དང་པོ། པཎྜི་ཏའི་ཐ་སྙད་དང་གོ་དོན། དབྱེ་བ་སོགས་ལ་དཔྱད་པ།
ཀ༽ པཎྜི་ཏའི་ཐ་སྙད་དང་གོ་དོན།
དེ་ཡང་པཎྜི་ཏ་ཞེས་པ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ (1308-1364) མཛད་པའི་ཕྱག་འཚལ་དྲི་མེད་ཟླ་རྒྱས་ལས[1]།
གྲུབ་ཐོབ་རྗེ་ཡི་རྒྱུད་པར་འཁྲུངས། །སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ། །
གནས་ལྔ་རིག་པའི་པཎྜི་ཏ། །ཉི་མ་འོད་ཟེར་ལ་ཕྱག་འཚལ། །
ཞེས་པཎྜི་ཏ་ནི་གནས་ལྔ་རིག་པར་གསུངས་པ་ལྟར། མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས་[2]ཀྱང་། ལོ་པཎ་ཞེས་པ་དམ་པའི་ཆོས་སཾ་སྐྲི་ཏ་ལྷའི་སྐད་ལས་བོད་སྐད་དུ་བསྒྱུར་བ་ལ་མཁས་པ་ལོ་ཚྩ་ཞེས་བྱ་སྟེ། དཔེར་ན། གོ་ཆོད་པ་ལ་མི་དེ་ལ་ལོ་ཚྩ་བས་འདུག་ཟེར་བ་དང་འདྲའོ། །པཎ་སྐད་པ་རྒྱ་གར་དུ་པ་ན་ཙ་བོད་སྐད་དུ་བསྒྱུར་ན་ལྔ་ཞེས་པ་སྟེ། རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏའོ། །ཞེས་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[3]ཀྱང་། པཎྜི་ཏ་འདི་རྒྱ་གར་སྐད་ཡིན། བོད་སྐད་དུ་བསྒྱུར་ན་ལྔ་རིག་པ་ཞེས་པ་སྟེ། རྒྱ་གར་སྐད་དུ་པ་ཎ་ནི་ལྔ་དང་། ཌི་ཏ་ནི་རིག་པ་ཞེས་པའི་དོན་ཡིན། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་བཅུ་ཀ་མཁྱེན་པའི་མཁས་པ་ཡིན་ན་པཎྜི་ཏ་ཆེན་པོ་དང་། སྣ་རེ་གཉིས་ལ་མཁས་པ་ཡིན་ན་པཎ་ཆུང་ཞེས་ཟེར། ཞེས་གསུངས་སོ།།
བྱེ་བྲག་རྟོགས་བྱེད་ཆེན་མོར་པཎྜི་ཏ། མཁས་པའམ་མཛངས་པ་ཞེས་དང་། འཆི་མེད་མཛོད་སྐད་གཉིས་ཤན་སྦྱར་དུ་ཡང་བྱེ་བྲག་རྟོགས་བྱེད་ཆེན་མོ་དང་མཐུན་པར་བྱུང་ལ། དེ་བཞིན་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་སོགས་སུ་གསལ་བ་ལྟར། པཎྜི་ཏ་ཞེས་པ་ལེགས་སྦྱར་གྱི་སྐད་དང་། དོན་ལ་ལྔ་རིག་པ་སྟེ། རིག་པའི་གནས་ལྔ་ཤེས་པའི་མཁས་པ་དང་། དོན་འགྱུར་ལྟར་ན་གནས་ལྔ་རིག་པ་ཞེས་བཤད་ཅིང་། རིག་པའི་གནས་ལྔ་ཤེས་པའི་དོན་ཡིན་ལ། སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལས[4]། པཎྜི་ཏཿ མཁས་པ། ཞེས་རྣམ་བཅད་ལྷག་པོ་བསྣན་པའང་སྣང་ལ། སློབ་དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པའི་ཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བའི་འགྲེལ་པ་ལས[5]། མཁས་པ་ཞེས་པ་ནི་པཎྜི་ཏ་ཞེས་པའི་དོན་ཏོ། །ཞེས་གསལ་བ་ལྟར་བོད་སྐད་ཀྱི་མཁས་པ་ཞེས་པའི་སྐད་དོད་ལེགས་སྦྱར་གྱི་པཎྜི་ཏ་ཞེས་པར་བསྒྱུར་འདུག །ཡང་ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ་ལས[6]། པཎྜི་ཏ་ཞེས་པ་དེ་བློ་གྲོས་དང་འགྲོགས་པ་རིག་པའི་གནས་ལྔ་ལ་མཁས་པའི་དབང་པོའི་དོན་དུའང་འཇུག་པར་གསུངས་པ་ལྟར། སྔོན་བྱོན་ལོ་པཎ་མཁས་པས་བསྒྲིགས་པའི་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ལས[7]། པཎྜི་ཏཿ མཁས་པའམ་མཛངས་པ། པཎྜི་ཏ་ཛཱཏཱི་ཡཾ། མཁས་པའི་རང་བཞིན་ཅན། ཞེས་གསལ་ལོ།། །།
ཁ༽ པཎྜི་ཏའི་ཐ་སྙད་ཐོག་མར་བྱུང་ཚུལ།
དེ་ཡང་སྟོན་པའི་གཏད་རབས་སོགས་ཆེས་སྔ་མོའི་དུས་རྣམས་སུ་ནང་པའི་མཁས་པ་རྣམས་ལ་བཙུན་པ་[8]ཆེན་པོ་ཞེས་ཞུ་བ་ལས། པཎྜི་ཏའི་མཚན་གྱིས་འབོད་ཚུལ་མེད་ལུགས་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[9]། ཁ་ཆེའི་ཡུལ་སྣ་རྒྱན་ནགས་ཀྱི་གཙུག་ལག་ཁང་ཞེས་བྱ་བར་དགེ་སློང་མཐའ་དག་འདུས་ནས་བཀའ་བསྡུ་བ་གསུམ་པ་བྱས་ཞེས་ཁ་ཆེ་བ་རྣམས་ཟེར་ལ། གཞན་དག་ནི་ཛ་ལནྡ་རའི་དགོན་པ་ཀུ་པ་ནའི་གཙུག་ལག་ཁང་དུ་བསྡུས་པར་འདོད་པ་ལས། མཁས་པ་ཕལ་ཆེར་ཕྱི་མ་འཐད་པར་མཛད་དོ།།
དེ་ལ་བོད་རྣམས་ལྟར་ན། དགྲ་བཅོམ་པ་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། སོ་སོ་སྐྱེ་བོའི་པཎྜི་ཏ་ལྔ་བརྒྱ་འདུས་ནས་བསྡུས་ཟེར་ཡང་། ཐེག་ཆེན་ལུགས་ལྟར་ན་དོན་ལ་མི་འཐད་པ་མེད་མོད། འོན་ཀྱང་དུས་དེ་ཙམ་ན་སངས་རྒྱས་པའི་མཁས་པ་ཆེན་པོ་རྣམས་ལ་བཙུན་པ་ཆེན་པོ་ཟེར་བ་མ་གཏོགས། པཎྜི་ཏའི་མིང་གིས་འབོད་པ་མེད་པས་པཎྜི་ཏ་ལྔ་བརྒྱ་ཟེར་བ་མི་ལེགས་སོ། །འགོས་ལོ་གཞོན་ནུ་དཔལ་གྱིས་གཏད་རབས་ཀྱི་འཕྲོས་ནས་རྒྱ་དཔེ་འཁྱར་པོ་ཤོག་བྱང་གཅིག་བསྒྱུར་བ་ན་ཡང་བཱ་སུ་མི་ཏྲ་ལ་སོགས་པ་བཙུན་པ་བཞི་བརྒྱ་དང་ཞེས་འབྱུང་བ་ལྟར་ལེགས་སོ། །ཞེས་གསུངས་ལ། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[10]། ཛ་ལན་དྷ་རའི་དགོན་པ་གུ་པཱ་ནའི་གཙུག་ལག་ཁང་དུ་དགྲ་བཅོམ་ནས་རྒྱུན་ཞུགས་ཡན་ཆད་ལྔ་བརྒྱ་དང་། བཙུན་པ་ཆེན་པོ་ (ལ་ལས་པཎྜི་ཏ་ཟེར་དེ་ཚེ་མ་གྲགས།) ལྔ་སྟོང་འདུས་ནས་སྡེ་པ་བཅོ་བརྒྱད་པོ་ལུང་བསྟན་གྱིས་བཀར་བསྒྲུབས་ཏེ་བཀའ་བསྡུ་ཐ་མ་འདི་མཛད་ཅེས་ཀྱང་གསུངས་སོ།།
འོ་ན་ཐོག་མར་དུས་རབས་གང་ལ་འཕགས་བོད་ཀྱི་གནས་ལྔ་རིག་པའི་མཁས་དབང་སུ་ལ་པཎྜི་ཏའི་ཆེ་བསྟོད་ཀྱི་ཐ་སྙད་འདི་ཉིད་མཛད་པ་ཞིག་ཡིན་ཞེ་ན། ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས[11]། ཡུལ་ར་དྷ་རུ་པ་ལ་ཞེས་པའི་མིང་ཅན་སྐྱེས་བུ་སུམ་ཅུའི་བར་དུ་འབྱུང་སྟེ། བརྒྱུད་པ་ཐ་མའི་བུས་ཡུལ་ཨོ་རུ་བྷི་སའི་རྒྱལ་པོ་འབྲས་བུ་ལ་ཕན་པ་ཞེས་པའི་ལྷ་སྐོར་དང་བཅས་པ་འཇོམས་ཤིང་། རྣལ་འབྱོར་མ་རྣམས་འཇོམས་པ་འབྱུང་སྟེ། དེས་རྣལ་འབྱོར་པ་རྣམས་ཀྱི་གཙོ་བོ་མཆོག་གི་དབང་ཕྱུག་ཐོབ་པ་ནི་སངས་རྒྱས་དང་མཉམ་པར་སྡོམ་པ་དང་ལྡན་པས་བཟླས་པ་བྱེ་བ་ཕྲག་བཅུ་གཉིས་བཟླས་པས་སོ། །དེའི་སློབ་མ་གཉིས་དང་། སློབ་མའི་སློབ་མ་གསུམ་དང་། དེའི་ཡང་སློབ་མ་རྣལ་འབྱོར་པ་རྣམས་དང་། པཎྜི་ཏ་རྣམས་ཀྱི་གཙོ་བོར་གྱུར་པ་ཆོས་ཀྱི་གྲགས་པ་ཞེས་པར་ཡོངས་སུ་གྲགས་པ་འདི་དང་སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་གྲུབ་པ་འཐོབ་བོ། །ཞེས་འཛམ་གླིང་རྒྱན་དྲུག་གི་ནང་ཚན་དཔལ་ལྡན་ཆོས་གྲགས་ནི་པཎྜི་ཏའི་གཙོ་བོར་འབྱུང་བར་གསུངས།
ཡང་ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས[12]། ལྗོན་ཤིང་པུ་ན་ལའི་རྩ་བ་དང་། ས་ག་རའི་འདབ་མ་དང་། པ་ར་ད་རྣམས་དང་། ཚ་བའི་མར་དང་། ཡང་དག་པར་ལྡན་པ་གཟས་བཟུང་བའི་དུས་སུ་ཟོས་ན་ཐོས་པ་ཙམ་གྱིས་འཛིན་པར་ནུས་པ་དང་། བཀླགས་པ་ཙམ་གྱིས་ཟིན་པར་ནུས་པ་དང་། ཐེ་ཚོམ་མེད་པར་ཚིགས་སུ་བཅད་པ་རྩོམ་པར་ནུས་པར་འགྱུར་རོ། །སྨན་པྲ་ཙུ་ཊ་དང་། བྷོ་ཊཱ་རཱ་ལཱ་དང་། ཐང་ཤིང་གི་ཁུ་བ་དང་། སྟབས་གཅིག་ཏུ་འཐུངས་ན་པཎྜི་ཏར་འགྱུར་རོ། །ཞེས་པཎྜི་ཏ་ཞེས་པའི་ཐ་སྙད་འདི་ཉིད་རྒྱལ་བའི་བཀའ་འགྱུར་དུ་ལན་གཉིས་གསལ་བ་ལྟར། ཇོ་ནང་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[13]ཀྱང་། དཔལ་ལྡན་ཆོས་ཀྱི་གྲགས་པའི་དུས་ཀྱི་གཏམ་གྱི་སྐབས་སུ་པཎྜི་ཏ་གཞོན་ནུ་དག་གིས་མ་ཉན་ཏེ། ཞེས་པཎྜི་ཏ་ཞེས་པའི་ཐ་སྙད་ཐོག་མར་གསལ་ལོ།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལྟར་ན། གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ལ་ཡོངས་རྫོགས་པཎྜི་ཏ་ཞེས་པའི་མཚན་བཟང་གསོལ་བ་ལས། པཎ་གྲུབ་གཞན་རྣམས་ཀྱི་གསོལ་འདེབས་སུ་པཎྜི་ཏ་ཞེས་པའི་ཐ་སྙད་སྦྱར་བ་མི་སྣང་ཡང་། སློབ་དཔོན་ལེགས་ལྡན་འབྱེད་ལས་དེ་མིན་རྣམས་པཎྜི་ཏ་མིན་པའི་དོན་མིན། གཞན་ཡང་བོད་གངས་ཅན་ལྗོངས་སུ་ཕེབས་པའི་པཎྜི་ཏ་རྣམས་དང་། བོད་ཀྱི་ལོ་པཎ་རྒྱ་གར་དུ་བྱོན་ནས་འཕགས་ཡུལ་གྱི་པཎྜི་ཏ་དག་གི་ཞབས་ལ་གཏུགས་ཤིང་། བཀའ་བསྟན་སྒྱུར་བ་པོའི་པཎྜི་ཏ་སོགས་བོད་དང་ཐད་ཀར་འབྲེལ་ཡོད་ཀྱི་པཎྜི་ཏ་གང་རུང་ལ་སྦྱར་བ་གཙོ་ཆེ་བ་ལྟ་བུ་མེད་དམ་སྙམ་མོ།།
དེ་མིན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[14]། བོད་ཡུལ་དུ་ནང་ཆོས་ཇི་ལྟར་བྱུང་ཚུལ་སྐབས། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་།
བྲམ་ཟེ་བཾ་ཀ་ར་དང་། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མཧཱ་དེ་ཝ་ཚེ་དང་། ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་དང་། དེའི་མཆན་བུ་དྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ་བོ། །ཞེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ཀྱི་རྒྱ་དཀར་ནག་དང་། བལ་བོད་ནང་པའི་མཁས་པ་རྣམས་ལ་སློབ་དཔོན་ཞེས་པའི་ཆེ་བསྟོད་ཀྱི་མཚན་ལས་པཎྜི་ཏའི་མཚན་མི་གསལ་ཡང་། ཡོངས་གྲགས་ཐོན་མི་སཾ་བྷོ་ཊ་རྒྱ་གར་འཕགས་ཡུལ་དུ་བྱོན་སྐབས་པཎྜི་ཏ་ལྷ་རིག་པའི་སེངྒེ་དང་། བྲམ་ཟེ་ལི་བྱི་ཀ་ར་སློབ་དཔོན་དུ་བསྟེན་པར་གསུངས་སྲོལ་ཡོད། འོན་ཀྱང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ནང་པཎྜི་ཏ་ཞེས་པའི་ཐ་སྙད་ཡོད་མེད་དང་། ལྷག་པར་བོད་དུ་བཀའ་བསྟན་བསྒྱུར་སྐབས་ལོ་པཎ་ཟུང་འབྲེལ་ཐོག་བསྒྱུར་ཞུས་གཏན་འབེབས་མཛད་སྲོལ་ཡོད་པ་ལྟར། སློབ་དཔོན་ཐོན་མིས་བསྒྱུར་བའི་བཀའ་བསྟན་གྱི་གཞུང་དང་འགྱུར་བྱང་རྣམས་སུ་པཎྜི་ཏའི་ཐ་སྙད་གསལ་མིན་ལའང་དཔྱད་དགོས་སོ།།
དེ་རྗེས་དུས་རབས་བརྒྱད་པར་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་རྒྱ་གར་འཕགས་ཡུལ་གྱི་པཎྜི་ཏ་མཚན་སྙན་ཅན་དུ་མ་བོད་དུ་གདན་དྲངས་པའི་ཚུལ་ནི། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[15]། དེ་ནས་མི་རབས་ལྔ་ན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་པཎྜི་ཏ་ཆེན་པོ་ཤཱནྟ་རཀྵི་ཏ་སྤྱན་དྲངས། ཞེས་གསུངས་ལ། དེ་བཞིན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས་[16]ཀྱང་། དེ་ལྟར་བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་བོད་དུ་བྱུང་བ་ནི། མཁན་པོ་ཤནྟ་རཀྵི་ཏ་བོད་སྐད་དུ་ཞི་བ་འཚོ་དང་། པདྨ་འབྱུང་གནས་དང་། སྔགས་འཆང་དྷརྨ་ཀིརྟི་དང་། བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་དང་། ཞེས་དང་། ཐུན་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[17]། མངའ་བདག་ཁྲི་རལ་པ་ཅན་གྱི་རིང་ལ་པཎྜི་ཏ་ཛི་ན་མི་ཏྲ་ལ་སོགས་པ་མཁས་པ་དུ་མ་སྤྱན་དྲངས་ཏེ། དམ་པའི་ཆོས་དུ་མ་བོད་དུ་བསྒྱུར་ཅིང་གསུང་རབ་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། ཅེས་གསལ་བ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་མཁན་ཆེན་ཞི་འཚོ་སོགས་དུས་རབས་བརྒྱད་པ་ཙམ་སྟེ། བསྟན་པ་སྔ་དར་སྐབས་རྒྱ་གར་འཕགས་ཡུལ་གྱི་མཚན་སྙན་གྱིས་རབ་ཏུ་བརྗིད་པའི་པཎྜི་ཏའི་མཚན་ཅན་རིམ་པར་བྱོན་པར་གསལ་ལོ།།
པཎྜི་ཏ་ཞེས་པའི་ཐ་སྙད་འདི་བཞིན་ཐོག་མར་གཙོ་བོ་ཧིན་དྷུའི་ཆོས་ལུགས་ཀྱི་མཁས་དབང་རྣམས་ལ་ཆེ་བསྟོད་ཀྱིས་འདོགས་སྲོལ་ཡོད་པ་ཞིག་སྟེ། ཕྱི་རོལ་པའི་རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས་པ་རྣམས་ལ་པཎྜི་ཏ་ཞེས་འབོད་སྲོལ་ཡོད་པ་དང་། ཇི་ཙམ་བདེན་མིན་ཆ་མ་འཚལ་ཡང་རྒྱ་གར་བའི་མཁས་པ་ཞིག་གིས་གསུངས་པ་གོ་ཐོས་ལྟར་ན། པཎྜི་ཏ་ཞེས་པ་ནི་རྒྱ་གར་བའི་རིག་གཞུང་ནང་ལོ་ངོ་སྟོང་ཕྲག་ལྔའི་གོང་ནས་བརྗོད་སྲོལ་ཡོད་ཅིང་། དེ་ཡང་ཀིར་ཤི་ན་ལ་པཎྜི་ཏ་ཞེས་བརྗོད་པ་རྒྱ་གར་བའི་རིག་གཞུང་ནང་ཡོངས་གྲགས་ཡིན་པ་དང་། གྷི་ཏི་ཊ་ (ཆེན་པོའམ་རླབས་ཆེན་) པཎྜི་ཏ་ཞེས་བརྗོད་ཀྱི་ཡོད་ལ། ཚིག་གི་འབྱུང་ཁུངས་རིག་པའི་དྲ་རྒྱ་ལྟར་ན། པཎྜི་ཏ་ཞེས་པ་རྒྱ་གར་བའི་ཧིན་དྷུའི་མཁས་དབང་རྣམས་ལ་བེད་སྤྱོད་གནང་སྲོལ་ཡོད་པ་ཞིག་དང་། ནང་པར་མཚོན་ན། དཔལ་ནཱ་ལེནྡྲ་དང་། བི་ཀྲ་མ་ལ་ཤི་ལའི་མཁས་དབང་རྣམས་ལ་བརྗོད་སྲོལ་ཡོད་པ་ཞིག་ཡིན། རྩ་བའི་ཐ་སྙད་དེའི་འབྱུང་ཁུངས་ནི་ཝི་ཏིག་ (རིག་བྱེད་ཀྱི་བསྟན་བཅོས།) ཅེས་པའི་ནང་དུ་ཡོད་ཚུལ་གསལ་བ་ལྟར་ན། ཐ་སྙད་དེ་ཉིད་སྔ་མོ་ཞིག་ནས་བྱུང་བ་རྟོགས་ཐུབ། འོན་ཀྱང་དབྱིན་ཇིའི་ཚིག་མཛོད་ནང་དུ་པཎྜི་ཏ་ཞེས་པའི་ཐ་སྙད་དེ་ཉིད་དུས་རབས་བཅུ་བདུན་པའི་ནང་སླེབས་པ་ཞིག་དང་། དེའི་འབྱུང་ཁུངས་ལེགས་སྦྱར་ཡིན་པར་བཤད་ལ། མཁས་དབང་གི་གོ་དོན་ཡིན་པར་གསལ་བ་ལྟར་ན། ལོ་ངོ་བརྒྱ་ཕྲག་གསུམ་བཞི་ཙམ་ལས་ཕྱིན་མེད་ཚུལ་གསལ་འདུག། །།
ག༽ པཎྜི་ཏ་ཆེ་ཆུང་གི་རྣམ་དབྱེ།
དེ་ལྟར་ན་པཎྜི་ཏ་ལ་ཆེ་ཆུང་གི་རྣམ་གཞག་འདི་དུས་རབས་གང་ལ་འཕགས་བོད་གང་དུ་བྱུང་ཞེ་ན། དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[18]། རྒྱལ་པོ་ར་ཐཱི་ཀ་འདས་ནས། ཝངྶེ་ན་ཞེས་བྱ་བས་རྒྱལ་སྲིད་བསྐྱངས་པ་ལས་ལོ་འགའ་ཞིག་བདེ་བར་བྱུང་། དེ་ནས་གངྒཱ་དང་། ཡ་མུ་ནའི་བར་གྱི་ཡུལ་ཨནྟར་བྷི་དིའི་ཡུལ་དུ་ཏུ་རུཥྐའི་རྒྱལ་པོ་ཟླ་བ་ཞེས་བྱ་བ་བྱུང༌། དེ་ནས་གངྒཱ་དང༌། དགེ་སློང་འགའ་རེས་རྒྱལ་པོའི་ཕོ་ཉ་བྱས་པས་རྐྱེན་བླངས་ཏེ། དེ་དང་བྷཾ་ག་ལ་ལ་སོགས་པའི་ཡུལ་གཞན་དང་གཞན་ན་གནས་པའི་ཏུ་རུཥྐའི་རྒྱལ་ཕྲན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ་མ་ག་དྷཱའི་ཡུལ་ཐམས་ཅད་འཇོམས་པར་བྱུང་སྟེ། ཨོ་ཏནྟ་པུ་རིར་རབ་ཏུ་བྱུང་བ་མང་པོ་ཞིག་བསད། དེ་དང་བི་ཀྲ་མ་ཤཱི་ལ་གཉིས་ཆར་བཤིག །ཨོ་ཏནྟ་བི་ཧ་རའི་ཤུལ་དུ་སྟག་གཟིག་གི་རྫོང་བཅས། པཎྜི་ཏ་ཤཱཀྱ་ཤྲཱི་ཤར་ཕྱོགས་ཨོ་ཊི་བི་ཤའི་ཡུལ་ཛ་ག་རྡ་ལར་བྱོན། དེར་ལོ་གསུམ་བཞུགས་ནས་བོད་དུ་བྱོན་པ་ཡིན། རཏྣ་རཀྵི་ཏ་ཆེན་པོ་བལ་པོའི་ཡུལ་དུ་བྱོན། མཁས་པ་ཆེན་པོ་ཛྙཱ་ན་ཨཱ་ཀར་གུཔྟ་ལ་སོགས་པ་པཎྜི་ཏ་ཆེ་བ་འགའ་དང༌། པཎ་ཆུང་བརྒྱ་ཙམ་རྒྱ་གར་ལྷོ་ནུབ་ཀྱི་ཕྱོགས་སུ་བྱོན། མཁས་པ་ཆེན་པོ་བུདྡྷ་ཤྲཱི་མི་ཏྲ་དང༌། སྟོབས་བཅུ་པའི་སློབ་མ་བཛྲ་ཤྲཱི། གཞན་ཡང་པཎ་ཆུང་མང་པོ་དང་བཅས་ལྷོ་ཕྱོགས་ཐག་རིང་པོར་བྲོས། མཁས་པ་སཾ་གྷ་མ་ཤྲཱི་ཛྙཱ་ན་དང༌། ར་ཝ་ཤྲཱི་བྷ་དྲ་དང༌། ཙནྡྲ་ཀ་ར་གུཔྟ་ལ་སོགས་པ་པཎྜི་ཏ་བཅུ་དྲུག་ཙམ་དང༌། པཎ་ཆུང་ཉིས་བརྒྱ་ཙམ་ཤར་ཕྱོགས་ཐག་རིང་པོ་ར་ཁང་དང༌། མུ་ཉུང་དང༌། ཀཾ་པོ་ཛ་ལ་སོགས་པའི་ཡུལ་རྣམས་སུ་སོང་ནས། མ་ག་དྷཱར་བསྟན་པ་ནུབ་པ་ལྟར་གྱུར་ཏོ།།
དེ་སྐབས་གྲུབ་ཐོབ་དང༌། སྒྲུབ་པ་པོ་མང་པོ་བཞུགས་ཀྱང༌། སེམས་ཅན་སྤྱི་མཐུན་གྱི་ལས་ལ་ཟློག་ཐབས་མ་བྱུང་ངོ༌། །ཞེས་པཎྜི་ཏ་ཆེ་བ་དང་། པཎ་ཆུང་ཞེས་པཎྜི་ཏ་ཆེ་ཆུང་གི་རྣམ་དབྱེ་གསལ་བ་ལྟར། པཎྜི་ཏ་ལ་དབྱེ་ན། རིག་པའི་གནས་ཆེན་ལྔ་སྟེ་བཟོ་རིག་པ་དང༌། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ། ནང་དོན་རིག་པ་བཅས་ལ་མཁས་པར་གྱུར་ན་པཎ་ཆེན་དང་། རིག་པའི་གནས་ཆུང་བ་ལྔ་སྟེ། སྙན་ངག་དང༌། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་ལ་མཁས་པ་ན་པཎྜི་ཏ་ཆུང་བ་སྟེ་པཎ་ཆུང་། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཕྲག་རིག་གནས་སམ་རིག་གནས་ཆེ་ཆུང་གཉིས་ཀར་མཁས་པ་ན་མཧཱ་པཎྜི་ཏ་ཞེས་ཞུ་སྲོལ་མཆིས་སོ།།
དེ་ཡང་ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པ་ཀ་ལཱ་པའི་མཚམས་སྦྱོར་གྱི་རྒྱས་འགྲེལ་མུ་ཏིག་གི་ཕྲེང་བ་ལས[19]། མདོ་སྡེ་རྒྱན་ལས།
རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །
འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་འཐོབ་མི་འགྱུར། །
དེ་བས་གཞན་དག་ཚར་གཅོད་རྗེས་སུ་བཟུང་ཕྱིར་དང༌། །
བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །
ཞེས་གསུངས་པས། སྒྲ་དང་ཚད་མ། བཟོ་དང་གསོ་བ། ནང་དོན་རིག་པ་སྟེ་གནས་ཆེན་ལྔ་དང༌། མངོན་བརྗོད། སྡེབ་སྦྱོར། སྐར་རྩིས། ཟློས་གར། སྙན་ངག་སྟེ་གནས་ཆུང་ལྔར་གྲགས་པ་དེ་རྣམས་ལས། རིག་གནས་ཆེ་བ་ལྔ་ཤེས་ན་པཎ་ཆེན་དང༌། ཆུང་བ་ལྔ་ཤེས་ན་པཎ་ཆུང་དུ་གྲགས། ཞེས་གསལ་བ་ལྟར། སི་ཏུ་ཆོས་ཀྱི་འབྱུང་གནས་ (1699/1700/74) ཀྱིས་མཛད་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་ལས[20]། དེ་ཡི་སློབ་མ་ནི་ཆེས་མང་ན་ཡང་སྐབས་འདིར་འཆད་བྱ་ནི་ཇོ་བོ་ནཱ་རོ་ཏ་པ་ཡིན་ཏེ། རྒྱལ་པོ་མཧཱ་པཱ་ལའི་བུ་རྒྱལ་པོ་བྷེ་ཡ་པཱ་ལའི་སྐབས་སུ་ཁ་ཆེར་བྲམ་ཟེའི་རིགས་ཀྱི་ཁྱད་པར་ནཱ་རོཏྟ་མ་སྟེ་མི་མཆོག་ཅེས་པའི་རིགས་སུ་འཁྲུངས་པས་ནཱ་རོ་ཏ་པ་ཟེར། པ་ནི་ཞབས་ཀྱི་ལེགས་སྦྱར་བ་དའི་མིང་ཐོགས་ཏེ། མི་མཆོག་ཞབས་ཟེར། ཆུང་ངུ་ནས་མུ་སྟེགས་པའི་པཎྜི་ཏར་གྱུར་པ་ལ། དེ་ནས་མུ་སྟེགས་པའི་སྔགས་པ་མཛད་ནས། བྲམ་ཟེའི་རིགས་ཀྱི་སྤྱོད་པ་བོར། ཨ་བ་དྷུ་ཏི་བྱས་སོ། །ལན་ཞིག་ཆང་འཚོང་མ་ཞིག་གི་ནང་དུ་ཕྱིན་པས། དེ་ན་སངས་རྒྱས་པའི་པཎ་ཆུང་ཞིག་ཡོད་པ། ནཱ་རོའི་ཟིལ་མ་བཟོད་པར་བྲོས་སོང་བའི་ཤུལ་དུ་མདོ་ཡི་པུསྟི་ཞིག་ལུས་འདུག་པ་གཟིགས་པས་ཆོས་ལ་ཤིན་ཏུ་མོས་ཏེ་ཡུལ་དབུས་སུ་བྱོན་ནས་མཁན་པོ་ཡེ་ཤེས་འོད་ལས་རབ་ཏུ་བྱུང་། མཚན་སྙན་གྲགས་བཟང་པོར་བཏགས། བདུད་རྩི་འབྱུང་བའི་གཙུག་ལག་ཁང་ཞེས་བྱ་བར་བྱེ་སྨྲའི་འདུལ་འཛིན་ཛི་ན་མི་ཏྲ་ལས་རབ་ཏུ་བྱུང་ཡང་ཟེར་བ་ཡོད། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཐམས་ཅད་ལ་མཁས་པར་མཛད། གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་ཐམས་ཅད་ཀྱང་ཞུས་ཏེ་པཎྜི་ཏ་ཆེན་པོར་གྱུར་པ་ན། ནཱ་ལནྡ་དང་། བི་ཀྲ་མ་ལ་ཤཱི་ལའི་བྱང་སྒོ་སྲུང་བ་མཛད། དེ་སྐབས་མཁས་པ་སྒོ་དྲུག་གི་ཐ་སྙད་བྱུང་བས་ཤར་སྒོ་སྲུང་བ་རིན་འབྱུང་ཞི་བ། ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས། ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། ཞེས་པཎྜི་ཏ་ཆེ་ཆུང་གི་རྣམ་དབྱེ་བྱུང་ལ། བོད་དུ་པཎྜི་ཏ་ཞེས་པའི་ཐ་སྙད་དུས་ནམ་ཞིག་བྱུང་མིན་ཁ་ཚོན་བཅད་ནས་བརྗོད་དཀའ་ཡང་། སྒྲ་སྦྱོར་བམ་པོ་གཉིས་པ་དང་། སྦ་བཞེད་ཞབས་བཏགས་མ་སོགས་ཡིག་ཆ་རྙིང་ཁུངས་ཅན་དུ་མར་གསལ་ཞིང་། བོད་མིའི་དབང་དུ་བྱས་པའི་པཎྜི་ཏའི་ཐོག་མ་ནི་ས་སྐྱ་པཎྜི་ཏ་ཡིན་པར་བཞེད་དོ།།
གཞན་ཡང་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[21]། དེ་ལ་རྒྱ་གར་དུ་པཎ་ཆེན་པཎ་ཆུང་ཞེས་གྲགས་པ་དང་ཆ་མཐུན་པར་བོད་དུ་དཀའ་བཞི་སྔར་ནས་བྱུང་ཞིང༌། དཀའ་བཅུ་རྒྱལ་ཚབ་ཀྱི་དུས་ནས་དང༌། གླིང་བསྲེས་ (པཎྜི་ཏ་ཕྱེད་འདྲ་) དཀའ་བཅུ་ཁྲི་ཆེན་འདན་སྨད་པ་ཡེ་ཤེས་བཟང་གི་དུས་དང་། རབ་འབྱམས་པ་བྱམས་ཆེན་རབ་འབྱམས་པའི་དུས་ནས་དར་ལ། དེ་དུས་ཀྱི་དཀའ་བཅུ་རབ་འབྱམས་ནི། ཤེས་རབ་སྡོང་བུ་ལས[22]།
རིག་པ་གླེགས་བམ་ལ་བསླབས་ཀྱི། །བླ་མའི་ཐད་རྣམས་མ་བསླབས་པ། །
འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཚོགས་པའི་ནང་དུ་མི་མཛེས་སོ། །
ཞེས་པའི་དཔེར་མ་སོང་བར་ཡོངས་འཛིན་བསྟེན་ནས་པོ་ཏི་བཞི་དང་བཅུ་དང་བཅུ་བདུན་སོགས་ཀྱི་ཚིག་དོན་གཉིས་ཀ་བློ་ན་ཡོད་ནས་མཚན་བཏགས་པ་ཡིན་པས་ན་དོན་ལྡན་གྱི་དཀའ་བཅུ་འམ་དཀའ་བཞི་པ་དང་རབ་འབྱམས་པ་ཡིན་ནོ། །ཞེས་པཎྜི་ཏ་ཆེ་ཆུང་དང་། དཀའ་བཞི་དཀའ་བཅུ་སོགས་ཀྱི་བྱུང་རིམ་བཅས་ཞལ་གསལ་དུ་གསུངས་པ་ལྟར་རོ།། །།
ང༽ བོད་ཀྱི་པཎྜི་ཏའི་ཐོག་མ།
གཞན་ཡང་བོད་གངས་ཅན་གྱི་ལྗོངས་སུ་པཎྜི་ཏའི་མཚན་སྙན་ཐོབ་མཁན་ཐོག་མ་ནི། བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་ས་པཎ་ཀུན་དགའ་རྒྱལ་མཚན་ཡིན། དེ་ཡང་བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས[23]། ས་སྐྱ་པཎྜི་ཏ་ (1182-1251) ཀུན་དགའ་རྒྱལ་མཚན་འདི་ཉིད་ས་ཆེན་གྱི་སྲས་བཞི་པ་འཁོན་དཔལ་ཆེན་འོད་པོའི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྟག་ལོར་གཙང་དུ་སྐུ་འཁྲུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན། དགུང་ལོ་ཉེར་གསུམ་ནས་བཟུང་ཁ་ཆེ་པཎ་ཆེན་མཁན་སློབ་ལས་རིག་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད་པས་པཎྜི་ཏའི་མཚན་སྙན་ཐོབ་པ་འདི་བོད་ཀྱི་པཎྜི་ཏ་དང་པོ་དེ་ཡིན། ཞ ེས་གསལ་བ་ལྟར། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ནི། ཆུ་སྟག་ཕྱི་ལོ་ ༡༡༨༢ ལོར་དཔལ་ལྡན་ས་སྐྱར་ཡབ་དཔལ་ཆེན་འོད་པོ་མཆོག་དང་། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཐོག་མར་དཔལ་ལྡན་དོན་གྲུབ་ཅེས་གསོལ། གོག་ཐུབ་པ་ན་ལེགས་སྦྱར་སོགས་རྒྱ་བོད་ཡིག་རིགས་ཀྱི་ཀློག་ཕལ་ཆེར་མ་བསླབས་དང་ཚེགས་ཆུང་ངུས་ཐོགས་མེད་དུ་མཁྱེན། ཁུ་བོ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་ཀུན་དགའ་རྒྱལ་མཚན་ཞེས་སྩལ། དགུང་ལོ་སོ་ལྔའི་བར་ཁུ་བོ་བསྟེན་ཏེ་སྙན་བརྒྱུད་མན་ངག་སོགས་ཟབ་ཆོས་དུ་མ་དང་། དུས་སྦྱོར་རམ་རྩིས། ལུགས་ཀྱི་བསྟན་བཅོས་སོགས་གསན་པ་དང་། རྨ་བྱ་བྱང་བརྩོན། སྤྱི་བོ་ལྷས་པ་སོགས་ལས་བཀའ་གདམས་དང་། རྫོགས་ཆེན། ཕྱག་ཆེན་སོགས་བོད་དུ་བཞུགས་པ་མ་ལུས་པ་གསན་སྦྱོང་མཛད། གཞན་ཡང་འོད་གསལ་གྱི་ངང་ནས་སློབ་དཔོན་དབྱིག་གཉེན་ལས་མཛོད་དང་། སློབ་དཔོན་ཕྱོགས་གླང་ལས་ཚད་མ་གསན་པའི་ངོ་མཚར་བའི་རྣམ་ཐར་ཡང་ཡོད། དགུང་ལོ་ཉེར་གསུམ་ལ་ཆུ་མིག་རིང་མོར་ཁ་ཆེ་པཎ་ཆེན་ཐོག་མར་མཇལ་བ་ནས་བཟུང་། དེའི་འཁོར་པཎ་ཆེན་སཾ་ག་ཤྲཱི། སུ་ག་ཏ་ཤྲཱི། དཱ་ན་ཤྲཱི་ལ་སོགས་ལས་ནང་རིག་དང་། སྒྲ་རིག །ཚད་མ། བཟོ་རིག་པ། གསོ་རིག་བཅས་རིག་གནས་ཆེ་བ་ལྔ་དང་། སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་རིག་གནས་ཆུང་བ་ལྔ། དེ་བཞིན་ཕྱི་རོལ་རྟོག་གེའི་བསྟན་བཅོས་དང་བཅས་པར་སྦྱངས་པ་མཐར་ཕྱིན་པས་པཎ་ཆེན་དེ་དག་གིས་པཎྜི་ཏའི་མཚན་གསོལ་བར་མ་ཟད། དུས་སྦྱོར་འཆད་ཁྲིད་དང་། གཞན་རིག་པའི་གནས་དགུ་ཆ་ཚང་ལ་ལེགས་བཤད་ཀྱི་བསྟན་བཅོས་མཛད་དེ་བོད་དུ་བཅུ་ཕྲག་རིག་གནས་ཀྱི་སྲོལ་བཟང་བཏོད་པས་བོད་ཀྱི་པཎྜི་ཏའི་ཐོག་མ་ཡིན་ནོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཀློང་ཆེན་རབ་འབྱམས་པའི་གསུང་འབུམ། ༼༧༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༩
[2] ལྡེའུ་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༨༣
[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༦༩
[4] སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༦༤
[5] བསྟན་འགྱུར་དཔེ་བསྡུར་མ། རྒྱུད་འགྲེལ། ༼མ༽ དེབ་ཨང་ ༩ པ། ༢༠༠༨ ལོ། ཤོག་གྲངས་ ༤༩༦
[6] ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༣༦༦
[7] བྱེ་བྲག་རྟོགས་བྱེད་ཆེན་པོ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡༡༧
[8] བཙུན་པ་ཞེས་པ་ནི། རབ་ཏུ་བྱུང་བའི་ཞེ་ས་དང་། ལེགས་སྦྱར་གྱི་སྐད་དུ་བནྡེ་ཞེས་བརྗོད་ཅིང་། རང་ལས་བསླབ་པ་རྒན་པ་ལ་འབོད་པའི་འདུལ་བའི་ཉེ་ཚིག་ཅིག་དང་། བནྡེའི་ངེས་ཚིག་ནི། མཆོད་པ་དང་ཕྱག་འཚལ་བའི་གནས་ཡིན་པས་དེ་སྐད་ཅེས་བྱའོ།།
[9] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧༨
[10] ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༥༤
[11] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཅ༽ དེབ་ཨང་ ༨༡ པ། ཤོག་གྲངས་ ༢༠༧
[12] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཅ༽ དེབ་ཨང་ ༨༡ པ། ཤོག་གྲངས་ ༢༤༢
[13] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༡༢
[14] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༣༣
[15] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༥༠
[16] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༠༦
[17] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༥༡
[18] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༠༧
[19] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼བ༽ འཕྲུལ་པར་དཔེ་རིང་། ཤོག་ ༣ན༣
[20] ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༨༧༧
[21] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༤༩༦
[22] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ༢༠༠༤ ལོ། ཤོག་གྲངས་ ༡༣༢༧
[23] བོད་ཡིག་ཚིག་གཏེར་རྒྱ་མཚོ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༣༤༣༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༡༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།