༡༽ ཁ་ཆེ་འདུས་བཟང་དང་བླ་སློབ་ཡིན་མིན།
དེ་ཡང་བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྔགས་པ་ལས[1]།
སྐྱེས་སྟོབས་རྣམ་དཔྱོད་མཁའ་ལྟར་རབ་ཡངས་པས། །
འབུམ་སྡེ་དགུ་བཅུ་རྩ་དགུ་ཐུགས་ལ་མངའ། །
ཆོས་མངོན་རྒྱ་མཚོའི་དགོངས་དོན་གསལ་མཛད་པ། །
ཀུན་མཁྱེན་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །
ཞེས་བསྔགས་པ་ཆོས་མངོན་པ་མཛོད་མཛད་པ་པོ་སློབ་དཔོན་དབྱིག་གཉེན་དང་། མཛོད་ཀྱི་སེར་བ་མཛད་པ་པོ་ཁ་ཆེའི་སློབ་དཔོན་དགེ་འདུན་བཟང་པོའམ་ཁ་ཆེ་འདུས་བཟང་རྣམ་གཉིས་བླ་སློབ་ཡིན་མིན་གྱི་བཞེད་ལུགས་གཉིས་སུ་སྣང་ཞིང་། སློབ་དཔོན་འདུས་བཟང་ནི། ལེགས་སྦྱར་སྐད་དུ། སཾ་གྷ་བྷ་དྲཿསྟེ། སཾ་གྷ་འདུས་པ་དང་། མཉམ་དུ་འཚོགས་པ། དགེ་འདུན་བཅས་ལ་བསྒྱུར་ཅིང་། བྷ་དྲ་བཟང་པོའི་དོན་ཡིན་པས། འདུས་བཟང་ངམ་དགེ་འདུན་བཟང་པོ་ཞེས་ཞུ་ཞིང་། སློབ་དཔོན་དགེ་འདུན་བཟང་པོའམ་ཁ་ཆེ་འདུས་བཟང་ནི། ཁ་ཆེའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཁ་ཆེའམ་ཀསྨིར་ཡུལ་གྱི་ནང་པའི་སློབ་དཔོན་མཁས་པ་གྲགས་ཅན་ཞིག་ཡིན་ལ། སློབ་དཔོན་དབྱིག་གཉེན་གྱི་བླ་མ་ཡིན་པས་དུས་རབས་ ༣ པའི་མཇུག་དང་ ༤ པའི་སྟོད་གང་རུང་དུ་བྱོན་སྙམ། ཁོང་གིས་ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་དང་མཐུན་པ་བརྩམས་སོ།།
དེ་ལྟའི་སློབ་དཔོན་འདུས་བཟང་བླ་མའི་གཙོ་བོར་བརྟེན་པས་སློབ་དཔོན་དབྱིག་གཉེན་གྱི་བླ་མའི་གཙོ་བོ་ཞིག་ཡིན་ལ། སློབ་དཔོན་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་རྒྱས་པ་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ། ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[2]། སློབ་དཔོན་ནི་ཀསྨིར་སྟེ་ཁ་ཆེའི་མི་རིགས་ཡོད་སྨྲ་བའི་སྡེ་པ་ལྷག་མཐོང་ཊཱིཀ་ཆེན་མཛད་པ་པོ་སྟེ། སློབ་དཔོན་དགེ་འདུན་བཟང་པོ་འདི་ཉིད་གཞོན་ནུའི་དུས་ནས་བློ་རྣོ་བར་གྲགས་ཤིང་། ཕྱིས་མཁས་པ་ཆེན་པོར་གྱུར་ནས་ཡོད་སྨྲ་བའི་སྡེའི་ལྷག་མཐོང་ཊཱིཀ་ཆེན་མཛད་པས། སྐབས་དེར་སློབ་དཔོན་དབྱིག་གཉེན་གྱིས་གཟུང་འཛིན་སུན་འབྱིན་པའི་ཕྱིར་དུ་ཆོས་མངོན་པ་མཛོད་མཛད་པ་བརྗོད་བྱ་ཕུན་སུམ་ཚོགས་ཤིང་། རྗོད་བྱེད་ཟབ་ཅིང་བརླིང་བས་འདུན་བཟང་གིས་མཐོང་ནས་དོགས་པ་སྐྱེས་ཏེ། ལོ་བཅུ་གཉིས་ཀྱི་རིང་མཛོད་ཀྱི་སེར་བ་ཞེས་བྱ་བའི་བསྟན་བཅོས་ཤླཽ་ཀ་ཉིས་ཁྲི་ལྔ་སྟོང་པ་ཚིག་བརྒྱད་ཁྲིར་ལོངས་པ་ཞིག་མཛད་ནས་སློབ་མ་རྣམས་ལ་སྨྲས་པ། བདག་གི་བསྟན་བཅོས་རྣམ་དཔྱོད་ཕུལ་དུ་ཕྱིན་པས་ཤིན་ཏུ་བརྟགས་པར་བྱས་པས། དབྱིག་གཉེན་རིག་བྱེད་རྒན་པོའི་ང་རྒྱལ་བསྙིལ་དུ་ཉེ་བ་ཡིན། རིག་བྱེད་རྒན་པོ་མི་གཅིག་གི་སྙན་གྲགས་ཀྱི་སྐལ་བའི་བདག་པོར་དབང་ཐོབ་ཏུ་སྟེར་མི་རུང་། ཁྱེད་ཚོས་ཁོང་ལ་བལྟ་རུ་ཆུག་ཅེས་གསུངས་པས། སློབ་མ་རྣམས་ཐེ་ཚོམ་དུ་གྱུར་པ་ན། དབྱིག་གཉེན་གྱིས་སྨྲས་པ་བདག་རྒས་འཁོགས་ཤིག་ཁོང་གཞོན་ལ་དར་དྲག་ང་རྒྱལ་ཆེ་བས་བཀའ་བློ་མི་བདེ་བ་མི་བྱེད་པའི་ངེས་པ་མེད་ཅིང་། ཡུལ་འདིར་ཚད་ཐུབ་ཀྱི་མཁས་པ་དཔང་པོར་འོས་པ་མེད་པས། ཡུལ་དབུས་སུ་ཕྱིན་ཏེ། སྐུ་ན་བགྲེས་པའི་མཁས་པ་དག་ལ་གཏུགས་ཏེ་བསྟན་བཅོས་ཀྱི་དཔང་པོ་བཅོལ་འདོད་པ་ཡིན་གསུངས་ནས་རྒྱ་གར་གྱི་ཡུལ་དུས་ཆས་སོ།།
དབྱིག་གཉེན་བྱོན་པའི་ཕྱི་ཉིན་འདུན་བཟང་དེ་གར་བྱོན་པ་དང་གློ་བུར་སེམས་འགྱུར་ང་རྒྱལ་ཆག་སྟེ་འགྱོད་པ་སྐྱེས་ཏེ། སློབ་མ་རྣམས་ལ་སྤྲིངས་ཡིག་གཏད་ནས་དབྱིག་གཉེན་ལ་འབུལ་དུ་བཏང་བར། འདི་སྐད་ཅེས་སྣང་སྟེ། ཀྱེ་མ་སློབ་དཔོན་ཆེན་པོ་ལགས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཏེ་ཚད་མའི་སྐྱེས་བུ་ནུབ་པ་དང་། རྗེས་འཇུག་རྣམས་སོ་སོ་ནས་གསུང་རབ་ལ་གོ་ཡུལ་མི་འདྲ་བར་གྱུར་པ་ན། གྲུབ་པའི་མཐའ་ཡང་མང་པོར་གྱེས་ནས། སོ་སོའི་སློབ་མས་རང་རང་གི་སྡེ་པའི་ཁ་འཛིན་བྱས་པ་ལ་བརྟེན་ནས་མི་མཐུན་ཏེ་རྩོད་པ་བྱེད་མོད་ཀྱང་། རྩ་བ་བྲུས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་མི་འགལ་བས་ན། བདག་ཚུར་མཐོང་གི་བློ་གྲོས་ཆུང་ངུས་བརྟགས་ཚེ་མངོན་པའི་བསྟན་བཅོས་མཛོད་ནི་ཐམས་ཅད་ཡོད་སྨྲའི་ལྷག་མཐོང་གི་བརྗོད་བྱ་ཆེད་དུ་དམིགས་པས་དག་པར་སྣང་བས་རང་སྟོབས་ཀྱིས་མ་དཔོགས་པར་ཊཱིཀ་ཆེན་འདི་བྱས་ཀྱང་། ད་དུང་ཐེ་ཚོམ་མ་ཆོད་ཅིང་བྱང་ཆུབ་སེམས་དཔའི་དགོངས་པ་ཡང་མ་ལོན་པར་སྣང་བས། ནོངས་པ་དང་། འགྱོད་ཐལ་ཆེ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱན་སྔར། མཐོལ་ཞིང་བཤགས་སོ། །ཉེས་པར་མི་འགྱུར་བར་མཛད་དུ་གསོལ་ལོ། །བསྟན་བཅོས་འདི་ལ་ཉེ་བར་གཟིགས་ནས་མ་ཕྱིན་པ་དང་མ་ལོང་བ་རྣམས་ལ་ཇི་ལྟར་དགྱེས་དགྱེས་སུ་བཟོད་དུ་གསོལ་ཞེས་སྣང་ཞིང་། འདུས་བཟང་དེ་ཉིད་དུ་འདས་སོ།།
དབྱིག་གཉེན་གྱིས་ཡི་གེ་དང་བསྟན་བཅོས་རྣམས་ཞིབ་ཏུ་གཟིགས་ནས། ཤུགས་རིང་བཏོན་ཏེ་བསྟན་བཅོས་ཀྱི་ནང་གི་ཚིག་འགའ་ཞིག་དང་། ལྷག་ཏུ་བསྟན་བཅོས་ཀྱི་མིང་ལ་ཡང་དག་པའི་དོན་རྣམ་པར་འབྱེད་པ་ཞེས་པ་འཆོས་པར་བརྩམས་པ་ན། འདུན་བཟང་གི་སློབ་མ་འགས་སྨྲས་པ། འདུན་བཟང་འཚོ་བའི་དུས་སུ་ཁོང་དང་མཇལ་མ་ནུས་པར་ཡུལ་གཞན་དུ་བྲོས་ཤིང་། ཁོང་འདས་པ་དང་ཁོང་གི་བསྟན་བཅོས་ལ་བསྔགས་པ་མི་མཛད་ཅིང་། མིང་བཟང་པོ་བརྗེ་བར་མཛད་ན་ངོ་ཚ་ཟེར་ཞེས་བཤད་པར། དབྱིག་གཉེན་གྱིས་བདག་ཁོང་ལ་འཇིགས་ཏེ་བྱོལ་བ་མིན་པ་སྐྱེ་བོ་ཀུན་གྱིས་ཤེས། ཁོང་གིས་བྱས་པའི་བསྟན་བཅོས་སུན་འབྱིན་ཚེ་ཤིན་ཏུ་སླ་མོད། འོན་ཀྱང་ཁོང་གིས་བསྟན་བཅོས་ཀྱི་དོན་མཐར་མ་ཕྱིན་ཀྱང་། ཚིག་སྦྱོར་ཕུན་སུམ་ཚོགས་པར་འདུག་པས། རང་རེའི་གྲུབ་མཐའ་དང་རྗེས་འཇུག་ལ་ཡང་ཕན་ཆེར་ཐོགས་པ་བྱུང་། དེར་མ་ཟད་འདའ་ཁར་ཉེས་པ་འཆགས་ཤིང་། སྔོན་གྱི་བབ་ཅོལ་གྱི་སྤྱོད་པར་ནོངས་འགྱོད་སྐྱེས་པ་སྙིང་རེ་རྗེ། ཞེས་ཐུགས་བྱམས་དཔག་མེད་མཛད་ཟེར། འདུན་བཟང་འདས་ཏེ་སྤུར་སྦྱངས་ནས་གཙུག་ལག་ཁང་དེའི་ནུབ་བྱང་མཚམས་སུ་གོམ་པ་ཉིས་བརྒྱ་ཙམ་ན་ཨ་མྲའི་ནགས་ཚལ་ཞིག་ཡོད་པའི་ནང་དུ་མཆོད་རྟེན་བརྩིགས་ཏེ་སྦས་པའི་མཆོད་རྟེན་ད་དུང་ཡང་སྣང་། ཞེས་གསུངས་པ་ལྟར། འདུས་བཟང་དབྱིག་གཉེན་ལས་སྐུ་ན་གཞོན་པ་དང་། འདུས་བཟང་གིས་དབྱིག་གཉེན་ལ་བཟོད་གསོལ་འགྱོད་བཤགས་མཛད་པར་མ་ཟད། དབྱིག་གཉེན་གྱིས་འདུས་བཟང་མ་མཇལ་བར་གསལ་ལོ།།
གཞན་ཡང་ཐང་སན་ (603-664) ལམ་ཡིག་ལས[3]། ཡོན་ཏན་འོད་ཀྱི་གཙུག་ལག་ཁང་དེའི་བྱང་ཕྱོགས་སུ་རྒྱང་གྲགས་གསུམ་བཞི་ཙམ་གྱི་སར་གཙུག་ལག་ཁང་ཞིག་ལ་དགེ་འདུན་ཉིས་བརྒྱ་ལྷག་པ་ཐེག་དམན་པ་ཁོ་ནའོ། །སློབ་དཔོན་དགེ་འདུན་བཟང་པོ་མྱ་ངན་ལས་འདས་པའི་གནས་སོ། །ཞེས་དང་། ཡང་ཐང་སན་ (603-664) ལམ་ཡིག་ལས[4]། གཙུག་ལག་ཁང་ཆུང་བ་དེའི་ཤར་ལྷོའི་ཕྱོགས་སུ་རྒྱང་གྲགས་སུམ་ཅུ་ཙམ་ན་རི་བོ་ཆེན་པོ་ངོས་ལ་ཁང་བརྩིགས་ཅིག་ཁང་ཆུང་དུ་མ་དང་བཅས་པར་དགེ་འདུན་སུམ་ཅུ་ལྷག་ཙམ་ཐེག་ཆེན་ཁོ་ན་སློབ་པ་ཡོད་པ་དེ་ནི། སྔོན་སློབ་དཔོན་དགེ་འདུན་བཟང་པོས་ཚད་མའི་བསྟན་བཅོས་ཆེན་པོ་མཛད་པའི་གནས་ཡིན་ཟེར་རོ། །ཞེས་ཀྱང་བྱུང་ངོ་།།
དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[5]། ཧྱན་ཙང་གི་ལམ་ཡིག་ཏུ་རྒྱལ་པོ་ཤ་རཱ་ཝ་ས་ཏཱི་ཞེས་པ་ཝི་ཀྲ་མཱ་དི་ཏྱའི་རྒྱལ་པོས་ (King Vikramaditya) རྒྱ་གར་ཡོངས་རྫོགས་ལ་དབང་སྒྱུར་བྱེད་པའི་སྐབས་སུ་རྒྱལ་པོ་དེ་བཞིན་སློབ་དཔོན་མ་ནོ་ར་ཐ་ (Manoratha) ལ་མ་དགའ་སྟེ་ཕྱི་རོལ་པའི་རྟོག་གེ་མཁས་པ་བརྒྱ་དང་རྩོད་དགོས་པའི་བཀའ་བཏང་བ་བཞིན་སློབ་དཔོན་གྱིས་བརྩད་ནས་དགུ་བཅུ་གོ་དགུ་རིགས་པས་ཚར་བཅད་ཀྱང་གཅིག་མ་ཐུབ་པའི་རྐྱེན་གྱིས་སློབ་དཔོན་ཐུགས་ཚ་ནས་རང་གི་ལྗགས་བཅད་དེ་རང་ཤི་སྐྱོན། སློབ་དཔོན་གཤེགས་ཁར་སློབ་དཔོན་དབྱིག་གཉེན་ལ་མི་གླེན་ལྐུགས་ལ་ཆོས་ཡང་དག་པ་སྟོན་རྒྱུ་ཁག་པོ་རེད་ཅེས་བཀའ་གནང་།
དེ་ནས་དབྱིག་གཉེན་གྱིས་ཕྱི་རོལ་པ་ལ་རྩོད་ལན་སློག་པའི་སྐབས་མ་རྙེད་པའི་སྐབས་སུ་རྒྱལ་པོ་ཝི་ཀྲ་མཱ་དི་ཏྱ་ཁྲི་ལ་བཤོལ་བའི་ཚབ་ཏུ་རྒྱལ་པོ་གཞན་ཞིག་རྒྱལ་ཁྲིར་མངའ་གསོལ། རྒྱལ་པོ་འདི་མི་དྲང་བདེན་ལ་རོགས་མགོན་གནང་མཁན་ཞིག་ཡིན་པས་ན། སློབ་དཔོན་དབྱིག་གཉེན་གྱིས་ཕོ་བྲང་དུ་གཤེགས་ཏེ་སློབ་དཔོན་དང་ཕྱི་རོལ་པའི་དབར་གྱི་རྩོད་པ་དེ་གད་གཙང་བྱེད་འདོད་ཡོད་པས་ཁོང་དང་རྩོད་ཆོག་པའི་བཀའ་ཁྲོལ་ཞུས་ཏེ་རྩོད་པས། ཕྱི་རོལ་པའི་མཁས་པ་དེ་བཞིན་དབྱིག་གཉེན་གྱིས་ཚར་བཅད་ཅེས་གསལ། ལམ་ཡིག་དེ་དང་ལོ་རྒྱུས་ཕྱོགས་འདྲ་བ་ཞིག་དབྱིག་གཉེན་གྱི་རྣམ་ཐར་དུ་གསལ་ཡང་ཕྲན་བུ་མི་མཐུན་ནོ།།
དེ་ཡང་དབྱིག་གཉེན་རྣམ་ཐར་ (T 2049, vol. 50,P. 189c, 27-P. 190a, 15) ལས་རྒྱལ་པོ་ཝི་ཀྲ་མཱ་དི་ཏྱས་ (King Vikramaditya) ཕྱི་རོལ་པའི་མཁས་པ་ཝིན་དྷྱ་ཝཱ་སིན་ (Vindhyavasin) དང་རྩོད་གླེང་གནང་འཐུས་ཀྱིས་བཀའ་ཁྲོལ་གནང་ནས་ཝི་དྷྱ་ཝཱ་སིན་རྩོད་པར་འབྱོར་སྐབས་སློབ་དཔོན་མ་ནོ་ར་ཐ་དང་། སློབ་དཔོན་དབྱིག་གཉེན་བཞུགས་མེད་པས་སློབ་དཔོན་སངས་རྒྱས་བཤེས་གཉེན་ (Buddhamitra) གྱིས་རྩོད་ཀྱང་སློབ་དཔོན་སྐུ་ན་བགྲེས་པས་ཕམ་ཞེས་གསལ་ཡང་དབྱིག་གྱི་གཉེན་རྣམ་ཐར་ (T 2049, vol. 50 , P. 190b, 6-11) ལས་ཝིན་དྷྱ་ཝཱ་སིན་ (Vindhyavasin.) གྱི་རྩོད་ཟློག་ཏུ་ཆེད་གཉེར་གྱིས་སློབ་དཔོན་དབྱིག་གཉེན་གྱིས་དོན་དམ་བདུན་ཅུ་པ་ (Paramarthasaptatiko) ལྗགས་རྩོམ་བྱེད་བཞིན་པར་སྐྱེ་འགྲོ་མང་པོར་བྱེ་བྲག་ཏུ་བཤད་པ་ལྗགས་བཤད་མཛད་པ་རྣམས་བརྗོད་དོན་དུ་བྱས་པའི་ཉིན་རེར་ཚིགས་བཅད་རེར་བཀའ་རྩོམ་མཛད་དེ། ནམ་ཞིག་ན་ཚིགས་བཅད་དྲུག་བརྒྱ་ལྷག་ཙམ་ལོངས་པར་བྱུང་བ་རྣམས་ཟངས་ཀྱི་གླེགས་བུར་བརྐོས་ཏེ་ཁ་ཆེའི་ཡུལ་གྱི་སློབ་དཔོན་ཚོར་སྐྱེས་སུ་ཕུལ་སྐབས་སློབ་དཔོན་དབྱིག་གཉེན་གྱིས་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་གྲུབ་མཐའ་དར་སྤེལ་མཛད་པར་ཁ་ཆེའི་སློབ་དཔོན་རྣམས་གུས་སྤྲོ་འཕེལ་གཤིས་ང་ཚོ་འདིའི་དོན་ཤེས་འདོད་པས་འདི་ལས་གསལ་བའི་རང་འགྲེལ་ཞིག་བཀའ་རྩོམ་ཡོང་བར་བསྐུལ་བའི་ངོར་རང་འགྲེལ་མཛད་དེ་མཚན་ཡང་ཆོས་མངོན་མཛོད་ཅེས་གསོལ་ཏེ་བསྐུར་ཏོ།།
འོན་ཀྱང་རང་འགྲེལ་དུ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལ་ཟུར་ཟ་དང་ཆབས་ཅིག་མདོ་སྡེ་པའི་གྲུབ་མཐའ་བསྟན་ཡོད་པས། ཁ་ཆེའི་སློབ་དཔོན་གཞན་རྣམས་ཀྱིས་རྩོད་པ་ཟློག་མ་ནུས་རུང་། ཁ་ཆེའི་སློབ་དཔོན་འདུས་བཟང་གིས་མཛོད་ཀྱིས་རྩོད་ཟློག་དང་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་སྲུང་ཕྱིར་བསྟན་བཅོས་ལྟ་བའི་གཟི་བརྗིད་འབར་བ་ཞེས་པ་ཤླཽ་ཀ་ཁྲི་ཡོད་པ་ཞིག་དང༌། རིགས་པའི་རྗེས་འབྲང་ (Suishihiun) ཞེས་ཤླཽ་ཀ་ཆིག་འབུམ་ཉིས་ཁྲི་བྱས་པ་གཉིས་བརྩམས་ནས་དབྱིག་གཉེན་དང་རྩོད་པར་ཨ་ཡོ་དྷྱཱ་ལ་ཕེབས་ཀྱང་སྐབས་དེར་སློབ་དཔོན་དགུང་ལོ་མཐོན་པོར་ཕེབས་ཏེ་རྩོད་པ་བྱེད་པར་ཞལ་བཞེས་མ་གནང་བར་གསལ་ལོ།།
གོང་གསལ་སློབ་དཔོན་འདུས་བཟང་གིས་མཛད་པའི་བསྟན་བཅོས་རིགས་པའི་རྗེས་འབྲང་དང་། རྟོགས་པའི་སྒྲོན་མེ་གཉིས་ཀ་ཧྱན་ཙང་གིས་རྒྱ་ནག་སྐད་དུ་བསྒྱུར་བའི་ད་ཡོད་རྟོགས་པའི་སྒྲོན་མེ་ལ་བམ་པོ་བཞི་བཅུ་དང་། རིགས་པའི་རྗེས་འབྲང་ལ་བམ་པོ་བརྒྱད་ཅུ་ཡོད་ལ། སྤྱིར་བཏང་གི་དབང་དུ་བཏང་ཚེ་རྒྱ་ནག་གི་ཡི་གེ་ཉི་ཤུ་ལ་ཤླཽ་ཀ་གཅིག་དང་། བམ་པོ་རེ་ལ་ཤླཽ་ཀ་སུམ་བརྒྱ་བདུན་ཅུ་དོན་ལྔ་ཡོད་པ་རེད། ལེགས་སྦྱར་མ་དཔེའི་ཚིག་ཟློས་རྣམས་རྒྱ་ནག་གི་སྐད་དུ་མི་འགྱུར་བར་ཚིག་གཅིག་གིས་འཐུས་པར་བྱེད། རྟོགས་པའི་སྒྲོན་མེའི་ལེགས་སྦྱར་ཕྱི་མོ་ལ་བམ་པོ་བཞི་བཅུ་ཡོད་པས་དེ་ལ་ཤླཽ་ཀ་ཆིག་ཁྲི་ནས་ཆིག་ཁྲི་ལྔ་སྟོང་ཡོད་དགོས་པར་དོན་དམ་པས་ (499-569) ཀྱང་ལྟ་བའི་གཟི་བརྗིད་འབར་བར་ཤླཽ་ཀ་ཆིག་ཁྲི་ཡོད་པར་གསུངས་པ་དང་མི་མཐུན་པ་མི་འདུག །འོན་ཀྱང་རིགས་པའི་རྗེས་འབྲང་ལ་ཤླཽ་ཀ་ཆིག་འབུམ་ཉིས་ཁྲི་ཡོད་གསུངས་པ་དང་བསྡུར་ན་གཞུང་ཚད་མི་འགྲིག
དེ་དང་བརྗོད་དོན་མཐུན་པར་ཧྱན་ཙང་གི་རྒྱ་གར་ལམ་ཡིག་དུ་ཡང་ཁ་ཆེའི་སློབ་དཔོན་འདུས་བཟང་གིས་སློབ་དཔོན་དབྱིག་གཉེན་གྱི་མཛོད་ཀྱི་རྩོད་ཟློག་ཏུ་བྱེ་བྲག་སྨྲ་བའི་ཁྱད་ཆོས་སྟོན་ཕྱིར་ལོ་བཅུ་གཉིས་ཀྱི་རིང་མངོན་མཛོད་བཀག་པ་ཞེས་པའི་བསྟན་བཅོས་ཚིགས་བཅད་ཉི་ཁྲི་ལྔ་སྟོང་དུ་ལོངས་པ་ཞིག་ལྗགས་རྩོམ་མཛད་རྗེས། དབྱིག་གཉེན་དང་རྩོད་པར་ཤཱ་ཀ་ལར་ (sakla) ཆིབས་བསྒྱུར་མཛད་ཀྱང་། སྐབས་དེར་དབྱིག་གཉེན་སྐུ་ན་བགྲེས་པས་ཤཱ་ཀ་ལ་ནས་རྒྱ་གར་དབུས་ཕྱོགས་སུ་ཕེབས་ཐོན་མཛད། སློབ་དཔོན་འདུས་བཟང་གིས་ཀྱང་དབྱིག་གཉེན་གྱི་ཕེབས་རྗེས་བསྙེགས་ཏེ་རྒྱ་གར་དབུས་སུ་ཕེབས་ཀྱང༌། དབྱིག་གཉེན་དང་མ་མཇལ་བར་གནས་དེར་གཤེགས་ནས་འདུས་བཟང་གི་སློབ་མ་ཚོས་དབྱིག་གཉེན་ལ་རྩོད་ཡིག་གཟིགས་སུ་ཕུལ་བས་སློབ་དཔོན་དབྱིག་གཉེན་གྱིས་བསྟན་བཅོས་འདིའི་མཚན་ལ་བྱེ་བྲག་བཤད་པའི་གྲུབ་མཐའི་བཤད་པ་ཞེས་མཚན་གསོལ་ཞེས་གསལ། འདིའི་སྐོར་ཞིབ་ཆ་བོད་བསྒྱུར་ཧྱན་ཙང་གི་ལམ་ཡིག་ལ་གཟིགས་དགོས་སོ།།
དེ་ལྟར་སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་ལས་བརྩམས་པའི་རྒྱ་བོད་ཀྱི་བཤད་སྲོལ་མི་མཐུན་པས་འདི་ཡིན་དེ་མིན་ཞེས་གསལ་པོར་ཐག་གཅོད་མི་ནུས་ཀྱང་། རྒྱ་ནག་གི་བཤད་སྲོལ་རྣམས་སློབ་དཔོན་དབྱིག་གཉེན་དང་དུས་ཐག་ཉེ་བའི་ཆ་ནས་ལོ་རྒྱུས་བཙན་པར་མངོན་ལ། སློབ་དཔོན་འདུས་བཟང་སློབ་དཔོན་དབྱིག་གཉེན་གྱི་ཡོངས་འཛིན་ཡིན་ཚུལ་གྱི་བོད་ཀྱི་བཤད་སྲོལ་ཡང་ལོ་རྒྱུས་རིག་པ་དང་མི་མཐུན་པས། རྒྱ་ནག་གི་བཤད་སྲོལ་ལྟར་འདུས་བཟང་དབྱིག་གཉེན་ལས་སྐུ་གཞོན་པ་ཡིན། ཕྱོགས་མཚུངས་བུ་སྟོན་ཆོས་འབྱུང་ (107a6–113a1) སོགས་སུ་སློབ་དཔོན་དབྱིག་གཉེན་ལ་སློབ་མ་རང་ལས་མཁས་པ་བཞི་བྱུང་སྟེ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ་དང་། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཅེས་གྲགས་ཀྱང་། དེ་དག་སློབ་དཔོན་འདིའི་བརྒྱུད་པའི་སློབ་མ་ཙམ་ལ་དགོངས་པ་ལས་དངོས་སློབ་མིན་ནོ། །ཞེས་གསལ་བ་ལྟར་དཔྱད་དགོས་པ་མང་དུ་སྣང་ངོ་།།
ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱི་གསན་ཡིག་གདེངས་ཅན་རོལ་པའི་ཆུ་གཏེར་ལས[6]། མཁས་མཆོག་དབྱིག་གཉེན་གྱིས་མཛད་པའི་ཤེས་བྱ་གཞི་ལྔ་སྟོན་པ་ཆོས་མངོན་པ་མཛོད་གནས་བརྒྱད་ཀྱི་བདག་ཉིད་ཅན་པཎྜི་ཏ་ཛི་ན་མི་ཏྲ་[7]དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའི་སྟེང་ནས་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། འཕགས་པའི་གནས་བརྟན་འོད་སྲུང་ཆེན་པོ། འཕགས་པ་ཀུན་དགའ་བོ། དགྲ་བཅོམ་པ་དབྱངས་སྒྲོག །ཁ་ཆེ་འདུས་བཟང་། མཁས་མཆོག་དབྱིག་གཉེན། ཁ་ཆེ་དྲི་མེད་སྦས་པ། པཎྜི་ཏ་སྨྲི་ཏི་ཛྙཱ་ན། མངོན་པ་བ་ཤེས་རབ་གྲགས་སོགས་རིམ་པར་གསལ་བ་ལས་མཁས་མཆོག་དབྱིག་གཉེན་གྱི་སྔོན་དུ་ཁ་ཆེ་འདུས་བཟང་བྱོན་པར་གསུངས་ལ། དེབ་ཐེར་ལ་ལར་དབྱིག་གཉེན་ལས་ཁ་ཆེ་འདུས་བཟང་སྐུ་ན་གཞོན་པར་གསལ་བས་དཔྱད་དགོས་པའི་གནས་སོ།།
གཞན་ཡང་སློབ་དཔོན་སངྒྷ་བྷ་དྲ་སྟེ་དགེ་འདུན་བཟང་པོ་དབྱིག་གཉེན་གྱི་སློབ་དཔོན་མིན་པ་ནི། འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[8]། དེ་ཡང་ཨ་ཡུར་ཙཱའི་རྒྱལ་པོའི་སྲིང་མོའི་མག་པ་ཞིག་ཕྱི་རོལ་པ་བྲམ་ཟེའི་སློབ་དཔོན་ཞིག་ཡིན་ལ། ཕྱི་རོལ་པའི་གཞུང་བི་ཀ་ར་ཞེས་པར་མཁས་པར་གྲགས། རྒྱལ་པོ་སློབ་དཔོན་འདི་ལ་དད་གུས་ཆེ་བར་བྲམ་ཟེ་དེ་ཕྲག་དོག་ལངས་ནས་སློབ་དཔོན་ལ་ཁྱེད་སམ་ཁྱ་ (གྲངས་ཅན་པའི་གཞུང་།) ལ་དགག་པ་བྱས་ཀྱང་ཁྱེད་ཀྱི་མངོན་པ་མཛོད་ལ་ལྟོས་ན་ཁོ་བོའི་བི་ཀ་ར་དོན་ཟབ་ཅིང་རྒྱ་ཆེ་བ་ཡིན་པས་ཁྱེད་སངས་རྒྱས་པ་རྣམས་ཀྱིས་དེ་ལ་དགག་ཕོད་དམ་ཟེར། སློབ་དཔོན་གྱིས་དངོས་པོའི་གནས་ལུགས་སྟོན་པའི་གཞུང་སངས་རྒྱས་པའི་གཞུང་ལས་ལྷག་མེད་པས་སམ་ཁྱ་དགག་ཐུབ་ན་བི་ཀ་ར་དགག་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད་གསུངས་ནས་གཞུང་བམ་པོ་སོ་གཉིས་པ་ཞིག་མཛད་ནས་བི་ཀ་ར་ཚར་གཅོད་པར་མཛད་དོ།།
བྲམ་ཟེ་དེས་སློབ་དཔོན་གྱི་གཞུང་ལ་དགག་པ་གཏོང་མ་ཐུབ་ཀྱང་སེམས་ཀྱི་ཕྲག་དོག་གནོན་པར་མ་བཟོད་ནས་ཡུལ་དབུས་ཀྱི་སློབ་དཔོན་སངྒྷ་བྷ་དྲ་སྟེ་དགེ་འདུན་བཟང་པོ་ཞེས་པར་མངོན་པ་མཛོད་ལ་དགག་པའི་[9]སྐུལ་མ་བྱས། སློབ་དཔོན་དེས་ཀྱང་འོད་གསལ་ཏིང་ངེ་འཛིན་ཞེས་པ་ཤླཽ་ཀ་སྟོང་ཕྲག་བཅུ་པ་ཞིག་དང་། བདེན་པར་བརྟེན་པ་ཞེས་པ་ཤླཽ་ཀ་སྟོང་ཕྲག་ཉི་ཤུ་པ་ཞིག་བཅས་གཞུང་གཉིས་བརྩམས་ནས་ཨ་ཡུར་ཙཱའི་སློབ་དཔོན་ལ་རྩོད་པར་ཕྱིན། སློབ་དཔོན་གྱིས་གཞུང་དེ་གཉིས་གཟིགས་ནས་གནད་ཐེབས་ཀྱི་དགག་པ་མི་འདུག་ཅིང་། ལན་གྱིས་བཟློག་དཀའ་བ་མེད་ཀྱང་རྩོད་པ་བྱས་ན་མི་ལེགས་སྙམ་ནས་ཁོ་བོའི་གཞུང་ན་ཁྱེད་ཀྱི་འདོད་ཚུལ་ཕྱོགས་སྔར་བླངས་ནས་དགག་པ་མེད་ལ་དེང་ཡང་རྩོད་པ་མ་བྱས་ན་བཟང་། ཁྱེད་ཀྱི་གཞུང་དང་ཁོ་བོའི་གཞུང་གཉིས་ཀ་སྤེལ་ནས་བདེན་རྫུན་གྱི་རྣམ་དབྱེ་མང་མང་ལ་དབྱེ་རུ་འཇུག་གསུངས་ནས་རྩོད་པ་མ་མཛད་པས་སཾ་གྷ་བྷ་དྲ་ཡང་ཕྱིར་སོང་ངོ་། །ཞེས་བྱུང་བ་ལྟར་ན། རྒྱའི་ཡིག་ཆ་དེ་གཉིས་སུ་སློབ་དཔོན་དགེ་འདུན་བཟང་པོ་མཁས་མཆོག་དབྱིག་གཉེན་གྱི་བླ་མ་ཡིན་པར་མི་སྣང་བས་དཔྱད་དགོས་སོ།།
འོན་ཀྱང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་ལས[10]། གཅུང་གིས་ཆོས་མངོན་པ་དར་བར་ལུང་བསྟན་པའི་ཡུལ་ལྗོངས་ཁ་ཆེར་བྱོན་ནས། ཁ་ཆེ་འདུས་པ་བཟང་པོ་ལ་ཐེག་ཆུང་གི་མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཛོད་ལ་སོགས་པ་ལེགས་པར་བསླབས་ཏེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་གཙོ་བོར་སྟོན་ཅིང་རིགས་པ་དང་འགལ་བ་རྣམས་རྩ་བར་ཡང་ཅུང་ཟད་བཀག་ཅིང༌། འགྲེལ་པས་རྒྱས་པར་བཀག་ནས་མདོ་སྡེ་པའི་ལུགས་འཇོག་པའི་བསྟན་བཅོས་མཛོད་རྩ་འགྲེལ་མཛད་དེ། ཐེག་ཆེན་ལ་ཐུགས་སྡང་བར་གནས་པ། གཅེན་གྱིས་འདུལ་ཐབས་མཛད་པས། ཕྱིས་ཐེག་ཆེན་ལ་ཤིན་ཏུ་མོས་ཤིང་མཁས་པར་གྱུར་ཏེ། པྲ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པ་རང་གི་དང༌། གཞན་འགྲེལ་གྱི་བསྟན་བཅོས་རྒྱ་ཆེར་བརྩམས་ཤིང༌། འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་མངའ་བ་བརྒྱད་སྟོང་པ་ལ་ཞལ་འདོན་རྒྱུན་དུ་མཛད་པ་སོགས་ཀྱི་རྣམ་ཐར་རྒྱས་པ་གཞན་དུ་གསལ་ལོ། །ཞེས་ཁ་ཆེ་འདུས་བཟང་སློབ་དཔོན་དུ་བསྟེན་ནས་བྱེ་བྲག་བཤད་མཛོད་ཆེན་མོ་སོགས་ལ་ལེགས་པར་བསླབས་པར་གསུངས་སོ།།
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[11]། དེ་ནས་བྱེ་བྲག་ཏུ་སྨྲ་བ་རིམ་པས་ཁ་དྲང་བའི་ཕྱིར་མདོ་སྡེ་པའི་ལྟ་བར་གནས་ཤིང་། ཁ་ཆེ་བའི་ལུགས་ལ་ཟུར་ཟ་བ་མངོན་པའི་མཛོད་བརྩམས་ནས་སྐྱེས་དང་བཅས་ནས་ཁ་ཆེ་འདུས་བཟང་ལ་བསྐུར་བས་མཉེས་ཏེ་འགྲེལ་པ་མདོ་དང་མཐུན་པ་ཡང་མཛད། འདིའི་ལོ་གྲག་ཟེར་གསུམ་རྣམས་ངེད་རང་གི་གྲུབ་མཐའ་ལ་ཟུར་ཟའོ་བྱས་པས་ཁོང་རྩོམ་པ་ལ་མཁས་པས་ཚིག་གི་རྒྱན་ཡིན་གསུངས། ཡང་དེ་གསལ་བར་བྱ་ཕྱིར་མཛོད་ཀྱི་རང་འགྲེལ་བརྩམས་ཏེ་བསྐུར་བས་མཁྱེན་ཏེ་ལན་གྱི་ཕུང་པོ་བརྩམས། རྩ་བ་སུན་འབྱིན་གྱི་འགྲེལ་པ་འདི་ལུང་རིགས་ཀྱིས་ཚར་བཅད་ལ་ཁོ་རང་གསུབ་ཏུ་གཞུག་དགོས་གསུངས་ནས་འབྱོན་པར་བརྩམས། དབྱིག་གཉེན་གྱིས་ཀྱང་དེ་སློབ་དཔོན་ཡིན་པས་རྩོད་དུ་མི་རུང་ངོ་སྙམ་སྟེ་རང་བྱུང་གི་མཆོད་རྟེན་ལྟའོ། །ཞེས་བལ་ཡུལ་དུ་བྱོན་པས་བལ་པོར་བན་གཟུགས་ཆང་གི་བུམ་པ་ཐོགས་པ་གཅིག་གཟིགས་པས་རྣམ་རྒྱལ་ཟློག་ནས་བཏོན་པས་འདས་ཏེ་སྐུ་གདུང་གི་མཆོད་རྟེན་ཡོད། ཁ་ཆེ་འདུས་བཟང་ནི་འཁོར་མང་པོའི་ངུར་སྨྲིག་གི་འོད་ཀྱིས་ནམ་མཁའ་དམར་པོར་སོང་བར་བྱོན་ཏེ་ཡུལ་དབུས་སུ་འདས། ཞེས་གསུངས་པ་ལྟར། བུ་སྟོན་ཆོས་འབྱུང་དུ་སློབ་དཔོན་འདུས་བཟང་ནཱ་ལེནྡྲར་སྐུ་གཤེགས་པར་གསལ་བར་གསུངས་ལ། ཐང་སན་ལམ་ཡིག་ཏུའང་དེའི་ཕྱོགས་སུ་སྣང་མོད། འོན་ཀྱང་ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ་ཁ་ཆེའམ་ཀསྨིར་དུ་སྐུ་གཤེགས་པ་ལྟ་བུར་སྣང་བས་དཔྱད་དགོས་ཤིང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[12]། བོད་ཀྱི་ལོ་རྒྱུས་ལྟར་ན་མངོན་པ་མཛོད་རྩ་བ་བརྩམས་ནས་ཁ་ཆེར་འདུས་བཟང་ལ་བསྐུར་བས་དགྱེས་ཤིང་འགྲེལ་པ་གཟིགས་སུ་ཕུལ་བས་མ་དགྱེས་ཏེ། རྩོད་པའི་དོན་དུ་མ་ག་དྷཱར་བྱོན་པ་ལ། སློབ་དཔོན་དབྱིག་གཉེན་གྱིས་བལ་ཡུལ་དུ་བྱོན་པ་ཡིན་ནོ་ཞེས་ཟེར་བ། མཛོད་རྩ་འགྲེལ་བརྩམས་ནས་འདུས་བཟང་ལ་གཟིགས་ཕུལ་བས་དགྱེས་པ་དང་མ་དགྱེས་པ་སོགས་དེ་ལྟར་འཐད་དུ་རུང་ལ། འདུས་བཟང་མ་ག་དྷཱར་བྱོན་པའི་གཏམ་གསལ་པོ་རྒྱ་གར་ན་མེད་ཅིང་། བྱོན་དུ་ཟིན་ནའང་དུས་སྔ་མོར་ཡིན་པར་མངོན་པས། དབྱིག་གཉེན་བལ་ཡུལ་དུ་བྱོན་པའི་དུས་ན། འདུས་བཟང་སྐུ་འདས་ནས་ལོ་མང་པོ་ལོན་པར་མངོན་ནོ། །ཞེས་བྱུང་ངོ་།།
དེ་བཞིན་ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་ལས[13]། ཡང་རང་རེའི་ཆོས་འབྱུང་ཕལ་མོ་ཆེར་སློབ་དཔོན་དབྱིག་གཉེན་གྱིས་ཁ་ཆེའི་དགེ་འདུན་བཟང་པོ་དགེ་རྒན་དུ་བསྟེན་ནས་བྱེ་བྲག་བཤད་པ་ཆེན་མོ་སོགས་ཉན་ཐོས་སྡེ་པའི་གཞུང་མང་པོ་སྦྱངས་པར་བཤད་ཡོད་ལ། ཡིན་ནའང་ད་ལྟའི་མཁས་པ་དག་རྒྱ་ནག་གི་ཡིག་ཚང་རྙིང་ཤོས་རྣམས་གཞིར་བཟུང་སྟེ་སློབ་དཔོན་དབྱིག་གཉེན་ལས་འདུས་བཟང་སྐུ་ན་གཞོན་པ་སོགས་སྒྲུབ་བྱེད་དུ་བཀོད་ནས་འདུས་བཟང་ནི་སློབ་དཔོན་དབྱིག་གཉེན་གྱི་དགེ་རྒན་མིན་པར་བསྒྲུབས་འདུག་པ་དང་། དེ་བཞིན་སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་རང་འགྲེལ་དང་བཅས་པའི་དགག་ལན་ཁ་ཆེ་འདུས་བཟང་གིས་མཛད་པའི་བསྟན་བཅོས་ཀྱི་མཚན་ཡང་བོད་རང་གི་ཆོས་འབྱུང་ཕལ་མོ་ཆེར་བསྟན་བཅོས་ལན་གྱི་ཕུང་པོ་མཛད་པར་གྲགས་ཆེ་ལ། ལོ་ཆེན་དོན་དམ་པས་ (499-569) མཛད་པའི་སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་དུ། མཛོད་ཀྱི་རྩོད་ཟློག་དང་། བྱེ་བྲག་སྨྲ་བའི་གྲུབ་མཐའ་སྲུང་ཕྱིར་བསྟན་བཅོས་ལྟ་བའི་གཟི་བརྗིད་འབར་བ་ཞེས་པ་ཤླཽ་ཀ་ཁྲི་ཡོད་པ་ཞིག་དང་། རིགས་པའི་རྗེས་འབྲང་ཞེས་པ་མཛད་པར་བཤད།
ཡང་ཤྱན་ཙང་གི་རྒྱ་གར་ལམ་ཡིག་ལས། ཁ་ཆེའི་སློབ་དཔོན་འདུས་བཟང་གིས་སློབ་དཔོན་དབྱིག་གཉེན་གྱི་མཛོད་ཀྱི་རྩོད་ཟློག་ཏུ་བྱེ་བྲག་ཏུ་སྨྲ་བའི་ཁྱད་ཆོས་སྟོན་ཕྱིར་ལོ་བཅུ་གཉིས་ཀྱི་རིང་མངོན་པ་མཛོད་བཀག་པ་ཞེས་པའི་བསྟན་བཅོས་ཚིགས་བཅད་ཉི་ཁྲི་ལྔ་སྟོང་ཡོད་པ་ཞིག་མཛད། ཅེས་པ་སོགས་མང་ཞིང་། ད་ལྟའི་རྒྱ་ནག་དང་འཇར་པན་གྱི་ཞིབ་འཇུག་པ་ཕལ་མོ་ཆེས་དགག་ལན་གྱི་བསྟན་བཅོས་ནི་རིགས་པའི་རྗེས་འབྲང་ཞེས་པ་བམ་པོ་བརྒྱད་ཅུའི་བདག་ཉིད་ཅིག་ཡོད་པ་དེ་ཡིན་པར་ངོས་འཛིན་བྱེད། གཞུང་འདི་ནི་ལོ་ཆེན་སྡེ་སྣོད་གསུམ་པ་ཤྱན་ཙང་གིས་རྒྱ་ནག་ཏུ་བསྒྱུར་བ་ད་ལྟ་བཞུགས་པ་ལས་ཡུལ་གྲུ་གཞན་ན་ཡོད་ཚོད་མི་འདུག་གོ།
དེ་བཞིན་དུ་སློབ་དཔོན་དབྱིག་གཉེན་གྱིས་རང་གི་གཅེན་འཕགས་པ་ཐོགས་མེད་ལས་ཆོས་གསན་ཏེ་རྩོད་པ་བྱེད་པ་དང་། ཁ་ཆེའི་འདུས་བཟང་རྩོད་པའི་ཕྱིར་མ་གཱ་དྷར་བྱོན་པ་ན་སློབ་དཔོན་དབྱིག་གཉེན་བལ་ཡུལ་དུ་བྱོན་པར་བྱེད་པ་སོགས་ཀྱི་མཆིད་སྒྲོས་ཡོད་ནའང་། རྒྱ་གར་ཆོས་འབྱུང་ལས། དེ་ལྟ་བུའི་བཤད་ཚུལ་རྒྱ་གར་བའི་ངག་སྒྲོས་ཇི་བཞིན་དུ་མི་སྣང་ཞིང་། རིགས་པས་ཀྱང་མི་འཐད་པར་མངོན་ཏེ། འཕགས་པ་ཐོགས་མེད་ལ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་གསན་ནས། བླ་མ་ལ་རྩོད་པ་བྱེད་པ་དང་། བླ་མ་ལ་མ་ཞུས་པར་དཔེ་བལྟས་ནས་རྩལ་བཤད་བྱེད་པ་གཉིས་ཀར་ཡང་སྔོན་དུས་བཟང་པོའི་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་ལ་མེད་ཅིང་། འདུས་བཟང་ལ་ཡང་སློབ་དཔོན་དང་རྩོད་པ་མི་བྱེད་ཅེས་གསུང་བར་འདོད་བཞིན་དུ་འཕགས་པ་ཐོགས་མེད་ལ་རྩོད་པར་འདོད་པ་ག་ལ་འཐད། ཅེས་གསུངས་ལ། དེ་འདྲ་ཞིག་ཆོས་འབྱུང་དཔག་བསམ་ལྗོན་བཟང་དུའང་། བོད་ཀྱི་ལོ་རྒྱུས་ན་ཐོགས་མེད་དང་རྩོད་པ་མཛད་ཟེར་བ་མི་བདེན་ཞིང་། དེ་བཞིན་དུ་མཛོད་འགྲེལ་འདུས་བཟང་ལ་བསྐུར་བས་མ་གཱ་དྷར་རྩོད་ཕྱིར་བྱོན་ཚེ། བླ་མ་དང་རྩོད་མི་རུང་བར་དགོངས་ནས་བལ་པོར་བྱོོན་ཟེར་ཡང་། དབྱིག་གཉེན་བལ་པོར་འབྱོན་དུས་འདུས་བཟང་འདས་ནས་ལོ་མང་སོང་བར་གྲགས། ཞེས་སོགས་ནི་སློབ་དཔོན་དང་འབྲེལ་བའི་དཔྱད་གཞིའི་གནས་གལ་ཆེན་ཞིག་ཡིན་ནོ།།
གཞན་ཡང་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས་[14]ཀྱང་། སློབ་དཔོན་དབྱིག་གཉེན་དང་ཁ་ཆེ་སློབ་དཔོན་འདུས་བཟང་གཉིས་བླ་སློབ་ཀྱི་འབྲེལ་བ་ཡོད་ཚུལ་དང་། ཕྱིས་སུ་མཛོད་ཀྱི་འགྲེལ་པ་ལ་མ་དགྱེས་ནས་རྩ་བ་སུན་འབྱིན་གྱི་འགྲེལ་པ་སོགས་མཛད་ནས་དབྱིག་གཉེན་དང་རྩོད་དུ་ཕྱིན་ཀྱང་། སློབ་དཔོན་དབྱིག་གཉེན་རང་བྱུང་གི་མཆོད་རྟེན་བལྟར་འགྲོ་འོ། །ཞེས་གསལ་བ་ལྟར། པ་ར་མ་རྠཿཕྱི་ལོ་ ༥༥༧ ནས་ཕྱི་ལོ་ ༥༦༩ ལོའི་བར་བསྒྱུར་བའི་སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་ཞེས་པར་ཡང་ནང་དོན་ཕལ་ཆེར་འདི་འདྲ་བ་ཞིག་བཀོད་ཡོད་པ་བཅས་ལ་གཞིགས་ན། སློབ་དཔོན་སཾ་གྷ་བྷ་དྲའམ་དགེ་འདུན་བཟང་པོ་འདི་ཉིད་སློབ་དཔོན་དབྱིག་གཉེན་གྱི་བླ་མ་ཡིན་ཚུལ་ཚིག་ཟིན་ལ་མི་གསལ་བར་མ་ཟད། སློབ་དཔོན་འདུས་བཟང་སློབ་དཔོན་དབྱིག་གཉེན་ནས་སྐུ་ན་གཞོན་པར་གསུངས་པས་བུ་སྟོན་ཆོས་འབྱུང་སོགས་ལས་གསུང་ཚུལ་ཅུང་ཟད་མི་འདྲ་བར་མངོན་ནོ།།
དེ་བཞིན་མཆིམས་འཇམ་པའི་དབྱངས་ཀྱིས་ (1210-1285) མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་གྱི་སྔོན་གླེང་ངོ་སྤྲོད་ནང་[15]། དབྱིག་གཉེན་གྱི་མཛོད་རྩ་འགྲེལ་ལ་སློབ་དཔོན་འདུན་བཟང་གིས་དགག་པ་མཛད་པ་རགས་ཙམ་ཞིག་རང་ཅག་བོད་ཀྱི་མངོན་པ་སྨྲ་བ་རྣམས་ལ་རྒྱུས་ཡོད་མོད། འདུན་བཟང་གི་དགག་པའི་གཞུང་བོད་སྐད་དུ་བཞུགས་མེད་ལ། དེའི་ཆོས་མངོན་པ་རིགས་པའི་རྒྱ་མཚོ་ཞེས་པ་དེ་རྒྱ་ནག་གི་སྐད་དུ་དུས་རབས་བདུན་པའི་ནང་ཐང་སང་ཚང་གིས་བསྒྱུར་བས་དེང་རྒྱ་ནག་གི་སྐད་དུ་མཇལ་དུ་ཡོད་ལ། འདུན་བཟང་གི་གཞུང་རྣམས་ལེགས་སྦྱར་གྱི་དཔེ་བརླགས་ཟིན་པས་དེང་མཇལ་དུ་མེད་ཀྱང་། ཕྱིས་འདུན་བཟང་གི་རྗེས་འབྲང་སློབ་དཔོན་མར་མེ་མཛད་བྱ་བའི་གཞུང་ཆོས་མངོན་པ་མཛོད་ཀྱི་སྒྲོན་མེ་སྟེ་ཨ་བྷི་དྷརྨ་དཱི་པ་བྱ་བའི་བསྟན་བཅོས་དེའི་ལེགས་སྦྱར་གྱི་དཔེ་བརྙེད་པས་སློབ་དཔོན་འདུན་བཟང་གི་བཞེད་པ་ཇི་ཡིན་བསྟན་བཅོས་འདིའི་ཐོག་ནས་གསལ་པོ་རྟོགས་ཐུབ་རྒྱུའི་གཞི་ཐོབ་ཡོད། ཅེས་གསལ་བ་ལྟར། འདུས་བཟང་དང་དབྱིག་གཉེན་གཉིས་བླ་སློབ་ཡིན་མིན་རྒྱ་བོད་ཀྱི་ཡིག་ཆར་མི་མཐུན་ཡང་། ཕན་ཚུན་རྩོད་པ་བྱུང་བ་གཅིག་གྱུར་ལྟ་བུར་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ ཐོར་བུ། དཔེ་རིང་། ཤོག་ ༡ན༡ ནས་ ༢བ༤ བར།
[2] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༦
[3] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༦
[4] ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༧༨
[5] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༥༤༣
[6] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦༡ན༤
[7] སློབ་དཔོན་ཛི་ན་མི་ཏྲ་ནི། བོད་ཀྱི་ལོ་ཙཱ་བ་ཡེ་ཤེས་སྡེ་དང་དུས་རགས་པ་མཉམ་པས་དུས་རབས་ ༨ པའི་ནང་དུ་བྱོན་སྙམ། པཎྜི་ཏར་གྱུར་ཏེ་རྣལ་འབྱོར་སྤྱོད་པའི་ས་རྣམ་པར་བཤད་པ་སོགས་མཛད་དོ།།
[8] ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་རྒྱ་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ལོའི་དེབ་ཕྲེང་། ༼༣༽ ཤོག་ ༡༤༣
[9] ཁ་ཆེ་འདུན་བཟང་གིས་མཛད་པའི་ཆོས་མངོན་པའི་བསྟན་བཅོས་རིགས་པའི་རྗེས་འབྲངས་ཀྱི་བསྟན་བཅོས་སློབ་དཔོན་དབྱིག་གཉེན་གྱི་མཛོད་ལ་དགག་པ་མཛད་པ་དེ་ཉིད་རྒྱའི་སྐད་དུ་བསྒྱུར་ནས་བཞུགས་ཀྱང་བོད་འགྱུར་མེད།
[10] བཅུ་ཕྲག་རིག་མཛོད་ཆེན་མོ། གྲུབ་མཐའ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༡༦
[11] མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༡༩༨༦ ལོ། ཤོག་གྲངས་ ༡༤༦༢
[12] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས། ༡༥༨
[13] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༨༠༡
[14] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༥
[15] མཆིམས་མཛོད་མངོན་པའི་རྒྱན། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། ༢༠༠༩ ལོ། ཤོག་གྲངས་ xxvi
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༩ ནས་ ༨༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།