ང༽ དཔལ་ནཱ་ལེནྡྲའི་དགེ་འདུན་པའི་འཚོ་བ།

ང༽ དཔལ་ནཱ་ལེནྡྲའི་དགེ་འདུན་པའི་འཚོ་བ།

 

ནཱལཱནྡཱ་འདི་ཉིད་ཕྱི་ལོའི་གོང་རོལ་ནས་ཡོད་པར་ངོས་འཛིན་བྱེད་མཁན་ཚོས། དང་ཐོག་གསར་སྐྲུན་བྱེད་མཁན་ཆོས་རྒྱལ་མྱ་ངན་མེད་ནས་བཟུང་སྦྱིན་བདག་རིམ་བྱོན་གྱིས་འཚོ་བ་ཤུགས་ཆེ་སྦྱར་བ་ཞིག་ཡིན་ཚུལ་གསུང་གི་ཡོད་རུང་། གོང་དུ་ནཱལཱནྡཱའི་ཐོག་མའི་དར་རིམ་དང་། གདན་ས་ཆེན་པོར་གྱུར་ཚུལ་ཞེས་པའི་ལེ་ཚན་ནང་གསལ་བཤད་བྱས་པ་བཞིན།

ནཱལཱནྡཱ་དུས་རབས་ལྔ་པའི་ནང་གཞི་ནས་བྱུང་བ་ཞིག་ཡིན་སྟབས། དེར་སྦྱིན་བདག་བྱེད་མཁན་རྣམས་ཀྱང་སྐབས་དེའི་མི་ལས་དེའི་ཡར་སྔོན་གྱི་མི་ཡིན་ལུགས་མེད་སྟབས་གུཔྟའི་རྒྱལ་རྒྱུད་ཀྱི་ཀུ་མཱ་ར་གུཔྟ་དང་པོའམ། ཡང་ན་ཁོའི་སྤུན་འཇིག་རྟེན་ཉི་མས་གསར་སྐྲུན་བྱས་པ་ནས་བཟུང་རྒྱལ་རྒྱུད་རིམ་པས་ནཱལཱནྡཱར་འཚོ་བ་སྦྱར་བ་ཞིག་རེད། རྒྱའི་སྡེ་སྣོད་འཛིན་པ་བཙུན་པ་ཐང་སན་ཙང་ནཱལཱནྡཱར་ཕེབས་སྐབས་ནཱལཱནྡཱའི་སྦྱིན་བདག་ནི་རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་དང་། དབུས་ཀྱི་རྒྱལ་པོ་བཅས་རྒྱལ་པོ་སྡེ་ཁག་ལྔ་པོ་སོ་སོས་དགེ་འདུན་པ་རྣམས་ཀྱི་འཚོ་བའི་མཐུན་རྐྱེན་ཤུགས་ཆེ་སྦྱར་གྱི་ཡོད་སྟབས། དགེ་འདུན་པ་རྣམས་ཀྱིས་སློབ་སྦྱོང་ཐད་ཧུར་བརྩོན་ཁོ་ན་བྱས་ནས་བཞུགས་ན་འཐུས་པ་ཡིན།

གཞན་ཡང་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་གི་འཚོ་བའི་མཐུན་རྐྱེན་དུ་ཉེ་འཁྲིས་ཀྱི་གྲོང་པ་བརྒྱའི་དཔྱ་ཁྲལ་དང་། ཡང་ཁྱིམ་ཚང་བརྒྱ་ནས་འབྲས་བཟང་ངན་སྣ་ཚོགས་དང་། མར། འོ་མ་རྣམས་བསྡུས་ཏེ། ནཱལཱནྡཱའི་གཙུག་ལག་སློབ་གཉེར་བ་རྣམས་ཀྱི་འཚོ་བར་འབུལ་གྱི་ཡོད། གྲོང་པ་དང་ཁྱིམ་ཚང་དེ་དག་གིས་རྒྱལ་པོར་ཁྲལ་འབུལ་དགོས་པ་དེ་ཉིད་རྒྱལ་པོས་མི་ལེན་པར་དགེ་འདུན་པའི་ཞལ་དུ་འགྲོ་བར་འབད་བརྩོན་བྱས་ནས་དགེ་འདུན་པ་དེ་ཚོར། བཟའ་བཏུང་དང་། གོས། མལ་ཆ། སྨན་བཅས་ཀྱི་དགོས་མཁོ་ཅི་ཡོད་འབུལ་གྱི་ཡོད།

དེ་ཡང་བཟའ་བཅའ་ཉིན་ལྟར་འབུལ་བ་དང་། སྨན་སྐབས་ཐོག་སོ་སོར་འབུལ་བ། ན་བཟའ་སྟེ་གོས་ལྷམ་ལོ་རེའི་མཚམས་ནས་འབུལ་གྱི་ཡོད། དགེ་འདུན་པ་རྣམས་ཀྱི་བཞེས་ལག་མཉམ་དུ་བཟོ་བ་ལས་རེ་རེ་བྱས་ནས་བཟོ་གི་མེད་ལ། བཞེས་ལག་བཟོ་བྱེད་ཀྱི་ཆུ་དེ་ངེས་པར་ལྕགས་རིའི་ནང་དུ་ཁྲོན་པ་བརྐོ་དགོས་པའི་ཁྲིམས་དང་། དགེ་འདུན་པའི་སྐུ་གཟུགས་འཁྲུ་སའི་མཚེའུ་ནཱལཱནྡཱའི་དགོན་པའི་ལྷོ་ནུབ་ཏུ་ཡོད་ཚུལ་རྒྱའི་བཙུན་པ་ཨི་ཅིང་གིས་གསུངས་པ་ལྟར་དགེ་ཆོས་ཀྱིས་ཀྱང་གཟིགས་ཚུལ་[1]གསལ། དེ་ཡང་སྔོན་མུ་སྟེགས་པ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་པ་རྣམས་ལ་ཐབས་ཤེས་གང་ཡོད་སྒོས་འགྲན་རྩོད་བྱེད་ཀྱི་ཡོད་སྟབས། སྐབས་འགར་འཐུང་ཆུའི་ནང་དུ་དུག་འདེབས་པ་སོགས་འབྱུང་གི་ཡོད་པས་ཁྲོན་པར་སྲུང་སྐྱོབ་ཆེན་པོ་བྱེད་ཀྱི་ཡོད།

དགེ་འདུན་གྱི་གསོལ་ཚིགས་དང་ཁྲུས་ལ་འཇུག་པ་ཐམས་ཅད་དྲིལ་བརྡ་བཏང་སྟེ་རྒན་གཞོན་ལྟར་རིམ་གྱིས་འཇུག །གཙུག་ལག་ཁང་དུ་ཟས་ལ་རོལ་སྐབས་ཤིང་གི་སྟེགས་བུར་བྱམས་བཞུགས་ཀྱིས་ཟས་ཟ་ཞིང༌། གསར་བུ་པས་རྒན་རིམ་ལ་ཟས་བྲིམས། བྱིན་ལེན་མ་བྱས་པ་དང་གསོག་འཇོག་བྱས་པ་ཟ་བ་སོགས་ལ་ཤིན་ཏུ་འཛེམས་ཤིང༌། ཟན་གྲུབ་མཚམས་སུ་ཞབས་དང་ལག་པ་གཙང་མ་འཁྲུ་བ་སོགས་དམ་ཆོས་འདུལ་བ་ལྟར་བྱེད་པ་རྒྱའི་བཙུན་པ་ཨིས་ཙིང་གིས་བཤད།[2]

གཞན་ཡང་རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག་ལས[3]། དེ་ནས་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་གསར་པའི་མདུན་དང་། ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་རྙིང་པའི་ལྷོ་ཕྱོགས་སུ་མཚོ་རྫིང་ཡོད་ལ། འདི་ལོ་རྒྱུས་རྙིང་པ་རྣམས་སུ་གནའ་སྔ་མོར་ནཱལནྡཱའི་དགེ་འདུན་པ་རྣམས་དབྱར་དུས་ཚ་དྲོད་ཆེ་སྐབས་འདིར་ཕེབས་ནས་སྐུ་གཟུགས་དང་ན་བཟའ་འཁྲུ་བ་ཡིན་ཟེར་བས། ཁྱེད་རྣམས་འདིར་སླེབས་སྐབས་ལུས་པོ་དང་གྱོན་གོས་འཁྲུ་དགོས་མེད་རུང་ཞིབ་གཟིགས་ཤིག་གནང་ན་ལེགས་པ་ཡིན། མཁས་གྲུབ་བྱེ་བའི་གཙུག་རྒྱན་དཔལ་ལྡན་ཟླ་བ་གྲགས་པ་དང་། དཔལ་ཆོས་ཀྱི་གྲགས་པ་སོགས་ཀྱིས་ཀྱང་མཚོ་རྫིང་འདི་ནས་སྐུ་གཟུགས་འཁྲུ་བ་སོགས་མཛད་ཡོད་ངེས་ལ། རང་རེ་བོད་ཡུལ་བསིལ་ལྡན་ལྗོངས་ནས་ཕེབས་པའི་ཆག་ལོ་ཙཱ་བ་དང་། མར་པ་ལོ་ཙཱ་བ་སོགས་ཀྱང་གནས་འདིར་ཕེབས་སྟབས་ཚ་དྲོད་ཀྱིས་མནར་སྐབས་མཚོ་རྫིང་འདིར་ཕེབས་ནས་ཆུ་བརྒལ་ཡོད་པར་ཐག་བཅད་ཆོག་སྙམ། དེས་ན་དེ་དག་ཀུན་རྗེས་སུ་དྲན་ཆེད་པར་ལེན་དང་། ཞིབ་གཟིགས་གནང་གལ་ཆེ་བར་སྙམ་མོ། །ཞེས་ཀྱང་བྱུང་ངོ་།།

དེ་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[4]། གཙུག་ལག་ཁང་དུ་ཟན་ཟ་ཚེ་དགེ་སློང་རྣམས་ཁྲིའུ་ཆུང་ངུ་རེ་ལ་རྒྱ་འདུག་བྱས་ཏེ་གྲལ་དུ་བྱས་ནས་ཟན་ཟ། འདི་རང་རེའི་མིག་ལ་མི་མཛའ་ཡང་། ཆེས་གནའ་དུས་སུ་བྱོན་པའི་བཙུན་པ་ཨིས་ཅིང་གི་ལམ་ཡིག་ཏུ་ནཱ་ལེནྡྲ་ན་ཡང་དགེ་སློང་རྣམས་དེ་ལྟར་ཟན་ཟ་ཚུལ་གསུངས་འདུག །བཙུན་པའི་ཞལ་ནས་སྤྱིར་འདུལ་བ་ལ་གསལ་བར་མ་བྱུང་ཡང་། བཅོམ་ལྡན་འདས་ཀྱི་དགོངས་པ་ཡང་འདི་ཡིན་པར་ངེས་ཏེ། འདུལ་བ་ལ་ཟས་རྐང་པའི་དྲུང་དུ་ལྷུང་ན་སོགས་གསུངས་ལ། ས་ལ་བདེ་བར་བསྡད་ན་རྐང་དྲུང་དུ་ལྷུང་ཚུལ་མེད་པའི་ཕྱིར་དང་། ཡང་ཟས་ཟིན་ནས་རྐང་པ་བཀྲུ་བར་གསུངས་པ་ལ། སྟན་ལ་དཀྱིལ་ཀྲུང་དུ་བསྡད་ན་རྐང་པ་ཅི་ལ་བཀྲུ་དགོས་བྱ་བའི་ཐལ་འགྱུར་གཉིས་ཀྱང་འཕང་འདུག །ཆོས་ཀྱི་སྤྱོད་ལམ་ཕྲ་མོ་དེ་ཙམ་ལ་ཡང་ཨུ་ཚུགས་མཛད་པ། བཙུན་པ་ཨིས་ཅིང་སངས་རྒྱས་ལ་གུས་པ་རེ་ཆེ། ད་དུང་བཙུན་པའི་ཞལ་ནས། སྔར་རང་རེའི་རྒྱ་ནག་ཏུ་ཡང་སྟེགས་ལ་བསྡད་ནས་ཟས་ཟ་བ་ལ་ཕྱིས་ཐང་གི་གོང་མའི་དུས་སུ་ཐམས་ཅད་ས་ལ་སྡོད་པའི་ལུགས་ངན་དེ་བྱུང་སོགས་གསུངས་ནས་འདུག །གང་ལྟར་ཡང་ཀྲུང་ཧྭ་མིང་གོའི་དུས་སུ་སྔར་གྱི་སྲོལ་བཟང་དེ་སླར་ཡང་དར་བ་རང་ཅག་གིས་མཐོང་བ་དེ་ལགས། ཨིས་ཅིང་འདི་ཆོས་ཀྱི་གྲགས་པ་དང་དུས་མཉམ་ཟེར། འདིའི་ལོ་རྒྱུས་ཞར་བྱུང་དུ་ཐལ། ཞེས་གསལ་བ་ལྟར་རོ།།

ཡང་དགེ་ཆོས་ཀྱི་གསེར་ཐང་དུ། པཎྜི་ཏའི་གོ་གནས་རིམ་པར་བྱས་པའི་གནས་རིམ་དང་པོར་འཚོ་བའི་མཐུན་རྐྱེན་སྦྱོར་མཁན་ཁྱིམ་ཚང་བཅུ་ནས། གནས་རིམ་མཐའ་མར་གསུམ་དུ་བྱས་ནས་ཡོད་སྟབས། བཙུན་པ་ཐང་སན་ཙང་ནཱལཱནྡཱར་ཕེབས་སྐབས་པཎྜི་ཏའི་གོ་གནས་ཅན་སུམ་བརྒྱ་ལྷག་དང་། དེ་མིན་གྱི་པཎྜི་ཏ་དང་མཁས་པ་སོགས་ཁྱོན་ཆིག་སྟོང་ལྔ་བརྒྱ་དང་བཅུ་ཡོད་ལ། གཞན་ཡང་ཕྱིའི་རྒྱལ་ཁབ་ཁག་གིས་མཚོན་པའི་ཡུལ་གྲུ་གཞན་ནས་ཕེབས་པའི་པཎྜི་ཏ་དང་། དགེ་འདུན་པ་སོགས་མགྲོན་བཙུན་སྡེ་སྣོད་གསུམ་ག་མཁྱེན་མཁན་ཚོར་ཞག་ཉི་ཤུའི་རིང་སྒེར་མཆོད་ཉིན་རེ་བཞིན་བཟའ་བཅའ་བཟང་པོ་སྡེར་མ་ཉི་ཤུ་རེ། སྡེ་སྣོད་གཉིས་མཁྱེན་མཁན་ལ་སྡེར་མ་བཅུ་རེ། སྡེ་སྣོད་གཅིག་མཁྱེན་མཁན་ལ་སྡེར་མ་ལྔ་རེ་འབུལ་བའི་ལུགས་སྲོལ་ཡོད་སྟབས། ཐང་སན་ཙང་ནཱལཱནྡཱར་ཕེབས་སྐབས་ཉིན་བསྟར་གྱི་བཟའ་བཅའ་བཟང་པོ་སྡེར་མ་ཉི་ཤུ་དང་། འབྲས་སཱ་ལུ་[5]བྲེ་[6]གང་། གོ་ཡུ་དང་། སུག་སྨེལ་རྡོག་པོ་ཉི་ཤུ་རེ། ག་བུར་སྲང་གང་། འོ་མ། ཞུན་མར། སྦྲང་རྩི་རྣམས་དང་། ད་དུང་བཞུགས་གནས་གཙང་མ་བྱེད་མཁན་གྱི་དམངས་བྲན་གཅིག །བྲམ་ཟེ་གཅིག །ཕན་ཚུན་ཕེབས་བྱེད་གླང་པོ་ཆེ་གཅིག་དང་། བསེལ་བ་[7]བཅུ་རྣམས་ཀྱི་འཚོ་བའི་མཐུན་རྐྱེན་སྦྱར་བའི་ལོ་རྒྱུས་ཡོད་པ་འདིའི་ཐོག་ནས་ནཱལཱནྡཱའི་འཚོ་བའི་གནས་ཚུལ་མང་པོ་ཞིག་མཐོང་ཐུབ།

སྤྱིར་གནའ་བོའི་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་རྣམས་སུ་དཔལ་འབྱོར་སྡེ་ཚན་ཁག་བཞིར་ཕྱེས་ནས་ཡོད་པ་ཇི་བཞིན། ནཱལཱནྡཱའི་དཔལ་འབྱོར་མཐུན་རྐྱེན་ཡང་དེ་ལྟར་ཁག་བཞིར་ཕྱེས་ནས་ཡོད་པ་དཔེར་ན། ༡) སྐུ་གསུང་ཐུགས་རྟེན་དང་། ལྷ་ཁང་། གྲྭ་ཤག་སོགས་གསར་བཞེངས་དང་ཞིག་གསོར་གཏོང་བྱེད་ཀྱི་གྲས། ༢) ཆོས་གསུང་མཁན་རྣམས་ལ་ཆོས་ཡོན་འབུལ་རྒྱུའི་གྲས། ༣) དཀའ་ངལ་བྱུང་མཚམས་མ་གཏོགས་བེད་སྤྱོད་མི་བྱེད་པར་དགེ་འདུན་པའི་སྤྱི་རྫས་སུ་ཉར་རྒྱུའི་གྲས། ༤) མང་ཉུང་གང་འདྲ་ཡོད་ཀྱང་སྐབས་ཐོག་སོ་སོར་དགེ་འདུན་དམངས་ལ་བགོ་འགྲེམས་བྱེད་རྒྱུའི་གྲས་བཅས་ཡོད་ཚོད་འདུག།

དུས་ཕྱིས་ཕྱི་རོལ་པའི་གནོན་ཤུགས་དང་རྒྱལ་པོ་ཁག་གི་དཔལ་འབྱོར་གནས་ཚུལ་གྱི་རྐྱེན་པས་ནཱལཱནྡཱའི་འཚོ་བ་སྦྱིན་བདག་ཆེན་པོ་དག་གིས་གནང་བའི་དཔལ་འབྱོར་རྨང་གཞིའི་སྟེང་སོ་སོའི་ངལ་རྩོལ་གྱི་ནུས་པ་བཏོན་ཏེ་རང་འཚོ་བྱེད་དགོས་ཆགས། དེར་བརྟེན་ནཱལཱནྡཱ་རང་གི་སྦྱིན་བདག་ཆེན་པོ་ཧར་ཤས་ཕུལ་བའི་ལྷ་འབངས་གྲོང་པ་བརྒྱ་དང་། ཁྱིམ་ཚང་བརྒྱ། ད་དུང་ས་ཞིང་དང་། ནོར་ཕྱུགས་ཡོད་པར་མ་ཟད་དེ་དག་འཚོ་སྐྱོང་བྱེད་སའི་འབྲོག་ཐང་ཡོད་པ་དང་། དེ་ལྟའི་ས་ཞིང་དང་བ་ཕྱུགས་བདག་གཉེར་བྱེད་མི་ཡང་ནཱལཱནྡཱ་རང་ཁོངས་ནས་བསྐོ་འཇོག་བྱེད་ཀྱི་ཡོད་སྟབས་ནང་བསྟན་མཚན་ཉིད་རིག་པའི་འཕེལ་རྒྱས་ཐད་ཕྱག་རྗེས་བླ་ན་མེད་པའི་དཔལ་ལྡན་ཟླ་བ་གྲགས་པས་ཀྱང་ནཱལཱནྡཱའི་གཉེར་པ་གནང་སྐབས་བ་ཕྱུགས་འཚོ་སྐྱོང་གནང་བའི་ལོ་རྒྱུས་ཡོད་པ་སོགས་ལས་སྤྱིར་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་། བྱེ་བྲག་ནཱལཱནྡཱའི་དཔལ་འབྱོར་གནས་ཚུལ་ལ་འཕོ་འགྱུར་ཆེན་པོ་སོང་བ་གསལ་རྟོགས་ཡོང་ཐུབ།[8]

དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་འདིར། རྒྱ་ཆེ་ལ་གཏིང་ཟབ་པའི་རང་ཉིད་ཀྱི་རིག་གཞུང་དར་རྒྱས་དང་། བསྟན་འགྲོར་ཕན་རླབས་མཐའ་མེད་དུ་འཕེལ་བའི་དགོངས་པ་རྒྱ་ཆེར་བཞེས་ཏེ་རྒྱལ་ཁབ་དང་མི་རིགས་གཞན་གྱི་སློབ་གཉེར་བ་རྣམས་ལ་དམིགས་བསལ་མཐོང་ཆེན་བྱེད་ཅིང་། གནས་མལ་སོགས་མཐུན་རྐྱེན་གང་ལེགས་སྦྱོར། བོད་ཀྱིས་གཙོས་པའི་རྒྱལ་ཁབ་གཞན་གྱི་སློབ་གཉེར་བ་སྡོད་གནས་སྤྱི་ཁང་རེ་ཡང་བརྩིགས་ཡོད་ལ། གནས་ཀྱི་བླ་མ་ཡང་སྐབས་དུས་ཀྱི་མཁས་པ་སྒོ་དྲུག་གང་རུང་གིས་གནང་སྲོལ་ཡོད། དེ་ནི་དམིགས་བསལ་གྱིས་བརྩི་མཐོང་མཚོན་ཆེད་དུ་རེད། ནང་ཆོས་དར་སྤེལ་གྱི་གཟིགས་རྒྱ་ཤིན་ཏུ་ཡངས་ཤིང་། མཁས་གྲུབ་གཉིས་འཛོམས་ཀྱི་པཎྜི་ཏ་རྣམས་རྒྱལ་ཁབ་སོ་སོས་རེ་འདོད་ལྟར་གཏོང་བར་མ་ཟད། འགྲོ་གྲོན་དང་མཐུན་རྐྱེན་ཡང་སྦྱོར་བར་བྱེད། ཐག་རིང་ནས་ཕེབས་པའི་མགྲོན་བཙུན་སྡེ་སྣོད་གསུམ་པོ་གང་རུང་མཁྱེན་མཁན་གྱི་གནས་ཚད་ལ་གཞིགས་པའི་བཟའ་བཅའི་ཕུན་སུམ་ཚོགས་པོ་དང་། ཞལ་ཏ་བྱེད་མཁན་གཅིག །ཕྱག་དར་བྱེད་མཁན་གཅིག་སོགས་གནང་སྲོལ་ཡོད་པ་རྒྱ་ཡི་བཙུན་པ་ཐང་ཟན་ཙང་ (ཞོན་ཙང་)ལ་ཡང་དེ་ལྟར་གནང་བར་བཤད།[9]

གཞན་ཡང་དཔལ་ནཱ་ལེནྡྲའི་དགེ་འདུན་པའི་འཚོ་བའི་མཐུན་རྐྱེན་ནི། སྔོན་སྟོན་པ་ཞལ་བཞུགས་སྐབས་ལྟར་བསོད་སྙོམས་ལ་ཕེབས་ཏེ་གྲོང་སོགས་སུ་འཇུག་པར་མི་བྱེད་ཅིང་། དགེ་འདུན་རྣམས་ལ་དུས་ཐོག་ཏུ་དགེ་འདུན་སྤྱི་ཐབ་ཆེན་པོ་ནས་ཞལ་ཟས་འབུལ་བར་བྱེད། དེ་ནི་ཡུལ་དང་མཐའ་བཞིའི་རྒྱལ་པོ། གཞན་ཡང་སྦྱིན་བདག་སོ་སོས་ཕུལ་བའི་དགེ་འདུན་རྙེད་པ་དང༌། གཙོ་བོ་པཎྜི་ཏ་སོ་སོར་གོ་སའི་ཐོབ་དབང་གི་མཁས་ཁྱད་ལ་གཞིགས་པའི་རྒྱལ་པོ་དང་གཞུང་ཕྱོགས་ནས་གཟིགས་གསོལ་གནང་བའི་ས་ཞིང་དང༌། གསེར། དངུལ། རྟ་གླང་། ཡུལ་ལྗོངས་སོགས་དང༌། ཡུལ་གྱི་རྒྱལ་པོས་གནང་བའི་གྲོང་སྡེ་ཉིས་བརྒྱ་ཙམ་ཡོད་པ་དེ་རྣམས་ཀྱིས་ལས་གང་བྱས་ཀྱང་རྒྱལ་པོ་ལ་ཁྲལ་དང་འུ་ལག་འཇལ་མི་དགོས་པར་གཙུག་ལག་སློབ་གཉེར་ཁང་འདིའི་ལྷ་སྡེ་ལྟ་བུར་གནས་ཡོད་པ་རྣམས་ཀྱིས་ས་ཞིང་འདེབས་ལས་དང༌། བུད་ཤིང་འཐུ་སྒྲུག་གི་རོགས་རམ། ཕྱུགས་ཟོག་འཚོ་སྐྱོང་སོགས་བྱེད་ཀྱི་ཡོད་[10]པ་བཅས་སོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དགོན་པའི་ལྷོ་ནུབ་ཏུ་མཚེའུ་ཡོད་པར་ཉིན་གུང་བརྡ་བཏང་བ་ན་དགེ་སློང་བརྒྱ་སྟོང་ཙམ་རེ་བྱོན་ཏེ་ཁྲུས་བྱེད་སོགས་གསུངས་ཏེ་མཚེའུ་ད་ལྟ་ཡང་ཡོད་ཅེས་གསེར་ཐང་དེབ་དང་པོའི་ཤོག་གྲངས་ ༣༣༣ པར་གསལ་བའི་མཚོ་དེའི་མིང་ལ་ཨིནྡྲ་པུ་ཤ་ཀ་ར་ནི་ (Indrapuskarani) ཞེས་འབོད་ཅིང་མཚོ་དེའི་བྱང་ངོས་སུ་ནཱལཱནྡཱའི་གནའ་ཤུལ་དེ་བརྗིད་ཉམས་ལྡན་པའི་ངང་གནས་ཡོད་ལ། ཡང་ལྷོ་ཕྱོགས་སུ་ནཱལཱནྡཱའི་གཙུག་ལག་སློབ་གྲྭ་གསར་པ་དེ་ཆགས་ཡོད་པ་རེད།

[2] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༣༠

[3] རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག །འགྲོ་ཕན་གཙུག་ལག་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༦

[4] གཏམ་རྒྱུད་གསེར་ཐང་། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༦

[5] མ་རྨོས་མ་བཏབ་རོ་མཆོག་ལྡན་པའི་འབྲས་ཤིག །བོད་རྒྱ་ཚིག་མཛོད་ཆེན་མོ། ཤོག་གྲངས་ ༡༩༩༥

[6] བོད་དུ་འབྲུ་རིགས་ཕུལ་དྲུག་ཤོང་བའི་འཇལ་བྱེད་སྣོད་སྤྱད་གྲུ་བཞི་མ་ཞིག །བོད་རྒྱ་ཚིག་མཛོད་ཆེན་མོ། ཤོག་ ༡༩༠༦

[7] སྲུང་སྐྱེལ་བྱེད་མཁན་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོར་(རྙིང་)ཉེན་ཁ་ཡོད་པའི་ལམ་ལ་སྲུང་སྐྱེལ་བྱས་པ། ཤོག་ ༣༠༥༠

[8] ནཱལནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༧༣

[9] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༧

[10] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༣༡

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༥༠༡ ནས་ ༥༠༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *