང་། གཞུང་བཤད་པ་དང་། གཞུང་དོན་ངེས་པར་བྱེད་པའོ། །དང་པོ་ནི། གཞུང་གི་དོན་སྐམ་ཕོགས་སུ་བསྟན་ནས། གང་ལས་འོངས་པའི་འབྲེལ། ཅིའི་ཕྱིར་བཀོད་པའི་དགོས་པ། ཅི་ཞིག་བསྟན་པའི་བརྗོད་བྱ་གསུམ་གྱི་སྒོ་ནས་འཆད་པར་བྱེད་ལ། དེས་སློབ་མ་དོན་ལ་མཁས་པར་བྱེད་དོ། །གཉིས་པ་ནི། དཀྱུས་ཀྱི་ཐེམ་སྦྱོར་གྱི་ཁྱད་གཞིང་ངོས་བཟུང་སྟེ། དེ་ལ་དོགས་པ་སྤངས་པའི་ཚུལ་ཁྱིས་ཁྱད་ཆོས་བཤད་ནས་དེས་དངོས་ཤུགས་ལ་ཇི་ལྟར་བསྟན་འདུག་སྙམ་དུ་དཔྱོད་པའི་སྒོ་ནས་འཆད་པར་བྱེད་ལ་དེས་སློབ་མ་ཚིག་ལ་མཁས་པར་བྱེད་དོ། །གསུམ་པ་ནི། དེ་དག་གིས་གཞུང་དོན་རྟོགས་སུ་ཟིན་ཀྱང་གཞན་གྱིས་རྒོལ་བ་མི་བཟློག་པ་སྲིད་པས། བཤད་ཟིན་དེ་ཉིད་ལ་འགལ་བ་དང་ཟློས་པ་དང་མ་འབྲེལ་ལོ་ཞེས་བསམ་པའི་རྒོལ་བ་བཀོད་ནས། དེའི་བསམ་པ་སེལ་བྱེད་ཀྱི་ལན་དངོས་དང་། ལུང་རིགས་གཞན་གྱི་ལན་དང་། དོན་དགོངས་པ་ཅན་དུ་དོགས་པ་དག་སྤངས་ཏེ་འཆད་པར་བྱེད་ལ། དེས་སློབ་མས་གཞུང་དོན་ལ་ངེས་པ་རྙེད་པར་འགྱུར་རོ། །འདིའི་དང་པོ་ནི་བསྡུས་དོན་དང་། གཉིས་པ་ཚིག་དོན་དང་། གསུམ་པ་རུ་བརྒལ་ལན་གྱིས་བཤད་པ་དང་གནད་གཅིག་གོ།

ཡང་ཆོས་བཤད་ཐབས་ཀྱི་སྒོ་གསུམ་སྟེ། དོན་གྱི་ཁོག་བུབས་པ་དང་། དཀྱུས་ཀྱི་ས་བཅད་པ་དང་། ཚིག་གི་འབྲུ་ནོན་པའོ། །དང་པོ་ནི། འཆད་རྒྱུའི་ཆོས་ཀྱི་དོན་རྣ་བར་འཇོག་ཅིང་འབྱུང་ཁུངས་སོགས་ཇི་ལྟར་བཤད་དགོས་པའི་དོན་རྣམས་བཤད་པའོ། །གཉིས་པ་ནི། གཞུང་དོན་ཚོམ་བུ་ཚོམ་བུར་བསྡུས་པ་སྟེ་གཞུང་སྡེ་ཚན་དུ་བཅད་པས་ན་བཅད་ཅེས་བྱའོ། །གསུམ་པ་ནི་ཚིག་གི་དོན་མ་ལུས་པར་འཆད་པའོ།།

ཡང་ཆོས་བཤད་ཐབས་བཞི་སྟེ། རྣམ་བཤད་རིགས་པ་ལས[11]། རྣམ་པ་བཞི་དག་གིས་ཚིག་གི་དོན་རིག་པར་བྱ་སྟེ། རྣམ་གྲངས་ཀྱིས་དང་། མཚན་ཉིད་ཀྱིས་དང་། ངེས་ཚིག་གིས་དང་། རབ་ཏུ་དབྱེ་བས་སོ། །ཞེས་གསུངས་ལ། གཞན་ཡང་ཆོས་འཆད་པ་པོའི་ཐབས་ལམ་དྲུག་ནི། ནང་རིག་པའི་ཚིག་མཛོད་ལས[12]། ༡ བྱུང་ཚུལ་ཁོག་འབུབ་ཀྱི་ཡན་ལག་ཆུ་རྒྱུན་གངས་ལ་ཐུག་པ་ལྟ་བུའི་ཚུལ་གྱིས་འཆད་པ། ༢ བསྡུས་དོན་ས་བཅད་ཀྱི་ཡན་ལག་སྟག་གིས་མཆོངས་པ་ལྟ་བུའི་ཚུལ་གྱིས་འཆད་པ། ༣ མཚམས་སྦྱོར་སྐབས་སྡེབས་ཀྱི་ཡན་ལག་མཉན་པ་མཁས་པ་ལྟ་བུའི་ཚུལ་གྱིས་འཆད་པ། ༤ འགྲེལ་འབྲུ་སྣོན་གྱི་ཡན་ལག་རུས་སྦལ་གྱི་ནུར་འགྲོས་ལྟ་བུའི་ཚུལ་གྱིས་འཆད་པ། ༥ བརྒལ་ལན་རྩོད་པའི་ཡན་ལག་དཔའ་བོའི་རལ་གྲི་ལྟ་བུའི་ཚུལ་གྱིས་འཆད་པ། ༦ ཟབ་གྲོལ་མན་ངག་གི་ཡན་ལག་ལོང་བ་མིག་འབྱེད་ལྟ་བུའི་ཚུལ་གྱིས་འཆད་པའོ། །ཞེས་གསུངས་པ་ལྟར་མང་དུ་སྣང་ངོ་།།

བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས[13]། དེ་ལ་ཚིག་གི་དོན་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་མདོ་སྡེའི་ལུས་མཐའ་དག་གི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཀྱི་ཚིག་གི་དོན་སོ་སོར་སྟོན་པའོ། །དེ་ལ་མཚམས་སྦྱར་བ་ནི། ཚིག་གི་དོན་དེ་དག་གི་སྔ་མ་དང་སྦྱོར་བ་དང་། ཚིག་ཕྱི་མ་དང་སྦྱོར་བའི་གོ་རིམ་སྔ་ཕྱི་མི་འགལ་བར་མཚམས་སྦྱོར་བའོ། །བརྒལ་བའི་ལན་ནི། རིགས་པ་དང་མི་འགལ་བར་བསྟན་པའི་ཕྱིར་གཞན་གྱིས་དྲིས་པའི་ལན་གདབ་པ་དང་། ཉིད་ཀྱི་དོགས་པ་བསུ་ཞིང་གཏན་ཚིགས་ཀྱིས་དགྲོལ་བ་ལ་སོགས་པས་ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པ་སྟེ། དེ་ལྟར་ན་དགོས་པ་དང་། ཚིག་གི་དོན་དང་། མཚམས་སྦྱར་བ་དང་། བརྒལ་བའི་ལན་དེ་དག་ནི་མདོ་སྡེའི་མགོ་མཇུག་གི་ལུས་མཐའ་དག་དང་། སྤྱིར་མཐུན་དུ་སྦྱར་ཏེ་བསྟན་པ་ཡིན་གྱི་གནས་སྐབས་སོ་སོར་དབྱེ་བ་ནི་མེད་དོ།།

དེ་ལ་དང་པོར་བསྡུས་པའི་དོན་མ་བསྟན་ན་མདོ་སྡེའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པར་མི་འགྱུར་བས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དང་པོར་བསྡུས་པའི་དོན་བསྟན་ཏོ། །དེའི་འོག་ཏུ་དགོས་པ་མ་བསྟན་ན་ཉན་པ་པོ་རྟོག་པ་སྔོན་དུ་གཏོང་བ་དག་ནན་ཏན་གྱིས་ཉན་པ་པོ་ལ་སོགས་པར་ཁས་མི་ལེན་པས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་དགོས་པ་བསྟན་ཏོ། །དེའི་འོག་ཏུ་ཚིག་དོན་མ་བསྟན་ན་ཉན་པ་པོ་ཤེས་རབ་རྟུལ་པོ་དེ་དག་ལ་རྨོངས་པར་འགྱུར་བས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་ཚིག་གི་དོན་བསྟན་ཏོ། །དེའི་འོག་ཏུ་མཚམས་སྦྱར་བ་མ་བསྟན་ན་སྨྱོན་ཚིག་ལྟར་སྔ་ཕྱི་འབྲེལ་བ་མེད་པར་འགྱུར་བས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་མཚམས་སྦྱར་བ་བསྟན་ཏོ། །དེའི་འོག་ཏུ་བརྒལ་བའི་ལན་མ་བརྗོད་ན་རིགས་པས་མ་གྲོལ་བས་ཐམས་ཅད་ཐེ་ཚོམ་ཟ་བར་འགྱུར་བས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་བརྒལ་བའི་ལན་བརྗོད་དེ། དེ་ལྟར་རྣམ་པ་ལྔ་པོ་དེ་དག་ནི་ངེས་པ་ཁོ་ནར་བརྗོད་པར་བྱ་བའི་རྩིས་འགོ་ཡིན་ནོ། །ཞེས་ཞལ་གསལ་དུ་བྱུང་ངོ་།།

དེ་བཞིན་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་ (1898-1959) མཛད་པའི་དབུ་མ་བཞི་བརྒྱ་པའི་ཚིག་དོན་རྣམ་པར་བཤད་པ་ཀླུ་དབང་དགོངས་རྒྱན་ལས[14]། སྔོན་གྱི་ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཔལ་ན་ལེནྡྲའི་པཎྜི་ཏ་རྣམས་ཀྱི་རྗེས་སུ་འབྲངས་ཏེ། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང༌། བསྟན་བཅོས་ཐམས་ཅད་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་པར་མཛད་པས། དེ་དག་རྣམས་ཀྱི་རྗེས་སུ་མཐུན་པར་བསྟན་བཅོས་ཆེན་པོ་འདི་རྩིས་འགོ་ཡན་ལག་ལྔའི་ཚུལ་གྱིས་འཆད་པ་ལ། དང་པོ་མཛད་པ་པོ་སློབ་དཔོན་ནི། པདྨ་ལས་འཁྲུངས་ལུས་མཆོག་རྙེད། །སོགས་གཞུང་འགའ་ཞིག་ལས། བརྫུས་ཏེ་སྐུ་འཁྲུངས་པར་ཡང་བཤད་མོད་ཀྱི་འདིར་ནི་ཟླ་བའི་འགྲེལ་ཆེན་ལས། འདི་ལྟར་སློབ་དཔོན་འཕགས་པ་ལྷ་འདི་ནི་སིངྒ་ལའི་གླིང་དུ་འཁྲུངས་པ། སིངྒ་ལའི་རྒྱལ་པོའི་སྲས་ཤིག་སྟེ་ཞེས་སོགས་ཀྱིས་བསྟན་པ་ལྟར། སིངྒ་ལའི་གླིང་གི་རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ། མཁས་བཙུན་གྲུབ་པའི་རྣམ་ཐར་གྱི་ཡང་རྩེར་སོན་ཞིང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡོངས་ཀྱི་ཐུ་བོར་གྱུར་པ། ཟབ་མོ་དབུ་མའི་རྒྱན་གཅིག་དཔལ་འཕགས་པ་ལྷ་དེ་ཉིད་ཀྱིས་མཛད།

གཉིས་པ་སུའི་ཆེད་དུ་མཛད་པ་ནི། གཟུར་གནས་བློ་ལྡན་དོན་གཉེར་བ། །

ཉན་པོ་སྣོད་ཅེས་བྱ་བར་བཤད། །

ཅེས་གསུངས་པ་ལྟར། གཟུར་གནས་བློ་དང་ལྡན་པའི་གང་ཟག་གང་ཞིག་ཐ་སྙད་དང་དོན་དམ་པའི་དེ་ཁོ་ན་ཉིད་རིགས་པས་གཏན་ལ་ཕབ་པའི་དོན་ཇི་ལྟར་སྒོམ་པས་ཉམས་སུ་ལེན་པའི་རྣལ་འབྱོར་གྱི་རིམ་པ་དོན་དུ་གཉེར་བ་དག་གི་ཆེད་དུ་མཛད།

གསུམ་པ་ཕྱོགས་གང་དུ་གཏོགས་པ་ནི། གཞུང་འདི་ལས་ཐ་སྙད་དང་དེ་ཁོ་ན་ཉིད་ཀྱི་དོན་སློབ་དཔོན་གྱི་དབུ་མའི་བསྟན་བཅོས་ལས་ཇི་ལྟར་འབྱུང་བ་ལྟར་འཆད་པར་མཛད་པས། ཟབ་མོ་དབུ་མའི་ཕྱོགས་སུ་གཏོགས་པ་སྟེ། འདིའི་འགྲེལ་ཆེན་ལས། གང་གི་ཕྱིར་ན་སློབ་དཔོན་འཕགས་པ་ལྷ་འདི་ནི། སློབ་དཔོན་ཀླུ་སྒྲུབ་སློབ་མར་གནང་བར་འདོད་གྱུར་པ། །དེ་ཕྱིར་འདི་ཡི་དེ་ཉིད་ལུགས་ལས་ལུགས་གཞན་མིན། །སོགས་ཀྱིས་བཙུན་པ་ཆོས་སྐྱོང་གིས་རྣམ་རིག་པའི་ཕྱོགས་སུ་བཀྲལ་བ་བཀག་ནས་ཟབ་མོ་དབུ་མའི་གཞུང་དུ་བཞེད་པའི་ཕྱིར་རོ།།

བཞི་པ་དབུ་ནས་ཞབས་སུ་བསྡུས་པའི་དོན་ནི།

ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང༌། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །

ཞེས་གསུངས་པའི་དོན་ལྟར། ཐབས་ཐ་སྙད་ཀྱི་དེ་ཁོ་ན་ཉིད་སྒོམ་པའི་རིམ་པ་དང༌། ཐབས་བྱུང་དོན་དམ་པའི་དེ་ཁོ་ན་ཉིད་ཇི་ལྟར་རྣལ་འབྱོར་དུ་བྱ་བའི་རིམ་པ་སྟོན་པ་སྟེ། འགྲེལ་ཆེན་ལས་ཟླ་བས། གཞུང་འདིའི་ཚིག་དང་དོན་གྱི་ཆ་ལ་ལོག་པར་རྟོག་པ་བཀག་ནས། རང་བཞེད་ཐུན་མོང་མ་ཡིན་པ་རྒྱ་ཆེར་བསྒྲུབས་པར་མཛད་པའི་ཕྱིར་ཏེ། དེ་ཉིད་ལས།

ད་ལྟའི་སྙན་ངག་མཁན་གྱིས་རྣམ་གཉིས་བྱས། །

ཞེས་སོགས་ཀྱིས། སྙན་ངག་མཁན་བཙུན་པ་ཆོས་སྐྱོང་གིས་རྗོད་བྱེད་གཞུང་ལ་ལོག་པར་རྟོག་པ། རབ་བྱེད་བརྒྱད་པ་ཡན་ལ་ཆོས་བརྒྱ་པ་དང༌། དེ་མན་གྱི་རབ་བྱེད་རྣམས་ལ་རྩོད་པ་བརྒྱ་པའི་ཐ་སྙད་སྦྱར་ཏེ་བསྟན་བཅོས་ཀྱི་ལུས་གཉིས་སུ་བྱས་པ་དང༌། བརྗོད་བྱ་དོན་ལ་ལོག་པར་རྟོག་པ། རྣམ་རིག་སེམས་ཙམ་པའི་ཕྱོགས་སུ་བཀྲལ་བ་དག་བཀག་ནས། རང་ལུགས་རྣམ་པར་བཞག་པ་ཡང༌། དེ་ཉིད་ལས། བསྟན་བཅོས་ཀྱི་རབ་ཏུ་བྱེད་པ་བཅུ་དྲུག་གི་ཚིག་ལེའུར་བྱས་པའི་དོན་འགྲེལ་བ་གཅིག་གིས་རྣམ་པར་དབྱེ་བར་འདོད་པས། དེའི་སྤྱི་དོན་ཉེ་བར་བསྟན་པའི་ཕྱིར་བཤད་པ། གང་ལས་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་བཞིན་རྣམ་པར་ཕྱེ་ནས་རིམ་གྱིས་དོན་དང་སྟོན་གྱུར་པ། ཞེས་སོགས་ཀྱིས་བསྟན་བཅོས་ཀྱི་ལུས་ཡོངས་རྫོགས་གཅིག་ཏུ་བྱས་ཏེ། ཟབ་མོ་དབུ་མ་ཆེན་པོའི་ཐ་སྙད་དང་དོན་དམ་པའི་དེ་ཁོ་ན་ཉིད་སྒོམ་པའི་རིམ་པ་རབ་བྱེད་བཅུ་དྲུག་གི་བསྡུས་དོན་དང་བཅས་གསུངས་པའི་ཕྱིར་རོ།།

ལྔ་པ་དགོས་པ་ནི། གནས་སྐབས་དང་མཐར་ཐུག་གི་དགོས་པ་གཉིས་ཏེ། རེ་ཞིག་སློབ་དཔོན་གྱི་དབུ་མའི་བསྟན་བཅོས་ལས་རིགས་པས་རྣམ་དཔྱད་རྒྱ་ཆེར་མཛད་དེ། དེ་ཁོ་ན་ཉིད་གཏན་ལ་ཕབ་པ་ན། མ་རྟོགས་པ་ཁ་ཅིག་གིས་རྩོད་པ་ལྷུར་ལེན་གྱི་བསྟན་བཅོས་ཙམ་དུ་བྱས་སོ་སྙམ་པ་ལ། འདིར་དབུ་མའི་བསྟན་བཅོས་ལས་ཇི་སྐད་བསྟན་པའི་དོན་ཉམས་སུ་ལེན་པའི་རིགས་པ་རྣམས་བསྟན་པས། ལོག་པར་རྟོག་པ་བཟློག་པའི་སྒོ་ནས་གནས་སྐབས་སུ་དབུ་མའི་བསྟན་བཅོས་ལ་འཇུག་པའི་དགོས་པ་དང༌། མཐར་ཐུག་གི་དགོས་པ་ནི་སློབ་དཔོན་གྱིས།

དོན་དམ་གཟིགས་པར་བགྱི་སླད་དངོས་པོ་རྣམས། །

ཚུལ་བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད། །

ཅེས་གསུངས་པ་ལྟར། ཐབས་ཐ་སྙད་ཀྱི་དེ་ཁོ་ན་ཉིད་སྒོམ་པའི་ལམ་གྱི་རིམ་པ་རྣམས་ཉམས་སུ་བླངས་པས། ཐབས་བྱུང་དོན་དམ་པའི་དེ་ཁོ་ན་ཉིད་མངོན་དུ་རྟོགས་ཏེ་རྣམ་མཁྱེན་ཐོབ་པའི་དགོས་པ་དང་བཅས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་ཆོས་འཆད་ཐབས་ནི་དཔལ་ནཱ་ལེནྡྲའི་ཐུན་མིན་ཁྱད་ཆོས་ཤིག་ཡིན་ནོ།།

 

༢༽ བི་ཀྲ་མ་ཤཱི་ལའི་ཐུན་མིན་གྱི་ཆོས་འཆད་སྲོལ།

བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་གྱི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས། ཉན་པ་པོའི་སྣོད་དུ་བྱ་བ་དང་། བསྟན་པའི་རྣམ་གཞག་ངེས་པ་གཉིས་ཀྱིས་བཤད་དོ། །ཞེས་ཆོས་ཀྱི་དཀའ་གནད་བརྗེད་བྱང་རྒྱ་མཚོའི་གཏེར་ལས་བྱུང་ལ། དེ་བཞིན་ཕ་བོང་ཁ་པ་བདེ་ཆེན་སྙིང་པོའི་ (1878-1941) གསུང་ལམ་རིམ་རྣམ་གྲོལ་ལག་བཅངས་ལས[15]། དེ་ལ་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ནི་སློབ་དཔོན་གྱི་ངག་དག་པ་དང་། སློབ་མའི་རྒྱུད་དག་པ། བཤད་བྱའི་ཆོས་དག་པ་སྟེ། དག་པ་གསུམ་གྱི་སྒོ་ནས་འཆད་ལ། བྲི་ཀ་མ་ལ་ཤཱི་ལའི་མཁས་པ་རྣམས་ནི་ཆོས་རྩོམ་པ་པོའི་ཆེ་བ་དང་། ཆོས་ཀྱི་ཆེ་བ་དང་། དེ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་གསུམ་སྔོན་དུ་གལ་ཆེ་བར་བཞེད་པའི་ཚུལ་གཉིས། ཞེས་གསུངས་པ་ལྟར། ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་ལམ་རིམ་བརྡ་བཀྲོལ་ལས་[16]ཀྱང་། དེ་ཡང་སློབ་དཔོན་གྱི་ངག་དག་པ་ནི། མ་རྟོགས་ལོག་རྟོག་གི་ནོར་འཁྲུལ་མེད་པ་དང་། སློབ་མའི་རྒྱུད་དག་པ་ནི། མཁས་གྲགས་དང་ཀླན་ཀ་འཚོལ་འདོད་དང་། འགྲན་སེམས་དང་ཕྲག་དོག་སོགས་ཀྱིས་རྒྱུད་མ་བསླད་པ་དང་། བཤད་བྱའི་ཆོས་དག་པ་ནི། ཆོས་ཁུངས་བཙུན་ཞིང་སྐབས་ཀྱི་བརྗོད་དོན་ཚང་ལ་མ་ནོར་བ། ཐར་འདོད་རྣམས་ཀྱི་ཉེར་མཁོ་ཉམས་སུ་བླང་བྱར་གྱུར་པ་ཞིག་དགོས་པའོ། །འཆད་ཚུལ་གཉིས་ཀྱི་སྔ་མ་མི་འཐད་པ་མིན་ཡང་། ཇོ་བོ་རྗེ་ནི། བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་ཡིན་པས་འདིར་དེ་དག་གི་བཞེད་སྲོལ་དང་མཐུན་པའི་ཆེད་ཡིན་ནོ། །ཞེས་གསུངས་ལ། བི་ཀྲ་མ་ལ་ཤཱི་ལའི་མཁས་པ་རྣམས་ཀྱིས། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་དང་། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང་གསུམ་སྔོན་དུ་གལ་ཆེ་བར་གསུངས་པ་ལྟར་མཛད་པ་པོའི་ཆེ་བ་རྣམས་ངེས་པར་མཁྱེན་པར་གལ་གནད་ཆེའོ།།

དེ་བཞིན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ་ལས[17]། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་ཆོས་གསུངས་པའི་ཚུལ་ལ། ཉན་པ་པོ་སྣོད་དུ་རུང་བར་བྱེད་པ་དང༌། བསྟན་པའི་རྣམ་གཞག་ངེས་པ་གཉིས་ཀྱིས་འཆད་དོ། །འཐད་པ་ནི། ཐོག་མར་ཉན་པ་པོའི་སྣོད་ཁྱད་པར་ཅན་དུ་བསྒྲུབས་ནས། དེ་ནས་སངས་རྒྱས་ཀྱི་བསྟན་པའི་བྱུང་ཚུལ་བཀའ་བསྟན་བཅོས་ཀྱི་རིམ་པ་རྣམས་བསྟན་པས། ཤིན་ཏུ་འབྲེལ་ཆགས་པར་འགྱུར་བའི་ཕྱིར་རོ། །ཉན་པ་པོ་སྣོད་དུ་རུང་བའི་ཆོས་ལ། མཛད་པ་པོ་སློབ་དཔོན་གྱི་ཆེ་བ། དེས་མཛད་པ་ཆོས་ཀྱི་ཆེ་བ། ཆེ་བ་དེ་ལྟ་བུ་དང་ལྡན་པའི་ཆོས་དེ་བཤད་ཅིང་མཉན་པའི་ཚུལ་དང་གསུམ་མོ། །འཐད་པ་ནི། སློབ་དཔོན་དང་ཆོས་ཀྱི་ཆེ་བ་བརྗོད་པས། ཉན་པ་པོ་དང་རྗེས་འཇུག་རྣམས་བླ་མ་དང་ཆོས་ལ་དད་མོས་སྐྱེ། དེས་བྱིན་རླབས་ཞུགས་ནས་ཐར་པའི་ལམ་དང་ཆོས་ལ་འཇུག་པའི་རྒྱུ་བྱེད་དེ། རྒྱ་ཆེར་རོལ་པ་ལས། དེ་ལ་དད་པ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་ལས་སུ་རུང་བར་བྱེད་པའོ། །ཞེས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། འདི་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པ་ལགས་པར་གསུངས། །ཞེས་གསུངས་པ་ལྟར་རོ།།

དེ་བཞིན་བསྟན་པའི་རྣམ་གཞག་ངེས་པ་ཡང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ་ལས[18]། བསྟན་པའི་རྣམ་གཞག་ངེས་པ་ལ། དང་པོ་སྟོན་པས་འཁོར་ལོ་གསུམ་ཇི་ལྟར་གསུངས་པའི་ཚུལ། བར་དུ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྡུས་པའི་ཚུལ། ཐ་མར་བསྟན་བཅོས་མཁན་པོ་རྣམས་ཀྱིས་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་དང་གསུམ་གྱིས་འཆད་དེ་གོང་དུ་བཤད་པ་བཞིན་ནོ། །འདི་དག་ནི་བཤད་ཚུལ་ངེས་པའི་ཚིག་གོ །ཞེས་གསུངས་པ་ལྟར་གྱི་ཁྱད་ཆོས་རྨད་དུ་བྱུང་བ་དང་། ལྷག་པར་བོད་གངས་ཅན་གྱི་མདོ་སྔགས་ཀྱི་བཤད་གྲྭ་ཆེ་ཁག་རྣམས་སུ་གཙོ་བོར་པཎ་གྲུབ་འདི་དག་གི་ལེགས་བཤད་རྩ་བར་བཞག་སྟེ་སློབ་གཉེར་རྒྱ་ཆེར་བྱེད་པའི་སྲོལ་བཟང་ད་དུང་ཡང་མ་ཉམས་པར་ཡོད་པ་དག་ལ་གཟིགས་ནས་ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་བྱ་བ་ལྗགས་རྩོམ་མཛད་པ་དང་། སྐུ་ཐང་འབྲི་སྲོལ་ལྗགས་བཀོད་མཛད་པ་བཅས་ཀྱི་སྲོལ་བཟང་གསར་གཏོད་མཛད་པ་ནས་བཟུང་སྟེ་པཎ་གྲུབ་བཅུ་བདུན་ཞེས་པའི་ཐ་སྙད་དེ་ཤིན་ཏུ་གྲགས་ཆེ་བར་གྱུར་ཏོ། །དེ་ལྟར་སྲོལ་བཟང་བཏོད་པའི་དགོས་དམིགས་སོགས་ཀྱི་སྐོར་ཞིབ་ཕྲ་མཁྱེན་པར་འདོད་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ལ་སྤྱན་རས་གཡོ་བར་འཚལ་ལོ་ཞེས་ཞུའོ།།

ཞར་བྱུང་དུ་ཞུ་བྱའི་གནད་དོན་གཅིག་ནི། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས[19]། གཉིས་པ་ནི། སློབ་དཔོན་འདི་ཡི་རྗེས་སུ་འབྲང་བའི་གཙོ་བོ་ནི་སློབ་དཔོན་འཕགས་པ་ལྷ་ཡིན་ཏེ། འདིས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པར་སློབ་དཔོན་གྱི་སྲོལ་འདི་རྒྱས་པར་བཀྲལ་ཞིང་། སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་ཟླ་བ་གྲགས་པ་དང་ཞི་བ་འཚོ་ལ་སོགས་པ་དབུ་མ་པ་ཆེན་པོ་རྣམས་ཀྱིས་སློབ་དཔོན་དང་འདྲ་བར་ཡིད་ཆེས་པའི་ཁུངས་སུ་བྱེད་དོ། །དེའི་ཕྱིར་དཔོན་སློབ་གཉིས་ཀའི་གཞུང་ཕྱི་མོ་ཞེས་སྔ་རབས་པ་རྣམས་ཟེར་བ་ལྟར་ཡིན་པས། འདིར་འཕགས་པ་ཡབ་སྲས་ཀྱི་རྗེས་སུ་དེ་དག་གི་དགོངས་པ་བཀྲལ་བའི་ཚུལ་བརྗོད་པར་བྱ་ལ། དེ་ཡང་སློབ་དཔོན་དཔའ་བོ་དང་ཀླུའི་བྱང་ཆུབ་ལ་སོགས་པ་མཁས་པའི་དབང་པོ་མང་པོ་ཡོད་མོད་ཀྱང་། འདི་དག་གིས་བཀྲལ་བའི་དབུ་མའི་བསྟན་བཅོས་འགྱུར་བ་མི་སྣང་བས། དེ་ལས་གཞན་པ་གཞུང་ཡོད་པ་རྣམས་ཀྱི་ལུགས་ཁྱད་པར་ཆེ་བ་རྣམས་བཤད་པར་བྱའོ། །གསུངས་པ་ལྟར། དཔའ་བོ་དང་ཀླུ་བྱང་ལ་སོགས་པ་པཎ་གྲུབ་བཅུ་བདུན་གྱི་གྲས་སུ་མ་བཞག་པའི་གནད་ཀྱང་འདི་དག་ལ་ཐུག་པ་ཡིན་འདུག་སྙམ་མོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཞེ་ཆེན་ཆོས་འབྱུང་། ཞེ་ཆེན་དགོན་པའི་པར་མ། དཔེ་གཟུགས། ཤོག་གྲངས་ ༣བ༡

[2] གཞུང་རྩོམ་སྟངས་ཀྱི་ཆ་ནས། ས་བཅད་དང་སྦྲགས་ནས་རྩོམ་ལུགས་འདི་རྒྱ་གར་ན་མེད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ལ། དེ་ཡང་ཐོག་མར་ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོ་ནས་བཟུང་སྟེ་བྱུང་བ་ཞིག་ཡིན་པར་གྲགས།

[3] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༦༥

[4] རྩ་རྒྱུད་ཀྱི་འགྲེལ་པ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༩

[5] རྩ་རྒྱུད་འགྲེལ་པ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༩

[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༨༥༧

[7] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ པ། ༡༩༩༥ ལོ། ཤོག་གྲངས་ ༨༥

[8] བསྟན་དར་ལྷ་རམས་པའི་གསུང་འབུམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༧༨

[9] ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། པོད། ༼ང༽ ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༡

[10] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧ༽ དེབ་ཨང་༡༥ པ། ༢༠༠༨ ལོ། ཤོག་གྲངས་ ༨༣༠

[11] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༡༠

[12] ནང་རིག་པའི་ཚིག་མཛོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༤༠༥

[13] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཆོ༽ དེབ་ཨང་ ༡༡༥ པ། ༢༠༠༨ ལོ། ཤོག་གྲངས་ ༡༠༡༢

[14] བཞི་བརྒྱ་པའི་རྣམ་བཤད་ཀླུ་དབང་དགོངས་རྒྱན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༥

[15] ལམ་རིམ་རྣམ་གྲོལ་ལག་བཅངས། ཡོངས་འཛིན་གླིང་ཚང་བླ་བྲང་། ༢༠༡༢ ལོ། ཤོག་གྲངས་ ༢༡

[16] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༥

[17] དྲི་མེད་འོད་ཟེར་གྱི་གསུང་འབུམ། ༼ཝཾ༽ ༼མེ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༣༥ན༣

[18] དྲི་མེད་འོད་ཟེར་གྱི་གསུང་འབུམ། ༼ཝཾ༽ ༼མེ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༣༦བ༤

[19] དྲང་ངེས་ལེགས་བཤད་སྙིང་པོ། བློ་གླིང་དཔེ་མཛོད་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༠༣

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༤༥ ནས་ ༦༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *