༢༽ ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ།

༢༽ ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ།

 

ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ། ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་རྗེས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་འཕགས་ཡུལ་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་གཞུང་ལུགས་ལ་སློབ་གཉེར་ལེགས་པར་གནང་བ་དང་།

ལེགས་སྦྱར་གྱི་སྐད་ལ་བྱང་ཞིང་ཆུབ་པ་མཛད་དེ་རྒྱ་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད།

སྒྱུར་རྩོམ་ནི་བཀའ་འགྱུར་ལས། འཕགས་པ་བྱམས་པས་དམ་བཅས་པའི་གཟུངས་དང་། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས་ཇི༌སྙེད་པ་རིམ་པར་ཕྱེ་བ་གཉིས་པ། བསྟན་འགྱུར་ལས། དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀཱ་མ་དྷེ་ནུ་པས་མཛད་པ། སྤྱོད་པའི་གླུ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ལྷས་ཞལ་སྔ་ནས་མཛད་པ་སོགས་[1]ཆོས་ཚན་བརྒྱད་ཅུ་གྱ་བདུན་བཞུགས་སོ།།[2]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༧༣། ༡༤༨

[2] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༣༠༧། ༣༠༩ བཅས་ལས་བཏུས་ཏེ་ལེགས་བསྒྲིགས་ཞུས་པའོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༠ ནས་ ༤༣༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *