༢༽ གནོད་འཇོམས་དབྱིག་གཉེན་གྱི་གསུང་ཡིན་མིན།

༢༽ གནོད་འཇོམས་དབྱིག་གཉེན་གྱི་གསུང་ཡིན་མིན།

༡) ཡིན་པར་འདོད་པའི་ལུགས།

དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་ཐོགས་མེད་སྐུ་མཆེད་སོགས་ལ་བསྟོད་པ་ལས[1]།

བསོད་ནམས་རྒྱ་མཚོའི་དབུས་སུ་ལེགས་པར་འཁྲུངས། །

བློ་གྲོས་ཀླུ་དབང་ཐོས་པའི་ནོར་གྱིས་ཕྱུག །

ལེགས་བཤད་ཆར་གྱིས་འགྲོ་ཀུན་སྨིན་མཛད་པ། །

དབྱིག་གཉེན་ཀླུ་ཡི་རྒྱལ་པོའི་ཞབས་ལ་འདུད། །

ཅེས་བསྔགས་པ་རྒྱ་ཆེར་གནང་བའི་སློབ་དཔོན་དབྱིག་གཉེན་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་འདིས་མཛད་པར་གྲགས་པ་གནོད་འཇོམས་སློབ་དཔོན་འདིས་མཛད་མིན་ལ་རགས་ཙམ་དཔྱད་པ་ལ། དེ་ཡང་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེའི་ (1429-1489) བཀའ་འབུམ་ལས[2]། དེའི་རྗེས་སུ་སློབ་དཔོན་དབྱིག་གཉེན་གྱིས་སེམས་ཙམ་གྱི་གྲུབ་མཐའ་ལ་བརྟེན་ནས་ཉི་ཁྲི་གཞུང་འགྲེལ་མཛད་ལ། དེ་ཉིད་བོད་དུ་མ་འགྱུར་རོ། །ཁ་ཅིག་དབྱིག་གཉེན་གྱིས་མཛད་པའི་ཡུམ་གསུམ་གནོད་འཇོམས་འདི་ཉི་ཁྲི་གཞུང་འགྲེལ་ཡིན་པར་འདོད་དེ། ལོ་ཆེན་གྱི་ཞལ་ནས་པཎྜི་ཏ་འགའ་ཞིག་ང་ལ་གཞུང་འགྲེལ་ཡོད་ཟེར་ནས་བལྟས་པས། འབུམ་ཊཱིཀ་ཏུ་སོང་ནས། འདི་འབུམ་ཊཱིཀ་ཡིན་བྱས་པས་དེ་ག་གཞུང་འགྲེལ་ཡིན་ཟེར་རོ། །ཞེས་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་ལས[3]། དང་པོ་ལ། བོད་སྔ་རབས་ཀྱི་དགེ་བའི་བཤེས་གཉེན་ཕལ་མོ་ཆེ་ནི། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་སྟོན་པ་དབུ་མ་རིགས་པའི་ཚོགས། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་སྟོན་པ་མངོན་པར་རྟོགས་པའི་རྒྱན། སྒོ་གསུམ་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་ཡུམ་གྱི་དོན་སྟོན་པ་གནོད་འཇོམས། ཡང་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་བརྒྱད་སྟོང་པའི་དོན་བསྡུས་ནས་སྟོན་པ་བརྒྱད་སྟོང་དོན་བསྡུས་ཏེ། ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཡིན་ཟེར་རོ།།

ཆོས་རྗེ་ཐམས་ཅད་མཁྱེན་པས་ནི། བཞི་ཡིན་ཞེས་སྨྲ་བ་ནི་མི་འཐད་དེ། སྔ་མ་གཉིས་ལས་སྲོལ་འབྱེད་གཞན་མིན་པའི་ཕྱིར་ཞེས་གསུངས། གསུང་འདི་ལ་བརྟེན་ནས་གུང་ཊཱིཀ་ཏུ། འགྲེལ་བྱེད་གཞན་གཉིས་ཀྱང་དེ་གཉིས་ཀྱི་རྗེས་སུ་འབྲང་བའི་ཕྱིར། ཞེས་བྲིས་པ་ནི་རྩིང་པོ་སྟེ། སྔ་མ་གཉིས་ཀྱིས་དབུ་མར་བཀྲོལ་ལ། ཕྱི་མ་གཉིས་ཀྱིས་སེམས་ཙམ་དུ་བཀྲོལ་བའི་ཕྱིར་རོ། །འདི་ལ་བུ་སྟོན་རིན་པོ་ཆེ་ན་རེ། སྟོང་ཕྲག་བརྒྱ་པའི་བཤད་པ་བམ་པོ་བདུན་ཅུ་རྩ་བརྒྱད་པ་འདི། འཕང་ཐང་ཀ་མེད་དཀར་ཆག་ཏུ་ཁྲི་སྲོང་ལྡེ་བཙན་གྱིས་བྱས་པར་བྲིས་མོད། འཆིང་ཕུའི་དཀར་ཆག་དང༌། ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དཀར་ཆག་དང་གཉིས་སུ། རྒྱ་གར་མར་བཤད་པས་དཔའ་སྡེས་མཛད་པ་ཡིན་ནོ། །ཡུམ་གསུམ་གའི་གནོད་འཇོམས་སུ་གྲགས་པ་བམ་པོ་ཉི་ཤུ་རྩ་བདུན་པ་འདི་ལ་དཔའ་བོས་བྱས་པར་བྲིས་མོད། འདི་ནི་དབྱིག་གཉེན་གྱིས་མཛད་པའི་གཞུང་འགྲེལ་ཡིན་ཏེ། ཐུབ་དགོངས་སུ། གཞུང་འགྲེལ་གྱི་ལུང་དྲངས་པ་རྣམས་ཇི་ལྟ་བ་བཞིན་འདིར་སྣང་བའི་ཕྱིར་དང༌།

འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །

ཅེས་བརྩམ་པར་དམ་བཅའ་མཛད་པའི་ཕྱིར། འདི་ལ་ཡུམ་གསུམ་གནོད་འཇོམས་སུ་གྲགས་ཀྱང༌། རྒྱས་འབྲིང་གཉིས་དང༌། ཁྲི་བརྒྱད་སྟོང་པའི་བཤད་པ་ཡིན་ནོ། །ཞེས་གསུངས་སོ།།

ལེགས་བཤད་གསེར་ཕྲེང་ལས། གནོད་འཇོམས་སུ། སོ་སོ་སྐྱེ་བོ་རྣམ་གྲོལ་སྡེའི་ལུང་དྲངས་པ་དུ་མ་སྣང་བ་དང་། དབུ་མར་བཀྲོལ་བས་ན། དབྱིག་གཉེན་གྱི་མིན་པར་གསུངས་པ་ལྟར་དཔལ་ས་སྐྱ་པའི་མཁས་པ་ཆེན་པོ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་གཞུང་མིན་པ་བཀག་སྟེ་ཡིན་པར་སྒྲུབ་པ་དང་། རྗེ་ཙོང་ཁ་པ་ཆེན་པོས་དབྱིག་གཉེན་གྱི་གཞུང་ཡིན་པ་བཀག་སྟེ་ཁ་ཆེ་མཆེ་བའི་སྡེའི་གཞུང་ཡིན་པར་བསྒྲུབས་པ་སོགས་བཞེད་ལུགས་མི་མཐུན་པ་མང་བ་སྟེ། དེ་ཡང་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[4]། རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་གཞུང་འགྲེལ་བམ་པོ་ཉི་ཤུ་རྩ་བདུན་པ་བསྒྱུར་འཕྲོ། འདི་དཾ་ཥྚ་སེ་ནས་བྱས་ཟེར་བ་མང་མོད་ཀྱི་འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། (སློབ་དཔོན་ཨ་བྷྱ་ཡ་ཀ་ར་གུཔྟས་མཛད་པ་) ཐུབ་པ་དགོངས་རྒྱན་ལ་སོགས་པར་ཉི་ཁྲི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར་དང་། དབུར་ཡང་།

འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །

ཅེས་བྱུང་བའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས[5]། འདི་དཾ་ཥྚ་སེ་ནས་བྱས་ཟེར་ཀྱང་དབྱིག་གཉེན་གྱི་གཞུང་འགྲེལ་དུ་རིགས་ཤིང་། འདི་དང་བརྒྱད་སྟོང་དོན་བསྡུས་གཉིས་ཀྱིས་སེམས་ཙམ་དུ་བསྟན་ནོ། །ཞེས་གསུངས་པ་ལྟར་དབྱིག་གཉེན་གྱིས་མཛད་པར་བཞེད་དོ།།

དེ་བཞིན་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་ (1292-1361) མཛད་པའི་སློབ་མ་ལ་སྤྲིང་པ་སྐུར་འདེབས་དང་སྒྲོ་འདོགས་སྤང་བ་ལས[6]། འཕགས་པ་ཐོགས་མེད་སྐུ་མཆེད་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ་སེམས་ཙམ་པའི་པཎྜི་ཏར་གྲགས་པ་མང་པོ་ཡང་དབུ་མ་པར་ཐག་ཆོད་ཅིང༌། དེ་རྣམས་ཀྱིས་ཡུམ་སེམས་ཙམ་དུ་བཀྲལ་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་ཐག་ཆོད་དོ། །གལ་ཏེ་དེ་ལ་ཐེ་ཚོམ་ཟ་བ་གདའ་ན། ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ཞིབ་ཏུ་གཟིགས་པར་ཞུས་མཛོད། འཕགས་པ་ཐོགས་མེད་སྐུ་མཆེད་དང༌། དེ་ཡང་རང་བཞིན་གསུམ་གྱི་ཆོས་སྐད་ཕྱུང་བས། སེམས་ཙམ་དུ་བཀྲལ་འདུག་སྙམ་པའི་ལོག་རྟོག་གདའ་ན། ཤེར་ཕྱིན་ལྔ་བརྒྱ་པ་དང༌། ཁྲི་བརྒྱད་པའི་ལེའུ་བརྒྱད་ཅུ་རྩ་གསུམ་པ་དང༌། ཉི་ཁྲི་ལྔ་སྟོང་པའི་ལེའུ་བདུན་ཅུ་རྩ་གཉིས་པ་རྣམས་ཞིབ་པ་རེ་གཟིགས་པར་ཞུས་མཛོད། གཞན་ཡང་ངོ་བོ་ཉིད་གསུམ་སེམས་ཙམ་ཁོ་ནའི་ཆོས་སྐད་ཡིན་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའོ། །གལ་ཏེ་བདེན་སྙམ་པ་གདའ་ན། དེ་ལ་ཤེས་བྱེད་ཀྱི་ལུང་རིགས་རྣམ་དག་མཆིས་སམ་མཆིས་ན་བསྟན་དུ་གསོལ། ཞེས་ཞུས་པ་བསྟན་དུ་གདའ་ན་ཡི་གེར་ཡང་བྲིས་མཛོད། སློབ་དཔོན་དབྱིག་གཉེན་སྐྱེ་བ་ལྔ་བརྒྱར་སེམས་ཙམ་པའི་པཎྜི་ཏར་འཁྲུངས་པས་སེམས་ཙམ་པ་ཞེ་ན། དབུ་མ་ལ་མ་སླེབས་ཞེས་ཡོངས་སུ་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའ་ཞིང༌། གལ་ཏེ་བདེན་སྙམ་པ་གདའ་ན། དེའི་ཤེས་བྱེད་དྲིས་ནས་ཡི་གེར་ཡང་བྲིས་མཛོད། ཅེས་དང་། ཡང་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་ (1292-1361) མཛད་པའི་སློབ་མ་ལ་སྤྲིང་པ་སྐུར་འདེབས་དང་སྒྲོ་འདོགས་སྤང་བ་ལས[7]། སློབ་དཔོན་སེང་གེ་བཟང་པོས།

འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །

ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །

ཞེས་སོགས་གསུངས་པ་ལ་བརྟེན་ནས། སློབ་དཔོན་དབྱིག་གཉེན་སེམས་ཙམ་པ་དང༌། དེའི་གཞུང་འགྲེལ་སེམས་ཙམ་གྱི་གཞུང་དུ་གྲགས་པ་འདི་ཡང་དོན་ལ་གཏན་ནས་མི་བདེན་པར་གདའ། གལ་ཏེ་བདེན་སྙམ་ན་འགྲེལ་མཆོག་ཁྱད་འཕགས་གནོད་འཇོམས་དང༌། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་ལེགས་པར་བཀའ་སྩལ་པའི་རང་འགྲེལ་ཁྱད་འཕགས་མང་པོ་གདའ་བས། དེ་རྣམས་དང་མཐུན་མི་མཐུན་ཞིབ་ཏུ་གཟིགས་ཞུས་མཛོད། འཕགས་པ་ཕྱོགས་ཀྱི་གླང་པོས་ཀྱང་ཤེར་ཕྱིན་སེམས་ཙམ་དུ་བཀྲོལ་ཞེས་གྲགས་པ་དེ་ཡང་དོན་ལ་མི་བདེན་པར་གདའ་སྟེ། ཁོང་པ་སློབ་དཔོན་འཕགས་པ་ཐོགས་མེད་ལ་སོགས་པ་དང་བཅས་པ་རྫོགས་ལྡན་གྱི་མཁས་པ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རང་འགྲེལ་དང་མཐུན་པར་འཆད་པའི་ཕྱིར་དང༌། སློབ་དཔོན་སེང་གེ་བཟང་པོ་ལ་སོགས་པ་གསུམ་ལྡན་མར་བཅད་མཁས་པ་རྣམས་ནི། སངས་རྒྱས་ཀྱི་རང་འགྲེལ་རྣམས་དང་འགལ་བ་དང་མི་མཐུན་པ་མང་དུ་འཆད་པའི་ཕྱིར་རོ། །འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་དུ་བཤད་པ་ནི། གཅུང་དབྱིག་གཉེན་དབུ་མ་ལ་ཁ་དྲང་བའི་ཕྱིར་དུ་བཤད་པ་ཡིན་ནོ། །ཞེས་གྲགས་པ་འདི་ཡང་མི་བདེན་པར་སྣང་སྟེ། ཐམས་ཅད་མཁྱེན་པ་གཉིས་པ་སློབ་དཔོན་དབྱིག་གཉེན་དབུ་མ་པ་ཆེན་པོ་ཡིན་པར་གྲུབ་པའི་ཕྱིར་རོ། །འཕགས་པ་ཐོགས་མེད་ཞབས་ཀྱིས་ཡུམ་སེམས་ཙམ་དུ་བཤད་པ་ཡང་མེད་ཅིང༌། དབུ་མར་བཤད་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་ཡུམ་སེམས་ཙམ་དུ་བཤད་པ་མེད་ཀྱི་དབུ་མ་ཆེན་པོ་གདའོ། །གལ་ཏེ་དེ་དག་གིས་སེམས་ཙམ་དུ་བཤད་ཟེར་ན། དེའི་ཤེས་བྱེད་ལུང་རིགས་རྣམ་དག་གིས་དྲིས་ནས་ཡི་གེར་ཡང་བྲིས་མཛོད། ཅེས་གསུངས་པ་ལྟར་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱིས་མཛད་པར་བཞེད་པའོ།།

གཞན་ཡང་གཡག་སྟོན་སངས་རྒྱས་དཔལ་ (1350-1414) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་བ་དང་བཅས་པའི་སྙིང་པོའི་གསལ་བྱེད་ཡིད་ཀྱི་མུན་སེལ་ལས[8]། གཉིས་པ་ནི། འགྲོ་དོན་གྱི་རྩ་ལག་ཏུ་གྱུར་པའི་སློབ་དཔོན་དབྱིག་གཉེན་ཞེས་བྱ་བས་ཀྱང་དེའི་འོག་ཏུ་བསྟན་བཅོས་ཆེན་པོ་རྣམ་པར་བཀྲོལ་བ་མཛད་དེ། འགྲོ་ལ་ཀུན་ཏུ་ཆགས་པ་དང་། ཤེས་བྱ་ནང་གི་ཡིན་པ་ལ་ཡང་དག་པར་བརྟེན་ནས་ཡུམ་གསུམ་གནོད་འཇོམས་མཛད་པའི་ཕྱིར། ཡུམ་གྱི་དོན། སེམས་ཙམ་དུ་འཐད་པས་སེམས། རང་མོས་པས་ཤེ་ན། རང་གི་མོས་པ་གཙོར་བྱེད་པ་ཙམ་དུ་ཟད་པས་སོ། །ཞེས་དང་། ཡང་གཡག་སྟོན་སངས་རྒྱས་དཔལ་ (1350-1414) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་དེའི་འགྲེལ་པ་དོན་གསལ་བ་དང་བཅས་པ་ལེགས་པར་བཤད་པ་རིན་ཆེན་བསམ་འཕེལ་དབང་གི་རྒྱལ་པོ་ལས[9]། དབྱིག་གཉེན་གྱིས་བཀྲོལ་ཚུལ་ནི། འགྲོ་བའི་དོན་ཕན་བདེའི་རྩ་ལག་ཏུ་གྱུར་པའི་སློབ་དཔོན་དབྱིག་གཉེན་ཆོས་ཅན། ཐོགས་མེད་ཀྱིས་རྣམ་བཤད་མཛད་པ་དེའི་འོག་ཏུ་ཡུམ་རྣམ་པར་བཀྲོལ་བ་ཡིན་ཏེ། ཤེས་བྱ་གཟུང་འཛིན་དུ་སྣང་བ་ནང་སེམས་ཙམ་ཡིན་པའི་གྲུབ་མཐའ་ལ་བརྟེན་ནས་གཞུང་འགྲེལ་བརྩམས་པའི་ཕྱིར། ཆོས་ཅན། ཡུམ་དོན་སེམས་ཙམ་དུ་འཐད་པས་སེམས་ཙམ་དུ་བཀྲོལ་བ་མིན་ཏེ། རང་གི་མོས་པ་གཙོ་བོར་བྱེད་པ་ཙམ་དུ་ཟད་པས་སོ། །ཞེས་གསུངས་པ་ལྟར་དབྱིག་གཉེན་གྱིས་མཛད་པར་བཞེད་དོ།།

དེ་བཞིན་བསྟན་འགྱུར་དཀར་ཆག་བསྟན་པ་དེ་ཛམྦུའི་གླིང་དུ་ཇི་ལྟར་བསྐྱངས་པའི་ཚུལ་རགས་པ་ཙམ་ཞིག་བཤད་པའི་ཡལ་འདབ་ལས[10]། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་གཞུང་འགྲེལ་ཡུམ་གསུམ་གནོད་འཇོམས་སུ་གྲགས་པ་དབྱིག་གཉེན་གྱིས་མཛད་པ་སོགས་བསྒྱུར། ཞེས་དབྱིག་གཉེན་གྱིས་མཛད་པར་གསུངས་ལ། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས་[11]ཀྱང་། འདི་ལ་ཀུན་མཁྱེན་བུས་ཁ་ཅིག་དཾཥྚ་དཾ་སེ་ནས་མཛད་ཟེར་མོད་ཀྱི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་གི་འགྲེལ་པར་བཞེད་པ་ཉིད་འཐད་པར་རྟོགས་ཏེ། རྒྱ་འགྲེལ་རྣམས་སུ་ལུང་དྲངས་པའི་གཞུང་རྣམས་དེ་ན་མི་ (སྣང་བའི་ཕྱིར་ཞེས་པ་ལས། མི་སྣང་བའི་ཕྱིར། ཞེས་དགག་སྒྲ་ཅན་མིན་པར་སྣང་།) སྣང་བའི་ཕྱིར་འདིས་ལྟ་བ་སེམས་ཙམ་དུ་བཀྲོལ་ཞིང༌། འདི་དང་འབུམ་ཊཱིཀ་ཆེ་བ་གཉིས་ཀ་སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་འཆད་དོ་ཞེས་བཤད་དོ། །ཞེས་བྱུང་ལ། དེ་བཞིན་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་ཤིང་རྟ་ཆེན་པོའི་སྲོལ་གཉིས་ཀྱི་རྣམ་པར་དབྱེ་བ་བཤད་ནས་ངེས་དོན་གཅིག་ཏུ་བསྒྲུབས་པའི་བསྟན་བཅོས་ཀྱི་རྒྱས་འགྲེལ་ལས[12]།

དབྱིག་གཉེན་ཞབས་ཀྱིས་ཡུམ་གསུམ་གནོད་འཇོམས་སུ། །

སྤྲོས་ཚོགས་ཀུན་བྲལ་ཡེ་ཤེས་ལ་བཤད་ནས། །

མཐར་ཐུག་ཐེག་གཅིག་ཚུལ་ཡང་དེར་བཤད་དོ། །

ཞེས་པ་གཞི་དུས་སུ་ཤེས་བྱའི་གནས། ལམ་དུས་སུ་ལྟ་བའི་ཡུལ། འབྲས་དུས་སུ་ངོ་བོ་ཉིད་ཀྱི་སྐུ་སྟེ། གསུམ་ཀ་ཡང་ཆོས་དབྱིངས་ཡེ་ཤེས་ཀྱི་སྟེང་ནས་འཇོག་པ་ནི་རྗེ་བཙུན་བྱམས་པའི་གཞུང་མཐའ་དག་གི་བཞུགས་ཚུལ་ཡིན་ལ། དེ་ཡང་དབུ་མར་མི་འདོད་ན་ནི། རྡོ་རྗེ་ཐེག་པའི་གཞུང་དབུ་མར་འདོད་པ་དང་འགལ་ཞིང༌། དབྱིག་གཉེན་ཞབས་ཀྱི་རབ་ཏུ་བྱེད་པ་སྡེ་བརྒྱད་ལས་ཀྱང་ལྟ་བའི་གྲུབ་མཐའ་བཤད་མ་ཐག་པ་དེ་ལས་མ་འདས་པར་ནི་རང་ཉིད་ཀྱི་གཞུང་ན་གསལ་ལོ། །ཞེས་དང་། ཡང་དེ་ཉིད་ལས། གསུམ་པ་ནི། སྡོམ་རྣམ་གཉིས་དང་། ཚད་མ་རྣམ་འགྲེལ་དང་། ཤཱནྟི་པའི་འགྲེལ་པ་དག་ལྡན་དང་། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས་རྣམས་དང་། ཉི་ཤུ་པ་དང་། སུམ་ཅུ་པའི་རབ་བྱེད་སོགས་དབུ་མ་ཆེན་པོའི་གཞུང་ཡིན་ཅིང་། ཤཱནྟི་པ་སོགས་དབུ་མ་ཆེན་པོ་བ་ཡིན་ན་འཕགས་པའི་ཡུལ་ནས་བོད་དུ་འགྱུར་བའི་སེམས་ཙམ་གྱི་གཞུང་གང་ཡིན། འཕགས་པའི་ཡུལ་དུ་སེམས་ཙམ་གྱི་གྲུབ་མཐའ་འཛིན་པའི་པཎྜི་ཏ་གང་ཡིན་སྨྲ་དགོས་སོ། །ཞེས་གསུངས་པ་ལྟར་ད་ལྟ་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པའི་ཡུམ་གསུམ་གནོད་འཇོམས་འདི་ཉིད་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་བཞེད་ལ། དེ་བཞིན་བཅོམ་ལྡན་རིག་རལ་དང་། ཇོ་ནང་རྗེས་འབྲང་རྣམས་ནས་ཀྱང་དབྱིག་གཉེན་གྱི་གསུང་དུ་བཞེད་དོ།།

གཞན་ཡང་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེས་ (1507-1554) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ཆོས་མཐའ་དག་གི་བདུད་རྩིའི་སྙིང་པོར་གྱུར་པ་གང་ལ་ལྡན་པའི་གཞི་རྗེ་བཙུན་མཆོག་ཏུ་དགྱེས་པར་ངལ་གསོ་བའི་ཡོངས་འདུ་ས་བརྟོལ་གྱི་ལྗོན་པ་རྒྱས་པ་ལས[13]། ལ་ལ་དག་སློབ་དཔོན་དབྱིག་གཉེན་གྱིས་ཡུམ་གསུམ་གནོད་འཇོམས་ནི་ཡུམ་གསུམ་ག་དང་སྦྱར་ཞེས་སྨྲ་ཡང་རྒྱས་འབྲིང་གཉིས་དང༌། ཁྲི་བརྒྱད་སྟོང་པ་དང་སྦྱར་གྱི། འཕགས་པ་བརྒྱད་སྟོང་པ་དང་མ་སྦྱར་བས་འཐད་པ་མིན་ནོ། །ཞེས་དབྱིག་གཉེན་གྱིས་མཛད་པར་བཞེད་ལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1890) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[14]། གསུམ་པ་ནི།

ཤེར་ཕྱིན་སྦས་དོན་མངོན་རྟོགས་རྒྱལ་ཚབ་ཆེས། །

ལེགས་བཀྲལ་ཐོགས་མེད་མཆེད་ཀྱིས་སྣང་བར་མཛད། །

བཀའ་འཁོར་ལོ་བར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོངས་འགྲེལ་ཤིང་རྟའི་སྲོལ་གཉིས་སུ་བྱུང་བ་ལས། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ནི་རྒྱལ་ཚབ་བྱམས་པས་ལེགས་པར་བཀྲལ་བའི་གཞུང་མངོན་རྟོགས་རྒྱན་དུ་གྲགས་པ་འདི་ཉིད་དེ། གཞུང་དེ་དང་ཉི་ཁྲི་གཉིས་དོན་གཅིག་པར་དགོངས་ནས་འཕགས་པ་ཐོགས་མེད་ཀྱིས་འགྲེལ་པ་དེ་ཉིད་རྣམ་ངེས། མཆེད་དབྱིག་གཉེན་གྱིས་རྣམ་རིག་ཏུ་བཀྲལ་བའི་ཡུམ་གསུམ་གནོད་འཇོམས་སོགས་ཀྱིས་ཐོག་མར་སྣང་བར་མཛད་དོ། །ཞེས་གསུངས་ལ། མངའ་རིས་པ་ཚེ་དབང་རིག་འཛིན་ (ཕལ་ཆེར། 1958) གྱིས་མཛད་པའི་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ་དྲང་སྲོང་རིག་འཛིན་བརྒྱུད་པའི་ཞལ་ལུང་ལས[15]། ཡང་སློབ་དཔོན་དཾ་ཥྚ་སེ་ནཱས་མཛད་པའི་འབུམ་ཊཱི་ཀ་དང་། དབྱིག་གཉེན་ཞབས་ཀྱིས་མཛད་པར་གྲགས་པའི་ཡུམ་གསུམ་གནོད་འཇོམས་དང་། སློབ་དཔོན་འཇམ་དཔལ་གྲགས་པའི་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོའི་འགྲེལ་པ་རྣམས་ལས་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་གསུངས། ཞེས་གསལ་བ་ལྟར་ཀུན་མཁྱེན་བུ་སྟོན་དང་། སྡེ་བསྟན་དཀར་ཆག །པཎ་ཆེན་ཤཱཀྱ་མཆོག་ལྡན། བཅོམ་ལྡན་རིག་རལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དོལ་པོ་བ་ཤེས་རབ་རྒྱལ་མཚན། གཡག་སྟོན་སངས་རྒྱས་དཔལ། ཀརྨ་པ་མི་བསྐྱོད་རྡོ་རྗེ། མངའ་རིས་ཚེ་དབང་རིག་འཛིན། ཇོ་ནང་རྗེས་འབྲང་པ་སོགས་ཀྱིས་ཡུམ་གསུམ་གནོད་འཇོམས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་བཞེད་དོ།།  །།

 

༢) མ་ཡིན་པར་འདོད་པའི་ལུགས།

 

འོན་ཀྱང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[16]། དེ་ལྟར་གནོད་འཇོམས་འདི་སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཁ་ཆེ་མཆེ་བའི་སྡེས་མཛད་པར་གྲགས་ལ། ཕྱིས་ཀྱི་མཁས་པ་ཁ་ཅིག་ (ཀུན་མཁྱེན་བུ་སྟོན་ཡིན་འདུག) དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། དེ་ནས་གཞན་དུ་ལུང་དྲངས་པ་རྣམས་དེར་སྣང་བ་དང༌། འདི་ཡི་ཀླད་དུ་ཡང་།

འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །

ཅེས་བྱུང་བའི་ཕྱིར་ཞེས་བཞེད་ཅིང༌། མཁས་པ་གཞན་དག་འདིར་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་ལ་དེ་བཙུན་པའི་རྣམ་འགྲེལ་ན་ཡོད་པས་དབྱིག་གཉེན་གྱི་མ་ཡིན་ཞེས་ཟེར་རོ། ། (དབྱིག་གཉེན་གྱི་གསུང་ཡིན་ན། དབྱིག་གཉེན་གྱི་སློབ་མ་འཕགས་པ་གྲོལ་སྡེ་དང་། དེའི་སློབ་མ་བཙུན་པ་རྣམ་གྲོལ་སྡེ་ཡིན་པས། ཡང་སློབ་ཀྱི་གཞུང་ལ་ཁ་འཕངས་གནང་མི་སྲིད་པས་ཡིན།) འོན་ཀྱང་ད་ལྟ་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ཞེས་པ་བམ་པོ་ཉེར་དགུར་བྱས་པ་ལོ་ཙྪ་བ་ཆེན་པོ་ཡེ་ཤེས་སྡེས་བསྒྱུར་བ་དང༌། འབུམ་རྐྱང་པའི་གཞུང་འགྲེལ་གནོད་འཇོམས་ཞེས་པ་འགྱུར་བྱང་མེད་པ་སྔ་མ་ལས་ཉིས་འགྱུར་གྱིས་གླེགས་བམ་རྒྱས་པ་གཅིག་དང་གཉིས་སྣང་ཞིང་། སྔ་མ་ལ་དཀར་ཆག་འཕང་ཐང་མར་བམ་པོ་ཉེར་བདུན་ཞེས་བྱུང་ཡང་ཉེར་དགུར་ཁོ་རང་ལས་བྱུང་ངོ༌། །ཕྱི་མ་འདི་འཕང་ཐང་གི་དཀར་ཆག་ཏུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་ཞེས་བྱུང་བས་རྒྱལ་པོས་མཛད་པ་ཡིན་ནོ། །གང་ཡང་མན་ངག་རྗེས་འབྲང་དུ་གཞུང་འགྲེལ་ལས་ལོག་པའི་གཞན་རྣམས་ཀྱི་བཤད་པ་གཟུང་བྱ་མ་ཡིན་པ་ཉིད་དོ། །གང་གི་ཕྱིར་སློབ་ནི་མདོ་སྡེ་ལྔ་བརྒྱ་བཤད་པའི་ཕྱིར་འཕགས་པ་མགོན་པོ་བྱམས་པས་བཀའ་སྩལ་པ་དེ་བས་ན་ཇི་ལྟར་ཕྱིན་ཅི་ལོག་ཏུ་བཤད་པ་མཛད། བླ་མའི་མན་ངག་ལས། གཞུང་འགྲེལ་གནོད་འཇོམས་གསལ་པོར་བྱ་བར་འདོད། །ཅེས་བྱ་བ་བཤད་པའི་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཉིད་ཀྱི་མན་ངག་ལ་སྐྱབས་སུ་བྱེད་པ་ཡིན་ནོ། །ཞེས་དང་། འདིའི་ཀླད་དུ།

བླ་མའི་ལུང་གིས་བདག་ལ་ཕན་པའི་ཕྱིར། །

འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །

ཅེས་པ་རྣམས་ཕལ་ཆེར་སྒྲིག་པར་ནུས་ན་ཡང་། བརྩམ་པར་དམ་བཅའི་རྐང་པ་འདི་གཉིས་གནོད་འཇོམས་གཉིས་ཀ་ལ་ཁྱད་མེད་པ་དང༌། མན་ངག་རྗེས་འབྲང་དུ་ཡང་ཉི་ཁྲིའི་གཞུང་འགྲེལ་ཞེས་གྲགས་ཀྱི་ཡུམ་གསུམ་གཞུང་འགྲེལ་ཞེས་པ་མི་སྣང་བ་དང༌། ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་པ་དང༌། ལྔ་བརྒྱ་པ་ཐ་མའི་འགྲེལ་པར་བསྟན་པའི་གནས་ཚད་ལ་རང་ཉིད་ཀྱི་འདོད་པ་བཀོད་ནས། ཤཱནྟི་རཀྵི་ཏའི་བསམ་པ་ནི་ཞེས་ཞི་བ་འཚོའི་བཤད་ཡམ་མཛད་པའི་ཕྱིར་མཆེ་བའི་སྡེས་བརྩམས་པ་ཡིན་ནམ་སྙམ་སྟེ། བློ་གསལ་ཞིང་ཡིད་གཞུངས་པ་དག་གིས་དཔྱད་པར་བྱའོ། །ཞེས་ཞིབ་ཏུ་དཔྱད་ནས་དོགས་སློང་མཛད་དོ།།

དེ་བཞིན་མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[17]། ཡུམ་གསུམ་གནོད་འཇོམས་ནི། དཾཥྚ་སེ་ནའི་ (མཆེ་བའི་སྡེ།) ཡིན་ཅིང་། ཉི་ཁྲི་རྣམ་འགྲེལ་བོད་ན་ཡོད་པ་ནི། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡིན་པར་བཞེད་པས་གཉིས་ཀ་དབྱིག་གཉེན་གྱི་མ་ཡིན་ནོ། །ཞེས་གསུངས་ལ། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་སྤྱི་དོན་སྒྲོན་མེ་རབ་གསལ་ལས[18]། མཆེ་བའི་སྡེས་རྒྱས་འབྲིང་བསྡུས་གསུམ་གྱི་དོན་རྣམས་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་སྟོན་པ་ལ་ཡུམ་གསུམ་གནོད་འཇོམས་མཛད་པའི་ཕྱིར། ཞེས་གསུངས་པ་ལྟར་གནོད་འཇོམས་མཆེ་བའི་སྡེས་མཛད་པར་གསུངས།

དེ་བཞིན་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ་ལས[19]། སྤྱིར་བསྟན་པའི་གནས་ཚད་ལ། བསྐལ་བཟང་གི་ཡི་གེ་ཁ་ཅིག་དང༌། བློ་གྲོས་མི་ཟད་པའི་མདོའི་འགྲེལ་པ་དང༌། མཛོད་འགྲེལ་གྱི་ཁ་ཆེ་བའི་རང་ལུགས་རྣམས་སུ་ལོ་སྟོང་དང༌། སྙིང་རྗེ་པད་དཀར་དུ་ཕྱེད་དང་ཉིས་སྟོང༌། ཟླ་བའི་སྙིང་པོའི་མདོར་ཉིས་སྟོང༌། རྡོར་གཅོད་འགྲེལ་པར་ཕྱེད་དང་སུམ་སྟོང་དུ་གནས་པར་གསུངས་ལ། བསྐལ་བཟང་གི་ཡི་གེ་ཁ་ཅིག་ལས་ལྔ་སྟོང་དང༌། སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་བདུན་སྟོང་གནས་རྒྱུ་ལ། བུད་མེད་རབ་ཏུ་བྱུང་བས་ཉིས་སྟོང་འགྲིབ་པར་བཤད་པ་དང་མཐུན་པར། ཡུམ་གསུམ་གནོད་འཇོམས་ལས་བཤད་ཅིང༌། དཾཥྟ་སེ་ནས་འབུམ་ཊིཀ་ཏུའང་བཤད། གནོད་འཇོམས་འདི་ནི་དབྱིག་གཉེན་གྱིས་མཛད་པར་གྲགས་ནའང༌། རྣམ་བཤད་རིགས་པ་སོགས་ཀྱི་མདོ་འཆད་ཚུལ་དང་མི་མཐུན་པའི་ནོར་བ་མང་དུ་བྱུང་བས་དབྱིག་གཉེན་གྱིས་མ་མཛད་ཀྱི། དཾཥྟ་སེ་ནཱས་བྱས་པའམ། ལོ་ཙཱ་བ་ཡེ་ཤེས་སྡེས་བྱས་པ་གང་རུང་དུ་མཁས་པ་དག་བཞེད་དོ། །ཞེས་གསལ་ལོ།།

སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ (1469-1544/1546) གྱིས་མཛད་པའི་ཕར་ཕྱིན་སྐབས་དང་པོའི་སྤྱི་དོན་ལེགས་བཤད་སྐལ་བཟང་ཀླུ་དབང་གི་རོལ་མཚོ་ལས་[20]ཀྱང་། འོ་ན་གཞུང་འགྲེལ་གནོད་འཇོམས་དེ་གང་གིས་མཛད་ཅེ་ན། འདི་ལ་ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ཞེས་པ་ཡེ་ཤེས་སྡེས་བསྒྱུར་བ་ཞིག་དང་། འབུམ་རྐྱང་པའི་གཞུང་འགྲེལ་གནོད་འཇོམས་ཞེས་པ་འགྱུར་བྱང་མེད་པ་ཞིག་ཡོད་པའི་ཕྱི་མ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པ་ཡིན་ཏེ། འཕང་ཐང་གི་དཀར་ཆག་ཏུ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ། ཞེས་གསུངས་པའི་ཕྱིར། དང་པོ་དེ་ལ་མི་མཐུན་པ་མང་དུ་འབྱུང་ཡང་། སྔ་མ་རྣམས་ལ་ཁ་ཆེ་མཆེ་བའི་སྡེས་མཛད་པར་གྲགས་པ་ལྟར་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །ཞེས་གསུངས་པ་ལྟར་ཁ་ཆེ་མཆེ་བའི་སྡེའམ་ལོ་ཙཱ་བ་ཡེ་ཤེས་སྡེ་གང་རུང་གིས་བྱས་པ་ལས་དབྱིག་གཉེན་གྱི་གསུང་མིན་པར་བཞེད་དོ།།

དམུ་དགེ་བསམ་གཏན་རྒྱ་མཚོས་ (1914-1993) མཛད་པའི་བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ་ལས[21]། ཡུམ་སྟོང་ཕྲག་བརྒྱ་པའི་འགྲེལ་པ་འབུམ་རྐྱང་པའི་གནོད་འཇོམས་སུ་གྲགས་པ་ཡང་ཁྲི་སྲོང་གིས་མཛད་པར་དཀར་ཆག་འཕང་ཐང་མར་བཤད་པ་ལྟར་ཡིན་ལ། དཀར་ཆག་མཆིམས་ཕུ་མ་དང་ལྡན་དཀར་མར་བཤད་པའི་ཡུམ་གྱི་འགྲེལ་པ་གནོད་འཇོམས་སུ་གྲགས་པ་རྒྱ་གར་མ་ཡིན་པར་བཤད་པ་དེ་ནི། དཾ་ཥྚ་སེ་ནའམ་ཁ་ཆེ་མཆེ་བའི་སྡེ་ཡང་ཟེར་བ་དེས་བརྩམས་པའི་ཡུམ་གསུམ་གནོད་འཇོམས་ཡིན་ནོ། །ཞེས་ཡུམ་གསུམ་གནོད་འཇོམས་སློབ་དཔོན་དབྱིག་གཉེན་གྱི་གསུང་མིན་པར། འཕགས་ཡུལ་གྱི་སློབ་དཔོན་ཁ་ཆེ་མཆེ་བའི་སྡེས་མཛད་པར་གསུངས་ལ། གཞན་ཡང་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་འབུམ་རྐྱང་པའི་གནོད་འཇོམས་བཅས་འཕགས་བོད་ཀྱི་གཞུང་ལུགས་གཉིས་ཡོད་པར་གསུངས།

དེ་ལྟར་ཡུམ་གསུམ་གནོད་འཇོམས་འདི་ཉིད་སློབ་དཔོན་དབྱིག་གཉེན་གྱི་གསུང་མིན་པར་གསུངས་པ་ལ་སྒྲུབ་བྱེད་གང་དག་ཡོད་སྙམ་ན། དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[22]། ཡུམ་གསུམ་གནོད་འཇོམས་ལས་ནི། ཤཱ་རིའི་བུས་དམིགས་པ་དང་བཅས་པས་བྱང་སེམས་ཡུམ་དེ་ལ་སྤྱོད་པ་གསུམ་ཞུས་པས་དམིགས་པ་དེ་དག་བསལ་བའི་ཕྱིར་བྱང་སེམས་དེའི་མིང་དང༌། བྱང་ཆུབ་སྟེ་བྱང་ཆུབ་སེམས་དཔའ་མི་དམིགས་པའི་སྤྱོད་པ་མི་དམིགས་པར་བསྟན་པས་མི་དམིགས་པ་སྟོང་པ་ཉིད་གསུངས་པ་དང༌། ཡུམ་ཡང་མི་དམིགས་པར་དྲངས་ཤིང༌། འདི་དག་གིས་གང་ཟག་གི་བདག་མེད་དང་ཕུང་པོ་ལྔ་མི་མཐོང་བས་ཆོས་ཀྱི་བདག་མེད་བསྟན་པར་འཆད་དོ། །དེ་ལྟར་དྲངས་པའི་མདོ་འདི་ཐེག་བསྡུས་ཀུན་བཏུས་དང༌། མདོ་རྒྱན་གྱི་འགྲེལ་པ། བརྒྱད་སྟོང་དོན་བསྡུས། དག་ལྡན་རྣམས་སུ་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་བཀྲལ་ཞིང་། དེ་དག་ཏུ་བཤད་པའི་དགག་བྱ་ཡང༌། བརྒྱད་སྟོང་དོན་བསྡུས་ལས[23]།

དེས་ན་སངས་རྒྱས་དེ་བཞིན་དུ། །བྱང་ཆུབ་མ་ཐོབ་པར་བརྗོད་པ། །

ཡོངས་སུ་རྫོགས་པའི་བར་གྱིས་འདིར། །བརྟགས་རྣམས་བསལ་བར་ཤེས་པར་བྱ། །

ཞེས་ངོ་བོ་ཉིད་གསུམ་གྱི་ནང་ནས་ཀུན་བཏགས་ཁོ་ན་དགག་བྱར་བསྟན་གྱི་གཞན་དབང་དགག་བྱར་མ་བསྟན་ལ། གནོད་འཇོམས་འདི་ལས་ནི་འདུས་བྱས་ཐམས་ཅད་ཀུན་བཏགས་སུ་བཤད་ནས་དེ་ཐམས་ཅད་རང་སྟོང་དུ་གསུངས་ཤིང་། སྐྱེ་མེད་འགག་མེད་རྣམས་ཀྱང་སྒྲ་ཇི་བཞིན་པར་མཛད་ནས་སྐྱེ་འགག་སེལ་བའི་རིགས་པ་རིགས་ཚོགས་བཞིན་འཆད་པས་སེམས་ཙམ་མིན་ལ། ཁྱད་པར་དུ་མདོ་འདི་རྟོག་པ་བཅུའི་གཉེན་པོར་མི་འཆད་ཅིང་། མདོ་རྒྱན་འགྲེལ་པར་བཤད་པ་དང་ཡང་བཤད་ཚུལ་མི་མཐུན་པས་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །ཞེས་གསུངས་སོ།།

དེ་བཞིན་རྗེའི་གསུང་དེ་ཉིད་ལས[24]། ཡུམ་གསུམ་གནོད་འཇོམས་ལས། ཐབས་མཁས་མི་མཁས་གཉིས་སུ་བསྡུས་ནས་ཐབས་མི་མཁས་པ་ལ་ལྷ་ཚེ་རིང་པོ་དང་འདོད་ཁམས་སུ་སྐྱེ་བ་གཉིས། ལྷག་མ་ཞེ་གསུམ་ཐབས་མཁས་སུ་གསུངས་སོ། །དེ་ལྟར་ཐབས་མི་མཁས་པ་ལ་གཉིས་སུ་བྱས་ནས་ཞེ་ལྔ་བགྲང་བར་གཉིས་ཀ་མཐུན་ལ་མི་མཐུན་པའི་ཆ་འདི་ཙམ་ཞིག་ཡོད་དེ། འདི་ལྟར་མདོ་གསུམ་གར་ཞེ་གཉིས་པའི་ཐད་དུ་བྱང་ཆེན་སེམས་དང་པོ་བསྐྱེད་ཕྱིན་ཆད་ཕྱིར་མི་ལྡོག་པའི་ས་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ། །ཞེས་པ་ནི། ཡུམ་གསུམ་གནོད་འཇོམས་སུ་མ་བགྲངས་པར་ཕྱོགས་བཅུའི་འགྲེས་ཀྱི་སྐབས་སུ་མདོ་ལས་སེམས་དཔའ་བཅུ་ཡོད་པར་གསུངས་པ་ལ་ཕྱོགས་བཅུ་པོ་རེ་རེ་དང་བཅུ་བསྡོམས་པ་ལ་གཅིག་ཏུ་བྱས་ནས་བགྲངས་སོ། །འབུམ་གྱི་གནོད་འཇོམས་ལས་བཅུ་པོ་བསྡོམས་པ་མདོ་ན་མེད་པས་དེ་མ་བགྲངས་པར་མདོ་ན་ཡོད་པའི་དགེ་བཅུའི་ལམ་མི་གཏོང་བ་བགྲངས་ཏེ་འདི་ཤིན་ཏུ་ལེགས་ཏེ་མདོ་གསུམ་ག་འགྲིག་པས་སོ། །དེས་ན་གནོད་འཇོམས་ཆེ་བས་ཡོད་པ་བཞག་ནས་མེད་པ་བཙལ་བ་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །དེ་ལྟར་སྤྱིར་རྒྱལ་སྲས་ཞེ་བརྒྱད་བསྟན་ཏེ་དང་པོར་གསུམ་དང་ཕྱིས་ཞེ་ལྔ་གསུངས་པས་སོ། །ཞེས་གསལ་བར་གསུངས་སོ།།

ཡང་དེ་ཉིད་ལས[25]། དབུས་མཐའི་འགྲེལ་པར་ཡང༌། གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེ་ཡི་དངོས་པོ་ཡོད་པ་ཡང་སྟོང་པ་ཉིད་དོ། །ཞེས་བདག་གཉིས་དགག་བྱར་གསུངས་པས་སོ། །དེའི་ཕྱིར་འདུས་བྱས་མཐའ་དག་གིས་སྟོང་པའི་འདུས་མ་བྱས་ཡོངས་གྲུབ་དོན་དམ་པར་གྲུབ་པ་བྱམས་ཆོས་ཕྱི་མ་རྣམས་དང་སྐུ་མཆེད་ཀྱི་གཞུང་གི་དགོངས་པར་འདོད་པ་བློ་རྩིང་རྣམས་ཀྱི་མུན་སྤྲུལ་འབའ་ཞིག་གོ །གལ་ཏེ་གསུམ་གྱི་གནོད་འཇོམས་སུ་ཆོས་ཉིད་ཀྱི་མིག་ལ་སོགས་པ་རྣམ་བཏགས་དང་ཀུན་བཏགས་ཀྱི་མིག་ལ་སོགས་པས་སྟོང་པར་གསུངས་པའི་སྟོང་ཉིད་དང་ཕྱོགས་འདི་རྗེས་སུ་མཐུན་ཞེ་ན། སྟོང་པ་ཉིད་ཀྱི་ཚུལ་འདི་འཕགས་ཡུལ་གྱི་མཁས་པ་ཞིག་གིས་བཀྲལ་བར་འདོད་ན་གནོད་འཇོམས་འདི་དང་མཐུན་པར་འདོད་དགོས་ཏེ། འདི་དང་འདིའི་རྗེས་སུ་མཐུན་པ་འབུམ་གྱི་གནོད་འཇོམས་དང་མན་ངག་རྗེས་འབྲང་གསུམ་དུ་ཆོས་ཉིད་སྟོང་གཞིར་བྱས་ནས་ཀུན་བཏགས་གཞན་དབང་གཉིས་ཀྱིས་སྟོང་པར་གསུངས་ཀྱི། གཞན་དབུ་སེམས་ཀྱི་པཎྜི་ཏ་ཆེན་པོ་སུས་ཀྱང་དེ་ལྟར་མ་བཤད་པས་སོ།།

དེ་ལྟར་ཕྱོགས་འདི་དང་གནོད་འཇོམས་གཉིས་ཡོངས་གྲུབ་སྟོང་གཞི་དང་མཚན་ཉིད་གཞན་གཉིས་གང་གིས་སྟོང་པའི་ཆོས་སུ་བྱེད་པ་མིང་ཙམ་མཐུན་ཀྱང་དོན་གཏན་ནས་མི་མཐུན་ཏེ། དེ་ཡང་གསུམ་གྱི་གནོད་འཇོམས་སུ། སྟོང་པ་ཉིད་གསུམ་རྣམ་པར་བཞག་ནས་འདི་སྙམ་སེམས་ཏེ་ཅི་སྟོང་པ་ཉིད་ཅེས་བྱ་བ་ཆོས་ཀྱི་རྣམ་པར་ཡོད་དམ་འོན་ཏེ་མེད། གལ་ཏེ་སྟོང་པ་ཉིད་ཅེས་བྱ་བ་ཞིག་ཡོད་ན་ནི་སྟོང་པ་ཉིད་ཡོད་པས་སྟོང་པ་མ་ཡིན་པ་ཉིད་ཀྱང་ཡོད་པར་འགྱུར་ཏེ། མི་མཐུན་པའི་ཕྱོགས་མེད་པར་གཉེན་པོ་ཡོད་པར་མི་འཐད་པའི་ཕྱིར་རོ། །ཞེས་གསུངས་སོ།།

དེ་བཞིན་ཀུན་མཁྱེན་འཇམ་དབྱངས་བཞད་པ་ (1648-1721/22) ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལས[26]། གསེར་ཕྲེང་ལས། ཡུམ་རྒྱས་འབྲིང་གཉིས་དང་། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་གཞུང་འགྲེལ་གནོད་འཇོམས་ཀྱིས་ནི་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་ཡུམ་འགྲེལ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། འདི་ཁ་ཅིག་དབྱིག་གཉེན་གྱིས་མཛད་ཟེར་བ་སོགས་མི་འཐད་པར་ཐལ། འདི་ནི་དཾཥྚ་སེ་ནས་མཛད་པར་སྔོན་གྱི་ཡིག་རྙིང་ལས་གྲགས་པའི་ཕྱིར། ཁྱབ་ཅིང་། རྟགས་གྲུབ་སྟེ། ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ལོ་ཙྪ་བ་ཡེ་ཤེས་སྡེས་བསྒྱུར་བ་དེ་མཆེ་བའི་སྡེས་མཛད་ལ། འབུམ་རྐྱང་པའི་གཞུང་འགྲེལ་གནོད་འཇོམས་དེ་ཁྲི་སྲོང་སྡེ་བཙན་གྱིས་མཛད་པར་དཀར་ཆག་འཕང་ཐང་མར་བཤད་པའི་ཕྱིར། །ཞེས་དབྱིག་གཉེན་གྱི་མིན་པར་ཁ་ཆེ་མཆེ་བའི་སྡེས་མཛད་པར་བཞེད་དོ།།

དེས་ན་རང་ལུགས་ཡུམ་གསུམ་གནོད་འཇོམས་འདི་ཉིད་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་མིན་པའི་སྒྲུབ་བྱེད་ཀྱི་རིགས་པ་ནི[27]། ༡༽ གནོད་འཇོམས་སུ་ཉན་ཐོས་ཀྱི་རྣམ་པར་རྟོག་པ་རྣམས་བཙུན་པའི་ཉི་ཁྲི་རྣམ་འགྲེལ་ལ་ཁ་འཕངས་མཛད་པ་གང་ཞིག་བཙུན་པ་གྲོལ་སྡེ་དབྱིག་གཉེན་གྱི་རྗེས་སུ་བྱོན་པའི་ཕྱིར་དང་། ༢༽ ལྔ་བརྒྱ་ཐ་མའི་འགྲེལ་པར་སློབ་དཔོན་ཞི་བ་འཚོའི་བཤད་ཚུལ་བཀོད་པ་དང་། ༣༽ ཀུན་བཏགས་བདེན་མེད་དང་ངོ་བོ་ཉིད་གཞན་གཉིས་བདེན་གྲུབ་ཏུ་དམ་འཆའ་བ་དབྱིག་གཉེན་གྱི་རང་ལུགས་ཡིན་པ་ལ་གནོད་འཇོམས་སུ་གཞན་དབང་ཡོངས་གྲུབ་གཉིས་ཀ་ཡིན་ལུགས་དཔྱོད་པའི་རིགས་པས་དཔྱད་བཟོད་ཡིན་པ་བཀག་པའི་ཕྱིར། ༤༽ གནོད་འཇོམས་སུ་སྒྲུབ་པ་ལ་གདམས་པའི་མདོ་རྟོགས་པ་བཅུའི་གཉེན་པོར་མི་འཆད་ལ་དབྱིག་གཉེན་གྱིས་མདོ་རྒྱན་འགྲེལ་པར་དེ་ལྟར་བཤད་པ་དང་། རྣམ་བཤད་རིགས་པར་ཤེར་མདོའི་དོན་དགོངས་འགྲེལ་གྱིས་བཤད་པ་བཞིན་དུ་བྱེད་དགོས་པར་གསུངས་པ་རྣམས་དང་མི་མཐུན་པའི་ཕྱིར་དང་། ༥༽ རྒྱལ་སྲས་ཞེ་བརྒྱད་ཀྱི་ཞེ་གཉིས་པའི་ཐད་དུ་མདོ་ན་ཡོད་པའི་དགེ་འདུན་དགེ་བཅུའི་ལམ་མི་གཏོང་བའི་སེམས་དཔའ་མ་བགྲང་བར་མདོ་ན་མེད་པ་ཕྱོགས་བཅུ་བསྡོམས་པའི་སེམས་དཔའ་གཅིག་བགྲང་བས་ཡོད་པ་བཞག་ནས་མེད་པ་བཙལ་བའི་སྐྱོན་རྣམས་ཡོད་པའི་ཕྱིར་རོ། །ཞེས་པ་ལྟར་རྗེ་ཙོང་ཁ་པ་ཆེན་པོ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། དཀར་ཆག་འཕང་ཐང་མ། ཅོ་ནེ་གྲགས་པ་བཤད་སྒྲུབ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ། དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་ཀྱིས་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་གསུང་མིན་པར་བཞེད་དོ།།

དེ་བཞིན་འཇིགས་མེད་དམ་ཆོས་རྒྱ་མཚོ་ (1898-1946) དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་བསྡུས་དོན་དྲང་ངེས་འཇུག་ངོགས་ལས[28]། གསུམ་པ་དེ་ཡུམ་གྱི་མདོ་དོན་མ་ཡིན་པར་བསྟན་ཏེ་གནོད་འཇོམས་དབྱིག་གཉེན་གྱི་མིན་པར་བཤད་པ་ནི། ཡུམ་གྱི་མདོ་ཉིད་ལས། ཞེས་སོགས་བྱུང་། དེ་ལ། མི་སྣང་ངོ་། །ཡན་གྱིས་གནོད་འཇོམས་ཀྱིས་བཤད་པ་ཡུམ་གྱི་མདོ་དོན་མིན་པ་དང་། དེ་མན་གྱིས་གནོད་འཇོམས་དབྱིག་གཉེན་གྱིས་མཛད་པ་མིན་པར་གསུངས་སོ། །དེ་ཡང་། གནོད་འཇོམས་ཀྱིས་མཉམ་གཞག་གི་ངོར་ཡོངས་གྲུབ་གཞན་དབང་དང་ཀུན་བཏགས་གཉིས་ཀྱིས་སྟོང་པ་ཤེར་མདོའི་མིག་ནི་མིག་གིས་སྟོང་ངོ་། །ཞེས་སོགས་ཀྱི་དོན་དུ་འཆད་པ་མི་ལེགས་ཏེ། དེའི་དོན་སྤྱིར་རྣམ་བཏགས་ཀྱི་མིག་ཀུན་བཏགས་ཀྱི་མིག་གིས་སྟོང་པ་ཆོས་ཉིད་དུ་བཤད་དགོས་པའི་ཕྱིར་ཏེ། མདོ་དེར་ཆོས་ཀུན་ལ་མཚན་ཉིད་གསུམ་གསུམ་གྱི་རྣམ་གཞག་བྱས་ནས་སྟོང་གཞི་གཞན་དབང་དགག་བྱའི་ཀུན་བཏགས་ཀྱིས་སྟོང་པ་ཆོས་ཉིད་ཡོངས་གྲུབ་ཏུ་བཤད་པའི་ཕྱིར། གནོད་འཇོམས་ཆོས་ཅན། དབྱིག་གཉེན་གྱིས་མཛད་པ་མ་ཡིན་ཏེ། བཙུན་པའི་ཉི་ཁྲི་རྣམ་འགྲེལ་ལ་ཁ་འཕངས་མཛད་པ་དང་། གཞན་དབང་ཡོངས་གྲུབ་བདེན་མེད་དུ་བཤད་པ་དང་། དབྱིག་གཉེན་གྱི་མདོ་རྒྱན་འགྲེལ་བ་དང་རྣམ་བཤད་རིགས་པའི་བཤད་ཚུལ་དང་མི་མཐུན་པ་དང་། ཞི་འཚོའི་བཤད་ཡམ་མཛད་པ་དང་། ཡོད་པ་བཞག་ནས་མེད་པ་བཙལ་བའི་སྐྱོན་རྣམས་ཡོད་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། བཙུན་པ་གྲོལ་སྡེ་དབྱིག་གཉེན་གྱི་རྗེས་སུ་བྱོན་པའི་ཕྱིར་དང་། ཀུན་བཏགས་བདེན་མེད་དང་ངོ་བོ་ཉིད་གཞན་གཉིས་བདེན་གྲུབ་ཏུ་དམ་འཆའ་བ་དབྱིག་གཉེན་གྱི་རང་ལུགས་ཡིན་པའི་ཕྱིར་དང་། དབྱིག་གཉེན་གྱི་གཞུང་ཡིན་ན་དེའི་གཞུང་ཆེ་བ་དག་དང་མཐུན་དགོས་པའི་ཕྱིར་དང་། ཞི་འཚོ་དབྱིག་གཉེན་གྱི་རྗེས་འགྱངས་ཙམ་ནས་བྱོན་པའི་ཕྱིར་དང་། ཀུན་མཁྱེན་གཉིས་པ་ཞིག་ལ་ཡོད་པ་བཞག་ནས་མེད་པ་འཚོལ་བའི་འཁྲུལ་བ་རགས་པ་མི་འབྱུང་བའི་ཕྱིར། རྩ་རྟགས་དང་པོ་གྲུབ་སྟེ། གནོད་འཇོམས་སུ་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་པ་གང་། དོན་དེ་བཙུན་པའི་རྣམ་འགྲེལ་ན་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཅེས་བྱ་བ་ལ་ཉན་ཐོས་ཀྱི་རྣམ་པར་རྟོག་པ་རྣམས་ནི་ཇི་སྐད་དུ་རྣམ་འགྲེལ་ལས་བཤད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཅེས་བྱ་བ་ནི་མདོ་ཇི་ལྟ་བ་བཞིན་ནོ། །མདོ་ལས་ཇི་ལྟར་འབྱུང་ཞེ་ན། ཞེས་སོགས་གསུངས་པའི་ཕྱིར།

རྩ་རྟགས་གཉིས་པ་གྲུབ་སྟེ། གནོད་འཇོམས་སུ་གཞན་དབང་ཡོངས་གྲུབ་གཉིས་ཀ་ཡིན་ལུགས་དཔྱོད་པའི་རིགས་པས་དཔྱད་བཟོད་ཡིན་པ་བཀག་པ་དྲངས་ཟིན་ལྟར་ཡིན་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། སྒྲུབ་པ་ལ་གདམས་པའི་མདོ་རྟོག་པ་བཅུའི་གཉེན་པོར་མི་འཆད་ལ། དབྱིག་གཉེན་གྱིས་མདོ་རྒྱན་འགྲེལ་པར་དེ་ལྟར་བཤད་པ་གང་། རྣམ་བཤད་རིགས་པར་ཤེར་མདོའི་དོན་དགོངས་འགྲེལ་གྱིས་བཤད་པ་བཞིན་དུ་བྱེད་དགོས་པར་གསུངས་པ་འདྲེན་འགྱུར་ལྟར་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ཉིད་ལས། བྱང་ཆུབ་སེམས་དཔས་རྣམ་པར་རྟོག་པ་རྣམ་པ་བཅུ་སྤང་བར་བྱ་སྟེ། མེད་པར་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། འདི་ལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་པར་ཞེས་གསུངས་པ་ཡིན་ནོ། །ཞེས་སོགས་གསུངས་པའི་ཕྱིར། རྩ་རྟགས་བཞི་པ་གྲུབ་སྟེ། ལྔ་བརྒྱ་ཐ་མའི་འགྲེལ་བར་བསྟན་པའི་གནས་ཚད་ལ་ཞི་འཚོའི་འདོད་པ་བཀོད་པའི་ཕྱིར་ཏེ། ཤཱནྟི་རཀྵི་ཏའི་བསམ་པ་ནི། ཞེས་གསུངས་པའི་ཕྱིར། རྩ་རྟགས་ལྔ་པ་གྲུབ་སྟེ། རྒྱལ་སྲས་ཞེ་བརྒྱད་ཀྱི་ཞེ་གཉིས་པའི་ཐད་དུ་མདོ་ན་ཡོད་པའི་དགེ་འདུན་དགེ་བཅུའི་ལས་ལམ་མི་གཏོང་བའི་སེམས་དཔའ་མ་བགྲངས་པར། མདོ་ན་མེད་པ་ཕྱོགས་བཅུ་བསྡོམས་པའི་སེམས་དཔའ་གཅིག་བགྲངས་པའི་ཕྱིར་ཏེ། སུམ་ཅུ་བདུན་པ་དག་ནི་ཕྱོགས་བཅུའི་སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་ཏེ། ཞེས་སོགས་གསུངས་པའི་ཕྱིར། དེས་ན་སྔོན་གྱི་ཡིག་རྙིང་སོགས་སུ་གནོད་འཇོམས་ཁ་ཆེ་དཾཥྚ་སེ་ན་སྟེ་མཆེ་བའི་སྡེས་མཛད་པར་གྲགས་པ་ལྟར་ཡིན་ནོ།།

སྤྲོ་ན། སྐབས་དང་པོའི་མཐའ་དཔྱོད་ལས། སྟོང་ཉིད་ཀྱི་སྟོང་ཚུལ་གྲངས་ཅན་གྱི་གཞན་སྟོང་ལྟར་བཤད་པས། དབུ་སེམས་གང་དང་ཡང་མི་མཐུན་པས་ལེགས་བཤད་སྙིང་པོར་རྒྱས་པར་བཀག་པའི་ཕྱིར། ཞེས་དང་། གྲུབ་མཐའ་ཆེན་མོ་ལས། ཡུམ་གསུམ་གྱི་གནོད་འཇོམས་མཁན་པོའང་། ནས། འདིའི་གཞན་སྟོང་གི་ཚུལ་དེ་གྲངས་ཅན་ལྟར་ཡིན། ཞེས་དང་། འོ་ན་དབྱིག་གཉེན་གྱིས་མཛད་པར་གྲགས་པ་ཡུམ་གསུམ་གནོད་འཇོམས་ལས། ནས། མིག་གི་ཡོངས་གྲུབ་སྟོང་གཞི་བྱས་ནས་གཞན་དབང་ཀུན་བཏགས་གཉིས་ཀྱིས་སྟོང་པར་བཤད་པ་ཡང་མི་འཐད་དམ་ཞེ་ན། དེ་ཤིན་ཏུ་མི་འཐད་དེ། དེའི་སྟོང་གཞི་དང་སྟོང་ཚུལ་ཐམས་ཅད་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་དག་དང་མི་མཐུན་ལ། གྲངས་ཅན་གྱི་སྟོང་ཚུལ་ཡིན་པས་སྟོང་ཚུལ་ཐ་ཤལ་ལམ་སྡུག་ཤོས་ཡིན་པར་སྟོན་པས་གསུངས་ལ། མཁས་པ་དུ་མས་ཀྱང་སྨད་པའི་ཕྱིར། ཞེས་དང་། ཡིག་ཆ་ལས། ཀུན་མཁྱེན་དོལ་པོ་རྗེས་འབྲངས་དང་བཅས་པ་ན་རེ། ནས། དེ་ལྟར་ཡུམ་གསུམ་གནོད་འཇོམས་ལས་བཤད་པའི་ཕྱིར་ན་མ་ཁྱབ། ཅེས་དང་། དེས་ན་གནོད་འཇོམས་དང་ཁྱེད་ཅག་གི་སྟོང་ཚུལ། ཞེས་དང་། གནོད་འཇོམས་ལ་འཕགས་པའི་མཉམ་གཞག་གི་ངོ་ན་ཡོད་པ་དེ་དོན་དམ་པར་ཡོད་པའི་དོན་དུ་བཤད་པ་དང་། གཞན་དབང་ཡོངས་གྲུབ་གཉིས་ཀ་རིགས་པས་དཔྱད་བཟོད་འགོག་པའང་མི་འཐད། ཅེས་གསུངས་པ་རྣམས་གུང་བསྒྲིགས་ན་ཀུན་མཁྱེན་བླ་མས་གནོད་འཇོམས་ཀྱིས་སྟོང་ཚུལ་བཤད་པ་དང་གྲངས་ཅན་དང་ཇོ་ནང་པས་གཞན་སྟོང་འདོད་ཚུལ་གསུམ་འདྲ་བ་དང་། གནོད་འཇོམས་ཀྱི་བཤད་ཚུལ་དེ་གཞུང་འདི་ལས་རྒྱས་པར་བཀག་པ་དང་། དེ་སྟོང་ཚུལ་སྡུག་ཤོས་ཡིན་པར་སྟོན་པས་གསུངས་པ་དང་། དེར་མཉམ་གཞག་གི་ངོར་ཡོད་པ་དོན་དམ་པར་ཡོད་པའི་དོན་དུ་བཤད་པ་མི་འཐད་པར་བཞེད་དོ།།

དེ་ལ་གཞན་དག་ན་རེ། འདོད་ཚུལ་དང་པོ་མི་འཐད་དེ། དེར་སྟོང་ཚུལ་གསུངས་པ་ཇོ་ནང་པས་འདོད་ཚུལ་དང་མི་འདྲ་བ་གང་། གྲངས་ཅན་གྱིས་གཞན་སྟོང་མི་འདོད་པའི་ཕྱིར། དང་པོ་དེར་ཐལ། དེར་མཉམ་གཞག་གི་ངོ་ན་ཡོངས་གྲུབ་མཚན་ཉིད་གཞན་གཉིས་ཀྱིས་སྟོང་པ་དགག་བྱའི་སྟོང་ཚུལ་དུ་བཤད་པ་གང་། ཇོ་ནང་པས་ཡོངས་གྲུབ་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་པ་གཞན་སྟོང་གི་དོན་དུ་བཤད་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། དེ་ལྟར་ཕྱོགས་འདི་དང་གནོད་འཇོམས་གཉིས་ཡོངས་གྲུབ་སྟོང་གཞི་དང་མཚན་ཉིད་གཞན་གཉིས་གང་གིས་སྟོང་པའི་ཆོས་སུ་བྱེད་པ་མིང་ཙམ་མཐུན་ཡང་དོན་གཏན་ནས་མི་མཐུན་ཏེ། དེ་ཡང་གསུམ་གྱི་གནོད་འཇོམས་སུ། ནས། སྐབས་དུ་མར་དོན་དམ་དང་སྟོང་ཉིད་རང་གི་ངོ་བོས་སྟོང་པར་དུ་མ་ཞིག་གསུངས་པ་དང་། དོན་དམ་དང་སྟོང་ཉིད་ངོ་བོས་མི་སྟོང་པར་གཤིས་ལ་ཐེར་ཟུག་གི་རྟག་པར་འདོད་པ་གཉིས་ག་ལ་མཚུངས། ཞེས་གསུངས་པའི་ཕྱིར། དང་པོ་གྲུབ་སྟེ། གཞུང་ལས། གནོད་འཇོམས་ཀྱིས་བཤད་པ་ནི། ནས། མིག་གི་ཆོས་ཉིད་དེ་འཕགས་པའི་མཉམ་གཞག་གིས་རིག་པའི་ངོ་ན་བརྗོད་བྱ་རྗོད་བྱེད་དང་གཟུང་འཛིན་ཏུ་སྣང་བའི་གཉིས་སྣང་དང་བྲལ་བ་ལ་ངོ་བོ་ཉིད་གཞན་གཉིས་ཀྱིས་མཉམ་གཞག་གི་ཡུལ་དེ་སྟོང་ཞེས་བྱ་སྟེ། གཉིས་སྣང་སྔ་མ་ནི་ཀུན་བཏགས་དང་ཕྱི་མ་ནི་རྣམ་བཏགས་ཡིན་པའི་ཕྱིར་རོ། །ཞེས་དང་། འཕགས་པའི་མཉམ་གཞག་གི་ངོ་ན་གཉིས་སྣང་མེད་པ་ལ་བཤད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

རྟགས་གཉིས་པ་སླ། གོང་གི་རྟགས་གཉིས་པ་གྲུབ་སྟེ། གྲངས་ཅན་གྱིས་གཞན་སྟོང་འདོད་པའི་དོན་བུམ་པ་ཀ་བས་སྟོང་པ་སོགས་ལ་བྱེད་ན། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཐམས་ཅད་གཞན་སྟོང་སྨྲ་བ་པོར་འགྱུར་ཞིང་། སྤྱི་བདག་གཉིས་རྣམ་འགྱུར་ཉེར་གསུམ་གྱིས་སྟོང་པ་གྲངས་ཅན་པས་སྟོང་ཉིད་དུ་འདོད་པ་ལ་བྱེད་ན། དེས་དེ་འདྲའི་སྟོང་ཉིད་འདོད་པར་རྒྱ་བོད་ཀྱི་མཁས་པ་སུས་ཀྱང་མ་བཤད་ལ། འདོད་ཀྱང་དེ་གཞན་སྟོང་དུ་འདོད་པར་མི་འགྲུབ་པའི་ཕྱིར། སྐབས་དང་པོའི་ཞིབ་ཆ་དང་། གྲུབ་ཟིན་ཉིན་བྱེད་སྣང་བར། དབུ་མ་སྙིང་པོར[29]།

བདག་ཀྱང་གཞན་ལ་རང་བཞིན་གཞན། །

ཞེས་སོགས་གྲངས་ཅན་གྱིས་གཞན་སྟོང་འདོད་པའི་ཁུངས་སུ་བྱས་ཀྱང་དེར་གཞན་སྟོང་གི་ཐ་སྙད་གསལ་བར་མི་འབྱུང་བས་ད་དུང་འདྲེན་དགོས་སོ།།

འདོད་ཚུལ་གཉིས་པ་མི་འཐད་དེ། གཞུང་གིས་གནོད་འཇོམས་ཀྱིས་མདོའི་དོན་བཤད་པ་མི་ལེགས་པར་གསུངས་པ་ལས་དེས་སྟོང་ཚུལ་བཤད་པ་མ་བཀག་པའི་ཕྱིར། འདོད་ཚུལ་གསུམ་པ་མི་འཐད་དེ། དེར་བཤད་པའི་སྟོང་ཚུལ་དེ་རྣམ་དག་ཡིན་པའི་ཕྱིར་དང་། ལང་གཤེགས་ལས་ཀྱང་རང་སྤྱིའི་མཚན་ཉིད་གཅིག་གིས་གཅིག་སྟོང་པ་སོགས་ལས། མཉམ་གཞག་གི་ངོར་ཡོངས་གྲུབ་མཚན་ཉིད་གཞན་གཉིས་ཀྱིས་སྟོང་པའི་སྟོང་ཚུལ་ཐ་ཤལ་དུ་གསུངས་པ་མ་ཡིན་པའི་ཕྱིར། འདོད་ཚུལ་བཞི་པ་མི་འཐད་དེ། དེར་འཕགས་པའི་མཉམ་གཞག་གི་ངོ་ན་ཡོད་པ་དོན་དམ་བདེན་པར་བཤད་པ་ལས་དེར་ཡོད་པ་དོན་དམ་དུ་ཡོད་མེད་རྩོད་པའི་དོན་དམ་དུ་ཡོད་པར་གསུངས་པ་མ་ཡིན་པའི་ཕྱིར་ཏེ། གཞུང་ལས། གནོད་འཇོམས་ལས་འཕགས་པའི་མཉམ་གཞག་གི་ངོ་ན་ཡོད་པ་ཙམ་ལ་དོན་དམ་པར་ཡོད་པ་ཞེས་བཤད་ཀྱང་། ནས། དོན་དམ་པར་ཡོད་མེད་རྩོད་པའི་དོན་དམ་པར་ཡོད་པ་དེ་ག་ལ་ཡིན། ཞེས་གསུངས་པའི་ཕྱིར་ཟེར་ན་བརྟག་གོ །ཞེས་དགག་བཞག་གི་ལམ་ནས་མིན་པར་གསལ་བར་གསུངས་སོ།།

གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་མཁས་པའི་དགའ་སྟོན་ལས[30]། དཔལ་ཆེན་དགེ་བ་ནི་ཁྱིམ་ན་བཞུགས་པའི་མཚན་དུ་འདོད་པ་དང་། ཡབ་ཀྱི་མཚན་དུ་འདོད་པ་གཉིས་སྣང་ཡང་ཟླ་ཟེར་ལས།

བདག་གི་མེས་པོར་གྱུར་པ་ནི། །དཔལ་ཆེན་དགེ་བ་ཞེས་བྱ་བ། །

དེ་ནི་ད་ལྟའང་ས་གསུམ་ན། །གྲགས་པ་དྲི་མེད་སྒྲོག་པར་བྱེད། །

ཅེས་པ་ལྟར་ན་དངོས་ཀྱི་མཚན་དུ་རིགས་ལ། མུ་སྟེགས་ཀྱི་དུས་རལ་པ་ཅན། སྐྲའི་ལ་བ་ཅན། ནང་པར་གྱུར་ནས་ཆོས་ལྡན་རབ་འབྱོར་དབྱངས། མར་མེ་མཛད། དཔའ་བོ། འབུམ་ཊཱིཀ་མཁན་པོ། དཾ་ཥྚ་ས་ན། བཀོད་མ་འཛིན་པ། བདེ་མཆོག་མི་གཡོ་བ། སྒྲོལ་མ་སྟེ་སློབ་དཔོན་ལྷ་གསུམ་པ་ཞེས་སོགས་མང་དུ་གྲགས་སོ། །རིམ་པར་བྱུང་བ་ལས་དཾ་ཥྚཱ་སེ་ན་ (Damstrasena) ནི། ཕྱི་ལོའི་དུས་རབས་བརྒྱད་པར་བྱོན་པ་ཞིག་གོ།  །།

 

༣) ཡིན་མིན་ལ་ཞིབ་ཏུ་དཔྱད་པ།

 

དེ་ཡང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་ལེགས་བཤད་སྙིང་པོ་ལས་སེམས་ཙམ་གྱི་སྐོར་གྱི་མཆན་འགྲེལ་རྩོམ་འཕྲོ་ལས[31]། ཡང་འདིར་འཕགས་པ་ཐོགས་མེད་ཀྱིས་དགོངས་འགྲེལ་གྱི་འགྲེལ་པ་ཟུར་དུ་མཛད་དགོས་པ་མི་སྣང་ཞེས་དེས་མཛད་པའི་འགྲེལ་པ་དེ་འདྲ་མེད་པར་བཞེད་འདུག་ཀྱང་། བསྟན་འགྱུར་གྱི་གྲངས་སུ་འཕགས་པ་ཐོགས་མེད་ཀྱིས་མཛད་ཅེས་བཅུག་འདུག་པ་བླ་མ་བྱམས་པའི་དཀར་ཆག་ཏུ་ཡང་དེ་སོར་བཞག་བྱས་སྣང་བས། བླ་མ་རང་གིས་ཡོངས་རྫོགས་བསྒྲིགས་པ་མིན་ནམ་བརྟག་སྟེ། ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་མ་ཡིན་པར་འདི་དང་གསེར་ཕྲེང་གཉིས་གར་བསྒྲུབས་པ་ཡང་བཟློག་སྟེ་བཤད་ཅིང་། རིགས་པ་དྲུག་ཅུ་པའི་རང་འགྲེལ་རྙེད་ན་བྲི་ཞེས་རྩ་ཤེས་ཊཱིཀ་ཆེན་དང་འགལ་བ་སོགས་ནོར་བ་མང་དུ་སྣང་ངོ་། །ཞེས་གསུངས་པ་ལྟར། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ (1898-1946) མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་བསྡུས་དོན་དྲང་ངེས་འཇུག་ངོགས་ལས[32]། ད་ལྟ་བསྟན་འགྱུར་ཁྲོད་དུ་ཆུད་པའི་ཡུམ་གསུམ་གནོད་འཇོམས་འདི་བཅོམ་རལ་དང་དོལ་པོ་བ་སོགས་དབྱིག་གཉེན་གྱིས་མཛད་པར་བཤད་ཅིང་། བུའི་ལུང་སྙེ་དང་ཆོས་འབྱུང་གཉི་གར། འབུམ་ཊཱིཀ་ཤིང་རྟའི་སྲོལ་འབྱེད་བཞིའི་ཡ་གྱལ་ལ་བཞག་ནས་གཞུང་དེ་གཉི་ག་དཾ་ཥྚ་སེ་ནས་མཛད་པར་བྱས་ཏེ་གཞུང་ཕྱི་མས་དབྱིག་གཉེན་གྱི་གཞུང་འགྲེལ་དུའང་བྱས་སོ། །དེ་ཡང་ཆོས་འབྱུང་ལས། འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། ཐུབ་པ་དགོངས་རྒྱན་ལ་སོགས་པར་ཉི་ཁྲི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར་དང་། དབུར་ཡང་། འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །ཅེས་བྱུང་བའི་ཕྱིར་རོ། །ཞེས་གསུངས་སོ།།

འགྲེལ་པ་དོན་གསལ། ཤེར་སྒྲོན་གྲགས་ཆ་གསུམ་དུ་གཞུང་ཚིག་འདྲ་བ་མང་བས་མཚོན་གཞུང་གཞན་དུ་ཡང་དེ་འདྲ་ཅི་རིགས་བྱུང་བས་རྒྱུ་མཚན་དང་པོ་མ་ངེས་ལ། བརྩམ་པར་དམ་བཅའ་དེ་གནོད་འཇོམས་ཆེ་ཆུང་གཉི་གར་ཡང་ཁྱད་མེད་པས་མི་འགྲུབ་བོ། །ཉ་ཊཱིཀ་ཏུ། བུས་འབུམ་འགྲེལ་དང་ཡུམ་གསུམ་གནོད་འཇོམས་ཁྱད་མ་ཕྱེད་པར་བཤད་ཀྱང་ཆོས་འབྱུང་ལ་དཔགས་ན་མི་བདེན་འདྲའོ། །རོང་ཕར་དང་གྲུབ་མཐའ་ཀུན་ཤེས་སུ་ཡང་ཤིང་རྟའི་སྲོལ་འབྱེད་བཞིའི་ཡ་གྱལ་འབུམ་ཊཱིཀ་ཏུ་བྱས་ནས་དེ་དཔའ་བོས་མཛད་པར་བཤད་ཀྱང་། གྲུབ་མཐའ་ཆེན་མོས་གནོད་འཇོམས་མཁན་པོ་ཡང་ཤིང་རྟའི་སྲོལ་འབྱེད་ཡིན་པ་མི་འཐད་ཅེས་འགོག་པ་ལ་བལྟས་ན། ཕྱོགས་སྔ་བསུ་སྐབས་དཔའ་བོས་མཛད་པར་འདོད་པ་ཞེས་པ་ཡུམ་གྱི་གནོད་འཇོམས་ལ་སྦྱོར་རྒྱུའི་དོགས་པ་ཡོད་པས་བརྟག་གོ།

ས་སྐྱ་གནས་དྲུག་པས། སྒོ་གསུམ་རྣམ་གྲངས་བཅུ་གཅིག་གིས། །བཤད་པ་དཾཥྚ་སེ་ནའི་ལུགས། །ཞེས་དང་། དེ་ཉིད་འབུམ་གྱི་བཤད་པར་བྱས། །ལ་ལར་ཕྲི་ཞིང་ལ་ལར་བསྣན། །དེ་ཡང་དཾཥྚ་སེ་ནའི་མིན། །ཁྲི་སྲོང་རྒྱལ་པོས་མཛད་པར་གྲགས། །ཞེས་དང་། ཡར་འབྲོག་པས་ཀྱང་། དཾ་ཥྚ་སེ་ནའི་གནོད་འཇོམས་འདི། །བཙུན་པ་གྲོལ་སྡེའི་རྟིང་དུ་བརྩམས། །དེ་ཡང་མཁས་པ་གནས་དྲུག་པ། །ཁོ་ནས་རྟོགས་ཀྱི་གཞན་དུ་མིན། །ཞེས་པ་ལྟར་གནས་དྲུག་པའི་རྗེས་སུ་གསེར་ཕྲེང་ཡང་འབྲངས་སོ། །ཡེ་ཤེས་ཐོག་ཏོག་ཏུ་དཾ་ཥྚ་སེ་ན་སིངྒ་ལའི་སློབ་དཔོན་དུ་བཤད་ན་ཡང་གསེར་ཕྲེང་དུ་ཁ་ཆེ་བར་མཛད་དོ།།

དཔལ་ལྡན་ཆོས་རྗེའི་ཕར་མཆན་ལས། གནོད་འཇོམས་འདི་མན་ངག་རྗེས་འབྲང་དང་བོད་ཀྱི་མཁས་པ་ཁ་ཅིག་གིས་དབྱིག་གཉེན་གྱི་གཞུང་འགྲེལ་དུ་བཤད་ཀྱང་། ཞེས་དང་གྲུབ་མཆན་ལས། མན་ངག་རྗེས་འབྲང་མཁན་པོ་ཞི་བ་འབྱུང་གནས་ཀྱིས་ཀྱང་དབྱིག་གཉེན་གྱི་དགོངས་པ་དབུ་མར་བཀྲལ་བ་དང་། ཡུམ་གསུམ་གཞུང་འགྲེལ་དེ་དབྱིག་གཉེན་གྱི་གཞུང་འགྲེལ་དུ་བཤད་དེ། དོན་དེ་ལྟར་གསེར་ཕྲེང་ལས་བཤད་པའི་ཕྱིར། ཞེས་བཤད་པ་དང་ཕྱོགས་མཐུན་པར་ཡར་འབྲོག་པས་ཀྱང་། དེང་སང་གཞུང་འགྲེལ་གནོད་འཇོམས་འདི་ཉིད་ཡིན་པས་དེ་སློབ་དཔོན་དབྱིག་གཉེན་གྱིས་མཛད་ཅེས་རྒྱ་གར་བ་འགའ་ཞིག་དང་བོད་འགའ་ཞིག་ལ་གྲགས། ཞེས་འཆད་དོ།།

དབྱིག་གཉེན་གྱི་གཞུང་འགྲེལ་དུ་ཀླུ་སྒྲུབ་ཀྱི་ལུང་ཤེས་བྱེད་དུ་དྲངས་པར་མན་ངག་རྗེས་འབྲང་གིས་བཤད་ནའང་དེ་ཡུམ་གསུམ་གནོད་འཇོམས་ལ་བསམས་པར་མི་འགྲུབ་ཅིང་། དེར་ཀླུ་སྒྲུབ་ཀྱི་ལུང་ཤེས་བྱེད་དུ་མ་དྲངས་པར་སྨྲ་མི་ནུས་ཏེ། དབུ་སེམས་ཐུན་མོང་དུ་ཁས་ལེན་པའི་དོན་འགའ་ཞིག་ལ་ཀླུ་སྒྲུབ་ཀྱི་ལུང་ཤེས་བྱེད་དུ་དྲངས་པ་ལ་འགལ་བ་མེད་པའི་ཕྱིར། གཞུང་འགྲེལ་དུ་ཀླུ་སྒྲུབ་ཀྱི་ལུང་ཤེས་བྱེད་དུ་དྲངས་ནས་འཆད་པས་ཀླུ་སྒྲུབ་དང་དབྱིག་གཉེན་ལྟ་བའི་འགངས་མཐུན་པར་མན་ངག་རྗེས་འབྲང་དུ་གསུངས་པ་གསེར་ཕྲེང་དུ་བཀག་པ་ལས། ཡུམ་གསུམ་གནོད་འཇོམས་སུ་ཀླུ་སྒྲུབ་ཀྱི་ལུང་དྲངས་པའི་རྒྱུ་མཚན་གྱིས་དེ་གཉིས་ལྟ་བའི་འགངས་མཐུན་པར་མན་ངག་རྗེས་འབྲང་གིས་གསུངས་པར་མི་འགྲུབ་སྙམ་པས་དཔྱད་དོ།།

གསེར་ཕྲེང་ལས། མན་ངག་རྗེས་འབྲང་དུ་ཡང་ཉི་ཁྲིའི་གཞུང་འགྲེལ་ཞེས་གྲགས་ཀྱི་ཡུམ་གསུམ་གཞུང་འགྲེལ་ཞེས་པ་མི་སྣང་བ་དང་། ཞེས་པའི་དོན་ཡང་། རྒྱན་སྣང་ལས། སློབ་དཔོན་དབྱིག་གཉེན་གྱིས་ནི་གཞུང་གི་འགྲེལ་བར་དོན་བཤད་པ་ལ་གནས་ཐོབ་གྱུར། །ཅེས་དང་། ཐུབ་དགོངས་ལས། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་དུ། ཞེས་དབྱིག་གཉེན་གྱི་དེ་ལ་གཞུང་འགྲེལ་དུ་བཤད་པར་མ་ཟད། མན་ངག་རྗེས་འབྲང་ལས་ཀྱང་། གང་ཞིག་གཞུང་འགྲེལ་དང་ནི་ཕ་རོལ་ཕྱིན་ཚུལ་དང་། །ཞེས་དང་། ཉི་ཁྲིའི་གཞུང་འགྲེལ་ལས་སོ། །ཞེས་དང་། དེ་ལྟར་རེ་ཞིག་ཉི་ཁྲིའི་གཞུང་འགྲེལ་གྱི་རྗེས་སུ་འབྲངས་ནས། ཞེས་དང་། གཞུང་འགྲེལ་ལས་ལོག་པའི་གཞན་རྣམས་ཀྱི་བཤད་པ་གཟུང་བྱ་མ་ཡིན་པ་ཉིད་དོ། །ཞེས་སོགས་ཉི་ཁྲིའི་གཞུང་འགྲེལ་ཞེས་གསུངས་ཀྱི་ཡུམ་གསུམ་གཞུང་འགྲེལ་ཞེས་པ་མི་སྣང་བས་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་མིན་པར་གསེར་ཕྲེང་གིས་གསུངས་པ་བསྙོན་དུ་མེད་པས། དེའི་དོན་གྲུབ་མཆན་ལས། དབྱིག་གཉེན་གྱི་གཞུང་འགྲེལ་ནི་ཉི་ཁྲིའི་གཞུང་འགྲེལ་ཞེས་གྲགས་ཀྱི་ཡུམ་གསུམ་གཞུང་འགྲེལ་ཞེས་འཕགས་ཡུལ་བ་སུ་ལ་ཡང་མ་གྲགས་པའི་ཤེས་བྱེད་ཡིན། ཞེས་པའང་འཐད་དཀའ་འམ་སྙམ་སྟེ། དེ་ཡུམ་གསུམ་གཞུང་འགྲེལ་ཡིན་ན་འཕགས་ཡུལ་དུ་དེ་ལྟར་གྲགས་དགོས་པའི་ཕྱིར་རོ། །དེས་ན་གསེར་ཕྲེང་གི་དོན་ཕར་ཕྱིན་ཞིབ་ཆར། ཐུབ་དགོངས་མ་ཟད་མན་ངག་རྗེས་འབྲང་དུ་ཡང་ཉི་ཁྲིའི་གཞུང་འགྲེལ་ཡུམ་གསུམ་གཞུང་འགྲེལ་ཡིན་པ་མ་ཤེས་ཤིང་དེར་འཁྲུལ་བ་ལ་བྱས་པ་ཡང་བརྟག་གོ།

ཡུམ་གསུམ་གནོད་འཇོམས་ལ། དཀར་ཆག་འཕང་ཐང་མར་བམ་པོ་ཉེར་བདུན་ཞེས་བྱུང་ཡང་། ཉེར་དགུ་ཁོ་རང་ལས་བྱུང་ངོ་། །ཞེས་གསེར་ཕྲེང་དུ་གསུངས་པས། ད་ལྟ་བསྟན་འགྱུར་གྲས་སུ་ཆུད་པའི་བསྒྱུར་འཕྲོ་འདི་ལ་བམ་པོ་ཉེར་བདུན་ལས་མེད་ནའང་འགྱུར་རྫོགས་པ་ཞིག་ཡོད་པའམ་གང་ལྟར་ཡང་བམ་པོ་ཉེར་དགུ་ཅན་ཞིག་ཡོད་པར་ངེས་སོ། །ད་ལྟ་བཙུན་པའི་རྣམ་འགྲེལ་དུ་གྲགས་པ་འདི་བཙུན་པའི་དེ་དངོས་གནས་པ་ཡིན་མིན་གཞན་དུ་བྱས་པ་ལྟར་དང་། གནོད་འཇོམས་སུ་ཞི་འཚོའི་བཤད་ཡམ་བཀོད་པ་སྡེ་པར་དུ་ཆད་པས་འཁྲུལ་གཞི་བྱས་ཏེ་ཆོས་མཛད་བསྟན་སྒྲོན་སོགས་ཀྱིས་གནོད་འཇོམས་རང་དུ་དེ་ལྟར་ཡོད་མེད་དོགས་པ་བྱེད་མོད། སྣར་ཐང་དང་རྒྱ་པར་ན་གསེར་ཕྲེང་དུ་བྱུང་བ་ཇི་བཞིན་ཡོད་པས་ཚོམ་པ་མི་འཚལ་ལོ། །ཞེས་དགག་བཞག་སྤོང་གསུམ་དང་བཅས་པའི་ཐོག་ནས་ཞིབ་ཏུ་དཔྱད་པ་གནང་འདུག་པ་ལྟར་རིགས་པ་འདི་དག་ལ་དཔགས་ན། བུ་སྟོན་ཐམས་ཅད་མཁྱེན་པ་དང་། བསྟན་འགྱུར་དཀར་ཆག་གཉིས་ཀར་གནོད་འཇོམས་དབྱིག་གཉེན་གྱིས་མཛད་པར་གསུངས་ལ། གཞན་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་སྔོན་བྱོན་མཁས་པ་དུ་མས་ཡུམ་གསུམ་གནོད་འཇོམས་སློབ་དཔོན་དབྱིག་གཉེན་གྱི་གསུང་དུ་བཞེད་ལ། རྗེ་བདག་ཉིད་ཆེན་པོ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ནས་གནོད་འཇོམས་འདི་ཉིད་ཁ་ཆེ་མཆེ་བའི་སྡེའི་ཡིན་པར་གསུངས་ཤིང་། ལ་ལས་འདི་སིངྒ་ལའི་སློབ་དཔོན་དུ་བཤད་པ་ཡང་ཡོད་འདུག་པས། ཀུན་མཁྱེན་བུ་སྟོན་ཆོས་རྗེ་ལ་སོགས་པས་སློབ་དཔོན་དབྱིག་གཉེན་གྱི་གསུང་དུ་བཞེད་པ་ལྟར་སོར་བཞག་གིས་སློབ་དཔོན་འདིའི་གསུང་གི་གྲས་སུ་བཞུགས་སུ་གསོལ་བ་ལགས་ན། ད་དུང་ཞིབ་ཏུ་དཔྱད་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ས་སྐྱ་བཀའ་འབུམ། ཆོས་འཕགས་དང་པོ། ༼པ༽ དཔེ་གཟུགས། ཤོག་གྲངས་ ༢༠བ༦

[2]  གོ་རམས་པ་བསོད་ནམས་སེངྒེའི་བཀའ་འབུམ། ༼ཁ༽ ཕར་ཕྱིན་སྐོར། དཔེ་རིང་། ཤོག་གྲངས་ ༢༦

[3]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། པོད། ༼ད༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦ན༦

[4]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༠

[5]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༩

[6]  བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༨༩

[7]  བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༨༩

[8]  གཡག་ཊཱིཀ །གཞུང་འགྲེལ་སྐོར་ཤེར་ཕྱིན། ༼༧༽ རྫོང་སར་ཁམས་བྱེའི་གློག་ཀླད་དཔེ་རིང་། ཤོག་གྲངས་ ༣བ༡

[9]  མངོན་རྟོགས་རྒྱན་དང་འགྲེལ་པ་དོན་གསལ་རྩ་འགྲེལ་གྱི་དགོངས་དོན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༦

[10]  བཀའ་འགྱུར་དཀར་ཆག་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། དེབ་ཨང་ ༡༠༥ པ། ༢༠༠༩ ལོ། ཤོག་ ༡༩༤

[11]  སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༢༠

[12]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། པོད། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦༢བ༣

[13]  ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བསྟན་བཅོས་རྒྱས་འགྲེལ། ༼༡༽ ཀར་ཊཱིཀ །དཔེ་རིང་། ཤོག་གྲངས་ ༧བ༢

[14]  ཤེས་བྱ་ཀུན་ཁྱབ་རྩ་བ། ༼ཨེ༽ དཔེ་གཟུགས། ཤོག་གྲངས་ ༡༤༥བ༡

[15]  སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་། ༢༠༠༥ ལོ། ཤོག་གྲངས་ ༢༤༦

[16]  ལེགས་བཤད་གསེར་ཕྲེང་། བཅུ་ཕྲག་རིག་མཛོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༨

[17]  རྒྱུད་སྡེ་སྤྱི་རྣམ། བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༩༩

[18]  གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། པོད། ༼༩༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༩༥

[19]  ཤེས་རབ་རིན་ཆེན་གྱི་གསུང་འབུམ། ༼༦༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༧༡

[20]  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ། པོད། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༧

[21]  རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ། ༼༣༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་ ༤༠༣

[22]  ལེགས་བཤད་གསེར་ཕྲེང་། བཅུ་ཕྲག་རིག་མཛོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༠༤

[23]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཕ༽ དེབ་ཨང་། ༥༥ པ། ༢༠༠༨ ལོ། ཤོག་གྲངས་ ༡༣༨༠

[24]  ལེགས་བཤད་གསེར་ཕྲེང་། བཅུ་ཕྲག་རིག་མཛོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༧༧

[25]  ལེགས་བཤད་གསེར་གྱི་ཕྲེང་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༤༢༣

[26]  འཇམ་དབྱངས་བཞད་པའི་རྡོ་རྗེའི་སུང་འབུམ། པོད། ༼ཇ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༥བ༥

[27]  གསེར་ཕྲེང་བགྲོ་གླེང་། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཀུང་ཟི། ཤོག་གྲངས་ ༢༢

[28]  དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད་ཁང་། ༢༠༠༤ ལོ། ཤོག་གྲངས། ༣༥༠

[29]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ། ༢༠༠༨ ལོ། ཤོག་གྲངས་ ༥༦

[30]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༥༠

[31]  དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼ཁ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༩༠

[32]  དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༥༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༢ ནས་ ༡༩༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *