༡༣༽ སློབ་དཔོན་ཆེན་པོ་ཤྲཱི་སིངྷའི་རྣམ་ཐར།

༡༣༽ སློབ་དཔོན་ཆེན་པོ་ཤྲཱི་སིངྷ་།

 

དེ་ཡང་སློབ་དཔོན་ཆེན་པོ་ཤྲཱི་སིངྷ་ནི། རྡོ་བྲག་རིག་འཛིན་ཆེན་མོ་པདྨ་འཕྲིན་ལས་ (1641-1717) མཆོག་གིས་མཛད་པའི་འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་ལས[1]། སློབ་དཔོན་འདིའི་ལོ་རྒྱུས་ཅུང་ཟད་ཕྱེ་ན། རྒྱ་ནག་པོའི་གྲོང་ཁྱེར་ཤོ་འཁྱམ་ནག་པོ་ཞེས་བྱ་བ་ན། ཁྱིམ་བདག་དགེ་བ་ལྡན་པའི་ཡིད་ཅན་དང༌། ཡུམ་སྣང་བ་རབ་ཏུ་མཁྱེན་ལྡན་མ་བྱ་བའི་སྲས་སློབ་དཔོན་ཆེན་པོ་ཤྲཱི་སིངྷ་ཞེས་བྱ་བ་ཡིན་ལ།

དེ་ཡང་འདིར་རིང་བརྒྱུད་ཀྱི་དབང་དུ་བྱས་ལ། ཉེ་བརྒྱུད་ལྟར་ན་སློབ་དཔོན་དགའ་རབ་རྡོ་རྗེ་དང་མཇལ་ཏེ། དེ་ཡང་ཚུལ་གཉིས་ལས། སྙན་བརྒྱུད་རྡོར་ཟམ་ལྟར་ན་དུས་ནམ་ཞིག་གི་ཚེ། ཤྲཱི་སིངྷའི་ཐུགས་ལ་བསྐལ་པར་བསགས་སྦྱངས་བྱས་ནས། འཚང་རྒྱ་བ་མ་གཏོགས་འཁོར་བ་ལས་ཟློག་པའི་ཐབས་གཞན་མི་འདུག་པས། ཆོས་ཉིད་ཀྱི་དོན་སྐད་ཅིག་མ་གཅིག་གིས་རྟོགས་ནས་ཚེ་གཅིག་གིས་སངས་རྒྱས་པའི་ཐབས་ཤིག་ཨེ་ཡོད་དགོངས་ཏེ། རྒྱ་གར་དཔལ་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་དུ་བྱོན་ནས་སྤྱན་གཡས་ཀྱིས་གསང་སྔགས་ཀྱི་པཎྜི་ཏ་རྣམས་ལ་གཟིགས། གཡོན་པས་མཚན་ཉིད་ཀྱི་པཎྜི་ཏ་རྣམས་ལ་གཟིགས་ཤིང་དོན་དེ་དྲིས་པས། མཚན་ཉིད་ཀྱི་པཎྜི་ཏ་རྣམས་ཅང་མི་གསུང༌། སྔགས་ཀྱི་པཎ་ཆེན་རྣམས་ཀྱིས་ཞལ་ནས་སྔོན་ཡང་མི་རབས་བདུན་ཙམ་གྱི་གོང་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་དེ་སྐད་གསུངས་ནས། སློབ་དཔོན་དགའ་རབ་རྡོ་རྗེའི་གན་དུ་ལུང་བསྟན་པ་ཡིན། ད་ཡང་ཁྱོད་འདི་ནས་ལྷོ་ཕྱོགས་སུ་ཕྱིན་པ་ན། ལྷོ་གྱད་ཀྱི་ཡུལ་བེ་ཏའི་གླིང༌། ཤིང་དྲ་བ་གཙུག་དགུ་བཀོད་པའི་ཚལ། གནོད་སྦྱིན་འབྲོག་གནས་ཀྱི་དཔལ། ཡོན་ཏན་ཐམས་ཅད་འབྱུང་བ་ཞེས་བྱ་བའི་གྲོང་ཁྱེར་ན། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་དེ། སློབ་དཔོན་དགའ་རབ་རྡོ་རྗེའི་བྱིན་རླབས་ཀྱིས་ཆོས་ཉིད་ཀྱི་དོན་རྟོགས་ཤིང་། དངོས་གྲུབ་བརྙེས་ནས་བཞུགས་ཡོད་པས། ཚེ་གཅིག་གིས་འཚང་རྒྱ་བའི་གདམས་ངག་ཁོང་ལ་ཡོད་པས། དེར་ཕྱིན་ན་ལེགས་ཞེས་ལུང་བསྟན། འོ་ན་དེར་འགྲོ་བ་ལ་དཀའ་སླ་སྐྱིད་སྡུག་ཉེ་རིང་ཇི་ལྟར་ཡོད་དྲིས་པས། ལམ་ཉེ་ན་ངེད་རྣམས་ཀྱང་འགྲོ་སྟེ་ལམ་ཡང་ཤིན་ཏུ་རིང་ཞིང་ཟླ་བ་བཅུ་གསུམ་ཙམ་དུ་འགྲོ་དགོས་ལ། ལམ་གྱི་འཇིགས་པ་ནི་མཁའ་འགྲོ་དང༌། གནོད་སྦྱིན་མ་རུངས་པ་དང༌། སྦྲུལ་གདུག་པ་ཅན་དང༌། གཅན་གཟན་མ་རུངས་པ་དང་འཕྲད་དེ་འོང་གསུངས་པས། ཅུང་ཟད་ཐེ་ཚོམ་ཟོས་ཏེ་ལམ་དེ་བས་ཉེ་བའི་ཐབས་ཡོད་དམ་དྲིས་པས། ཉེ་ལམ་ནི་རི་རབ་རིའི་ཁོང་གསེང་བྱ་བ་སའི་ཁོང་གསེང་ཞིག་ལ་ཕྱིན་ན་ལམ་ཉེ་སྟེ། དེ་ན་ཡང་སྦྲུལ་གདུག་པ་ཅན་དང་མི་མ་ཡིན་གྱི་གྲོང་ཁྱེར་གནས་པས་ཤིན་ཏུ་དཀའ་གསུངས། དེ་དག་ལ་བསྲུང་བའི་ཐབས་མེད་དམ་ཞུས་པས། རྩི་མ་གི་ཏ་ཞེས་བྱ་བ་ལུས་ལ་འབྱུག་ཅིང༌། ཞུན་ཆེན་གྱི་མར་མེ་ཁྱེར་ནས་ཕྱིན་ན་སྦྲུལ་དང་མི་མ་ཡིན་གྱི་གྲོང་ཁྱེར་གྱི་འཇིགས་པ་སྲུང༌། གཞན་ཡང་མུན་ཁུང་འབའ་ཞིག་ཏུ་འགྲོ་དགོས་པས། སྒྲོན་མེ་དང་མར་མེ་ཡང་འཁྱེར་དགོས་གསུངས་སོ། །དེར་ཤྲཱི་སིངྷས་ཡོ་བྱད་དེ་རྣམས་དཀའ་བས་བསྒྲུབས་ཏེ་ཁྱེར་ནས་ཕྱིན་པས། སའི་ཕུག་གི་མུན་ཁུང་གི་ལམ་ལ་ཟླ་བ་དྲུག་འཁོར་ཡང༌། གནོད་པ་དང་འཇིགས་པ་མེད་པར་བེ་ཏའི་གླིང་དྲ་བ་གཙུག་དགུའི་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་སླེབས་སོ།།

དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་གང་ན་བཞུགས་དྲིས་པས། གཅིག་ན་རེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་ཞིག་ངེད་ཀྱི་གྲོང་ན་ཡོད་ཟེར་ཏེ། ཆ་ལུགས་ཇི་ལྟར་ཡོད་ཆ་མེད་པས་ངོ་མི་ཤེས་ཟེར་རོ། །ཀུན་ལ་དྲིས་པས་ཀྱང་དེ་སྐད་ཟེར་རོ། །དེར་ཟླ་བ་བདུན་གྱི་བར་དུ་བཙལ་བས་ཀྱང་མ་བརྙེད། དེར་ནམ་ཞིག་གི་ཚེ་ཆུ་མིག་གི་ཁ་ཞིག་ཏུ་བཞུགས་པས། ཆུ་ལེན་མ་རྒན་མོ་ཞིག་བྱུང་བ་ལ་དྲིས་པས་གཏམ་མི་ཟེར་བར་འགྲོ་བར་རྩོམ་པ་ན། སློབ་དཔོན་ཡང་རྫུ་འཕྲུལ་དང་ལྡན་པ་ཞིག་ཡིན་པས་ཆུ་བུམ་པ་ས་ལ་འབྱར་བཅུག་པས་མོས་མ་ཁོགས་པར་མོ་ན་རེ། ཙིཏྟ་ཨ་བྷི་པྲ་སལ་ཟེར་བས་བྲང་ཁ་ཕྱེ་ནས་སྙིང་གི་ནང་ནས་དཔལ་ཡང་དག་ལྷ་དགུའི་དཀྱིལ་འཁོར་བསྟན། ལྕེ་བརྐྱངས་པས་གདོང་མེར་འབར་ཏེ་འབར་བའི་གདོང་ཅན་གྱི་རྟགས་ཀྱང་བསྟན་ཏོ།།

དེ་ནས་སློབ་དཔོན་གྱིས་མོ་ལ་འཇམ་དཔལ་བཤེས་གཉེན་ངོ་ཤེས་སམ་ཞེས་དྲིས་པས། མོ་ན་རེ། ངའི་མིང་པོ་ཡིན། ང་མ་གཏོགས་གཞན་སུས་ཀྱང་མི་ཤེས་ཟེར་རོ། །དེ་ནས་བྲང་ཁ་བསྡུས། བུམ་པའི་ཆུ་ཁུར་ཏེ་རང་གནས་སུ་བསྐྱལ། མོས་གྲོགས་བྱས་ཏེ་ཕྱིན་པས་བཙུན་པ་ཤམ་ཐབས་ཐོད་དུ་བཅིངས་པ། གཉའ་ཐོང་ཟུང་ཞིག་ཕྱག་ལ་བཟེད། རྨོད་ཐོང་ཟུང་ཞིག་མདུན་ན་བཅུག་ནས་ཞིང་རྨོད་པ་དང་འཕྲད། མོས་འདི་ཡིན་ནོ་ཟེར། དེ་ལ་སློབ་དཔོན་ཤྲཱི་སིངྷ་ཡིད་མ་ཆེས་པར། སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི། ཡང་ན་པཎྜི་ཏ་མཁས་པའི་ཆ་བྱད་དམ་ཡང་ན་རྣལ་འབྱོར་ཀུ་སཱ་ལིའི་ཆ་བྱད་དུ་ཡོང་འཐད་པ་ལ། འདི་ཁྱིམ་བཙུན་ཞིག་ཏུ་འདུག་པས་མ་ཡིན་ནོ་སྙམ་ནས། བདག་ལ་བཟའ་ཞིག་གནོངས་དང་བྱས་པས། བཟའ་འདི་ན་ཅི་ཡོད་གྲོང་ཁྱེར་ཡ་གི་ན་ངའི་ཆུང་མ་ཡོད་དེ་ལ་སློངས་ཟེར་རོ། ། དེ་ནས་གྲོང་ཁྱེར་དུ་ཕྱིན་ནས་ཇོ་མོ་ལ་བཟའ་སློང་བྱས་པས། ང་ལ་སྤགས་མེད་ཟེར་ནས་ཚོང་དུས་ནས་བྱིའུ་མཆིལ་པ་བདུན་ཉོས་ནས་བྱུང་སྟེ། སྤུ་རྣམས་བཏོགས། ནང་ཁྲོལ་རྣམས་བླུགས་ནས་བཙོས་ཏེ་འབྲས་ཆན་དང་བཅས་དྲངས་པ་ལ། ཤྲཱི་སིངྷས། ངེད་དགེ་སློང་ཡིན་པས་ཤ་ཟར་མི་རུང་ཞིང་། ཁྱད་པར་བསྔོས་ནས་བསད་པ་འདིའི་ཤ་ཟ་མི་རུང་བྱས་པས། ཇོ་མོ་ན་རེ། རྗེས་སུ་ཡི་རང་ངོ་གསུངས་ནས། བྱིའུའི་ཤ་བུབས་བདུན་པོ་ལག་མཐིལ་དུ་བཞག་ནས་ཕུ་བཏབ་པས་ནམ་མཁའ་ལ་ཙིར་དིར་གྱིས་འཕུར་སོང་བ་དང༌། ཤྲཱི་སིངྷའི་ཐུགས་ལ་འདི་ལ་ཡང་རྫུ་འཕྲུལ་འདི་ལྟར་འདུག་པས། ཁྱིམ་བཙུན་དེ་སློབ་དཔོན་ཡིན་ནམ་སྙམ་ནས་ད་དུང་བརྟག་དགོས་བསམས་ཏེ། དེ་ནུབ་གནས་གཡར་བྱས་པར་འདུག་གསུངས་ནས་བཞུགས་པས། དེར་ཁྱིམ་བཙུན་གྱི་ཚུལ་ཅན་སློབ་དཔོན་དེ་བྱོན་ནས། འདི་ཀུན་ལ་བཟའ་བྱིན་ནས་གསུང༌། ཇོ་མོས་བཟའ་བྱིན་ཡང་གསོལ་མ་སོང་ཞུས་པས། སློབ་དཔོན་གྱི་ཞལ་ནས་རང་སྟང་བཟང་གསུང་ངོ༌། །དེ་ནས་ནང་པར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཁ་ཏོན་དུ་བཏོན་པས། སློབ་དཔོན་གྱིས་དང་པོར་མ་བཞེངས་པར་གསན། རྫོགས་པ་དང་དོན་ལ་ལྟ་ཅི་སྨོས་ཚིག་ལ་ཡང་རྨོངས་གསུངས་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་ནམ་དགོངས་སོ། །ཡང་ཇོ་མོས་ཚོང་འདུས་ནས་བུད་མེད་ཀྱི་ལག་གཡོན་གདུ་བུ་ལྔ་སིལ་ལེ་བ་ཞིག་ཉོས་ནས་བྱུང་སྟེ། དེ་བཙོས་ནས་དྲངས་པས། ཤྲཱི་སིངྷས། ངེད་དགེ་སློང་ཤ་ཟར་མི་རུང་ཞིང༌། དེའི་ནང་ནས་ཀྱང་མིའི་ཤ་དང་བུད་མེད་ཀྱི་ཤ་འདི་མི་ཞུ་བྱས་པས། སློབ་དཔོན་དེས་བུད་མེད་ཀྱི་ལག་པ་དེ་ཕྱག་ཏུ་བཞག་སྟེ་སེ་གོལ་ཞིག་གཏོགས་པས། ལག་པ་དེ་ནམ་མཁའ་ལ་འོད་ཕུང་ངེ་སོང་ངོ༌།།

དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་པར་ཡིད་ཆེས་ཏེ། གསེར་གྱི་མཎྜལ་ཕུལ། ཕྱག་ལན་གསུམ་བཙལ། སྐོར་བ་ལན་གསུམ་བྱས་ཏེ། ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་པར་ཞུ་འཚལ་བྱས་པས་ཅང་མི་གསུང༌། དེ་ལྟར་ལན་གསུམ་བྱས་པས་ཀྱང་ཅང་མི་གསུང་ངོ༌། །དེ་ནས་ཤྲཱི་སིངྷ་ཐུགས་མུག་ནས། སློབ་དཔོན་གྱིས་གདམས་ངག་མི་གནང་བར་འདུག་འགྲོ་དགོས་སྙམ་ཡོད་ཙ་ན། སློབ་དཔོན་གྱི་ཞལ་ནས་ཤྲཱི་སིངྷ་འདིར་ཤོག་དང༌། ཞེས་གསུངས། དྲུང་དུ་ཕྱིན་པས་སློབ་དཔོན་ལྗན་ལྗིན་དང་འབགས་བཙོག་མི་གཙང་ཞིག་གི་གསེབ་ན་གཟིམས་འདུག་པས། འདི་ཕྱོགས་ཤིག་བྱ་བ་ཡིན་ནམ་སྙམ་ནས་ཕྱགས་པས་ཡང་སྔར་བཞིན་གང་ནས། དེ་ལྟར་ལན་བཅོ་བརྒྱད་ཀྱི་བར་དུ་ཕྱགས་པས་ཤིན་ཏུ་དུབ་ནས་ངལ་གསོས་པས། སློབ་དཔོན་གྱི་དབུ་སྔས་ན་ཤིང་ཏོག་མདོག་ལེགས་ཤིང་དྲི་ཞིམ་པ་ཞིག་འདུག་པ། ཟོ་བྱ་བ་ཡིན་ནམ་སྙམ་སྟེ་ཟོས་པས་རོ་མཆོག་བརྒྱད་དང་ལྡན་པ་ཤིན་ཏུ་དྲི་ཞིམ་པ་ཞིག་འདུག །ཟོས་ཟིན་པ་དང་དེ་ནད་དུ་གྱུར་ནས་སྐྱུགས་ཤིང༌། འགྱེལ་ནས་ཤི་ལ་ཐུག་སྟེ་བསམས་པ། ང་ནི་ད་ཤི་ན་རུང་སྙམ་པ་ལན་བདུན་བྱུང་སྟེ། སློབ་དཔོན་འདི་དང་པོར་ཞིང་རྨོ་བའི་ཚེ་བརྡ་ཞིག་ཡིན་འདུག་པ་ལ་ཡང་ངས་མ་གོ་བས་ཤི་ན་རུང༌། བྱིའུའི་ཤ་དྲངས་དུས་ཀྱང་བརྡ་མ་གོ་བས་ཤི་ན་རུང༌། བུད་མེད་ཀྱི་ལག་པ་དྲངས་དུས་ཀྱང་བརྡ་མ་གོ་བས་ཤི་ན་རུང༌། མཎྜལ་དང་ཕྱག་སྐོར་བྱས་གསོལ་བ་བཏབ་དུས་ཅི་ཡང་མི་གསུང་བའི་བརྡ་མ་གོ་བས་ཤི་ན་རུང༌། འགྲོ་སྙམ་པ་ལ་ཤོག་གསུངས་ཏེ་ཕྱིན་པས་ཕྱག་དར་བྱས་དུས་ཀྱང་བརྡ་མ་གོ་བས་ཤི་ན་རུང༌། ཤིང་ཏོག་ཟོས་པ་དེ་ཡང་བརྡར་འདུག་སྟེ་མ་གོ་བས་ཤི་ན་རུང་སྟེ་སྙམ་པ་བདུན་ཤར་བ་དང་སྐྱུགས་འཕྲོ་ཆད། འགྱེལ་བ་ལས་ལངས་ཏེ་གཟིགས་པས་སློབ་དཔོན་བཞེངས་ནས་འདུག་སྟེ། སློབ་དཔོན་གྱི་ཞལ་ནས་ཁྱོད་ཅི་འདོད་པ་ཡིན་གསུངས་པས། ཞུས་པ། བདག་ནི་སྐད་ཅིག་མས་རྟོགས་པ་ཚེ་གཅིག་གིས་འཚང་རྒྱ་བའི་ཐབས་ཤིག་ཞུ་ཞུས་པས། ཁྱོད་ཀྱིས་ད་དུང་མ་གོའམ་གསུངས་པས། མ་གོ་ལགས་ཞུས་པས། ངས་དང་པོ་ནས་བསྟན་ཏེ། ཁྱེད་རང་གིས་མ་གོ་བར་འདུག་པ་ཞིང་རྨོད་པ་ནི་ཐབས་ཤེས་རབ་ཀྱི་དོན་བསྟན་པ་ཡིན་ནོ། །བྱིའུ་མཆིལ་པའམ་ཀ་ལནྟ་ཀ་ཅིག་ཏུ་སྨྲས་པས་དེའི་ཤ་དྲངས་པ་ནི་ཚོགས་དྲུག་ཆོས་ཉིད་ཀྱི་བརྡ་གཅིག་ཏུ་བསྟན་པ་ཡིན་ནོ། །སྒྱུ་འཕྲུལ་དྲ་བ་འདོན་པའི་ཚེ་ཆོས་ཐམས་ཅད་བརྗོད་འདས་སུ་བསྟན་པ་ཡིན་ནོ། །བུད་མེད་ཀྱི་ལག་པ་དྲངས་པ་ནི་ལག་གཡོན་པ་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་ལྔ་དང་ལྡན་པར་བསྟན་པ་ཡིན་ནོ། །མཎྜལ་ཕྱག་སྐོར་གསོལ་བ་བཏབ་དུས་ཅི་ཡང་མ་སྨྲས་པ་དེ་ཆོས་ཐམས་ཅད་སྨྲ་བསམ་བརྗོད་མེད་དུ་བསྟན་པ་ཡིན་ནོ། །དེ་ཁྱོད་ཀྱིས་མ་རྟོགས་ཏེ་འགྲོ་དགོས་བསམ་པའི་ཚེ། ཁྱོད་ལ་ཁམས་བཅོ་བརྒྱད་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་ལན་བཅོ་བརྒྱད་ཕྱག་ཏུ་བཅུག་པ་ཡིན། ཁྱོད་ལ་གཟུང་འཛིན་གྱི་སྒྲིབ་པ་ཟབ་ཅིང་ཕྲ་བ་ཞིག་འདུག་ནས་ཤིང་ཏོག་ཟར་བཅུག་པ་ཡིན་ཏེ། ཁྱོད་ཤིང་ཏོག་དེའི་ཁ་དོག་དང་དྲི་ལ་ཆགས་པ་ནི་ཕྱི་གཟུང་བའི་ཡུལ་ལ་ཆགས་པ་ཡིན། ཟོས་པས་རོ་མཆོག་ཞིམ་པ་ལ་ཆགས་པ་ནང་འཛིན་པའི་སེམས་ལ་ཆགས་པ་ཡིན། ཁྱོད་ན་བ་དེ་གཟུང་འཛིན་གཉིས་ཀྱི་བསྒྲིབས་པས་ན་མ་ཡིན། དེ་ལྟར་ན་བའི་ཚེ་ཤི་ན་རུང་བདུན་དྲན་པས་སྒྲིབ་པ་དག་ནས་གསོས་པ་ཡིན་ནོ་གསུངས་ནས། སྐྱེ་འགག་གཉིས་མེད་ཀྱི་དོན་དུ་ཨ་ཧ་ཧོའི་ཞེས་བརྡ་བསྟན་པས། ཆོས་ཉིད་ཀྱི་རང་སྒྲ་དེ་འུ་རེ་བ་ཞག་བདུན་དུ་བྱུང་བའི་ཉམས་ཤར། དེ་ལས་སད་ཙམ་ན་སློབ་དཔོན་ཡང་དེ་གར་བཞུགས་ནས་འདུག་སྟེ་དོན་དེ་མི་བརྗེད་པའི་བརྡར། ཨ་བནྡྷ་ར་ཞེས་བརྡ་བསྟན་ནས། བོད་སྐད་དུ་ཁྱོད་རང་ནམ་མཁའི་དཀྱིལ་དུ་ལྟོས་དང་བྱ་བར་གོ་ནས། ནམ་ལངས་གཟའ་སྐར་ནུབ། སྤྲིན་དང་ཁུ་རླངས་ཡལ་བའི་སྐབས་དེར། ཡར་ནམ་མཁའ་ལ་མ་བལྟས་མར་ས་ལ་མ་བལྟས། ཐད་ཀའི་ནམ་མཁའི་དཀྱིལ་དུ་བལྟས་པས། ནམ་མཁའ་དེ་རྒྱུ་རྐྱེན་ངོ་བོ་ངོས་བཟུང་མཐའ་བྲལ་ལྟར། སེམས་ཉིད་དངོས་པོའི་གནས་ལུགས་ཀྱང་དེ་བཞིན་དུ་རྟོགས་ནས། སློབ་དཔོན་ཤྲཱི་སིངྷས་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་སྟེ་ཐུན་མོང་གི་དངོས་གྲུབ་ཞོར་ལ་ཤར། ལས་དང་ལས་ཀྱི་རྣམ་སྨིན་དག་གོ །དེ་ནས་ཤྲཱི་སིངྷས་མཁའ་ལ་བྱ་འཕུར་བ་བཞིན་གྲོང་ཁྱེར་དེ་ནས་འཕུར་ཏེ། ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་དུ་གཤེགས་ཤིང༌། མུ་སྟེགས་ཚར་གཅོད་པའི་ཕྱིར་རྡོ་རྗེ་གདན་གྱི་བྱང་སྒོ་སྲུང་བ་ལ་གཤེགས་ཞེས་གྲགས་སོ།།

གསང་བ་སྙིང་ཐིག་གི་ལོ་རྒྱུས་སུ། སློབ་དཔོན་གཉིས་མཇལ་ཚུལ་འདི་ལྟར་འབྱུང་སྟེ། སློབ་དཔོན་ཤྲཱི་སིངྷ་རྒྱ་ནག་གི་གྲོང་ཁྱེར་ཤོ་ཁྱམ་ནག་པོ་ནས་ནུབ་ཕྱོགས་ཀྱི་གྲོང་ཁྱེར། གསེར་གླིང་ཞེས་བྱ་བར་འགྲོ་བའི་བར་གྱི་ཐང་སྟོང་ཞིག་གི་ནམ་མཁའ་ལས་འཕགས་པ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་ལ་བརྟེན་ནས། ས་ལ་ཁྲུ་གང་གིས་མ་རེག་པར་བྱོན་ཏེ་ཞག་དགུ་ནས་དུར་ཁྲོད་སོ་ས་གླིང་དུ་ཕྱིན་ནས། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ཏེ་ཕྱག་དང་སྐོར་བ་བྱས་ཏེ། བདག་རྗེས་སུ་བཟུང་བར་ཞུ་ཞེས་ཞུས་པས། གདམས་པ་རྣམས་བསྟན་ཅིང་དཔེ་ལུང་བསྟན་ཏེ་དུར་ཁྲོད་དེ་ཉིད་ཀྱི་ནམ་མཁའ་ལ་འོད་ཕུང་དུ་གཤེགས་སོ།།

ཡང་བརྒྱུད་ཚུལ་གཅིག་ལ་སངས་རྒྱས་གསང་བ་འཛམ་བུའི་གླིང་དུ་ལོ་སུམ་བརྒྱ་བཞུགས་ཏེ་གསང་བ་སྒྱུ་འཕྲུལ་ལམ་རྣམ་བཀོད་དང༌། རྡོ་རྗེ་ལས་རིམ་སོགས་འགྲེལ་པ་དང་སྒྲུབ་ཐབས་མང་དུ་མཛད་ནས་མཐར་འཁོར་ལྔ་བརྒྱ་དང་བཅས་ཏེ་ཟག་མེད་རིག་འཛིན་གྱི་ས་ལ་གཤེགས། དེས་སློབ་དཔོན་ཤྲཱི་སིངྷ་ལ་རྡ་ཧེ་ནའི་འདུ་ཁང་དུ་གསུངས་ཤིང་གསེར་གྱི་བུམ་པ་ཕུལ། གསང་མཚན་རྡོ་རྗེ་བཞད་པའི་གཏེར་རམ་རྡོ་རྗེ་བཞད་པ་རྩལ་ཏེ་ལོ་ལྔ་བརྒྱ་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །ཞེས་གསུངས་པ་ལྟར་ན། བརྒྱ་ཕྲག་དགུ་པའི་ནང་རིག་འཛིན་གྱི་སར་གཤེགས་པར་མངོན་ནོ། །ཞེས་བྱུང་ལ་འདི་ཡང་ནཱ་ལེནྡྲའི་པཎ་གྲུབ་སྙན་གྲགས་ཅན་ཞིག་གོ།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར། ༼ཉོ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦༢ན༡

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༨ ནས་ ༤༠༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *