ག༽ ཇོ་བོ་རྗེའི་གསུང་བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།
དེ་ཡང་གནས་བརྟན་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་ལ་མཚོན་ན། བསྟན་འགྱུར་གྱི་རྒྱུད་དང་། ཤེར་ཕྱིན། དབུ་མ། མདོ་སྡེ། སྤྲིང་ཡིག །སྣ་ཚོགས་བཅས་སྡེ་ཚན་དྲུག་ནང་བཞུགས་པ་ལས། རྒྱུད་ཀྱི་སྐོར་ལ་ཆོས་ཚན་ ༧༦ དང་། ཤེར་ཕྱིན་གྱི་སྐོར་ལ་ཆོས་ཚན་ ༢། དབུ་མའི་སྐོར་ལ་ཆོས་ཚན་ ༢༦། མདོ་སྡེའི་སྐོར་ལ་ཆོས་ཚན་ ༡། སྤྲིང་ཡིག་གི་སྐོར་ལ་ཆོས་ཚན་ ༡། སྣ་ཚོགས་ཀྱི་སྐོར་ལ་ཆོས་ཚན་ ༡ བཅས་ཁྱོན་བསྡོམས་ཆོས་ཚན་གྲངས་ ༡༠༧ བཞུགས་སོ།།
བསྟན་བཅོས་དེ་དག་གི་མཛད་བྱང་ཁག་ཏུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་ལེགས་སྦྱར་གྱི་མཚན་གསལ་བའི་ཆོས་ཚན་ ༤༢། དཔལ་མར་མེ་མཛད་ཡེ་ཤེས་ཞེས་བོད་སྒྱུར་གྱི་མཚན་འཁོད་པའི་ཆོས་ཚན་ ༥༥། ཡང་ཇོ་བོ་རྗེ་ཞེས་པའི་མཚན་འཁོད་པའི་ཆོས་ཚན་ ༤ ཨ་ཏི་ཤ་ཞེས་མཚན་གསལ་བའི་ཆོས་ཚན་ ༡ ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་སཾ་བོད་གཉིས་ཀའི་མཚན་འཁོད་པའི་ཆོས་ཚན་ ༡ མཛད་བྱང་མི་གསལ་བའི་ཆོས་ཚན་གྲངས་ ༤ བཅས་དང་། གོང་གསལ་གསུང་བཟང་ཆོས་ཚན་ ༡༠༧ བཞུགས་པའི་ཁྲོད་ནས་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་པའི་ཆོས་ཚན་ ༢༨ དང་། ལེགས་སྦྱར་གྱི་མ་དཔེ་མི་བཞུགས་པར་རྩ་བརླག་སོང་བའི་ཆོས་ཚན་གྲངས་ ༧༩ ཡོད་པ་བཅས་སོ།།
དེ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་བཟང་རྣམས་བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་རྣམས་ནི། ༡༽ རྒྱ་གར་གྱི་སློབ་དཔོན་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་རང་ཉིད་དང་། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱ་ན་ཤཱི་ལ། རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་ཝརྨ། པཎྜི་ཏ་རྒྱལ་བ་ཀུན་དགའ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟི། རྒྱ་གར་གྱི་པཎྜི་ཏ་རཏྣ་ཕ་ལ་བཅས་ཞལ་གྲངས་ ༦ དང་། ༢༽ བོད་གངས་ཅན་ལྗོངས་ཀྱི་ཞུ་ཆེན་གྱི་ལོ་ཙཱ་རྣམས་ནི། ལོ་ཙཱ་བ་གླན་དར་མ་བློ་གྲོས་དང་། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོ། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ། ལོ་ཙཱ་བ་ཆེན་པོ་རྒྱ་བརྩོན་འགྲུས་སེངྒེ་། ལོ་ཙཱ་བ་ཁུ་ནེ་ཙོ། ལོ་ཙཱ་བ་འབྲོམ་སྟོན། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས། བོད་ཀྱི་ལོ་ཙཱ་བ་དགེ་བའི་བློ་གྲོས། ལོ་ཙཱ་བ་ཁུ་དངོས་གྲུབ། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་དེ་བ་རྩེ། སྐད་གཉིས་སྨྲ་བའི་དགེ་སློང་ཉི་མ་གྲགས་པ། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར། ལོ་ཙཱ་བ་ཁུ་མདོ་སྡེ་འབར། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན། རྔོག་བློ་ལྡན་ཤེས་རབ་བཅས་ཞལ་གྲངས་ ༡༦ ཡོད།
དེ་ལྟར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་ཞལ་གྲངས་ ༦ དང་། བོད་ཀྱི་སྐད་གཉིས་སྨྲ་བའི་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཞལ་གྲངས་ ༡༦ བཅས་ཁྱོན་ལོ་པཎ་ ༢༢ ཀྱིས་ཇོ་བོ་བཀའ་དྲིན་ཅན་གྱི་གསུང་བཟང་རྣམས་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་པ་དང་། གསུང་དེ་དག་ལས་འགྱུར་བྱང་གསལ་བའི་ཆོས་ཚན་གྲངས་ ༨༥ དང་། འགྱུར་བྱང་མི་གསལ་བའི་ཆོས་ཚན་གྲངས་ ༢༢ དང་། རྒྱ་གར་སྐད་གསལ་བའི་ཆོས་ཚན་གྲངས་ ༩༦ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་ཁག་ ༡༡ བཞུགས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༧ ནས་ ༡༤༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།