ཁ༽ དཔལ་ནཱ་ལེནྡྲར་བསྒྱུར་བའི་གསུང་རབ།
དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། ཆེས་མཐོའི་ནང་པའི་གཙུག་ལག་སློབ་གཉེར་ཁང་ཙམ་ཞིག་མིན་པར། བཅུ་ཕྲག་རིག་པའི་གཞུང་ལུགས་དུ་མ་ཞིག་མཛད་ཡུལ་ཡང་ཡིན་ཏེ། འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[1]། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཞེས་གྲགས་པ་དེ་ཡང་བོད་ཀྱི་ཡུལ་འདིར་སྒོ་དུ་མ་ནས་བྱུང་ངོ་། །
དེ་ལ་སློབ་དཔོན་སངས་རྒྱས་ཤེས་ནི། རིག་པའི་གནས་མཐའ་དག་ལ་མཁས་པའི་པཎྜི་ཏ་སྟེ། དེས་ཡུལ་མ་ག་དྷའི་བྱེ་བྲག་ཁ་བི་ཞེས་བྱ་བར་གྲོང་ཁྱེར་རྡོ་འཇོག་ཏུ། སློབ་དཔོན་སེང་གེ་བཟང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཤིན་ཏུ་མཁས་པ། རྗེ་བཙུན་གྱི་སྣང་བ་ཐོབ་པར་ཡང་གྲགས་པ་དེ་མཉེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་ལས་གཞན་པའི་གཞུང་ཡང་མང་དུ་ཐོས་ཤིང་། རིགས་པས་ཀྱང་རྣམ་པར་དཔྱད་པ་མཛད་ནས། སླར་ནཱ་ལེནྡྲར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པའི་འགྲེལ་པ་ལ་སོགས་པ་བརྩམས་ནས་གཞན་དག་ལ་བཤད་པ་མཛད། ཅེས་གསུངས་པ་ལྟར་རོ།།
ལྷག་པར་ནཱ་ལེནྡྲ་ནི་བཀའ་བསྟན་གསུང་རབ་ཀྱི་བསྒྱུར་གྲྭ་ཞིག་ཀྱང་ཡིན་པ་ནི། འཕགས་པ་འཇམ་དཔལ་གྱི་ཊཱི་ཀ་རྒྱལ་པོ་པདྨ་དཀར་པོས་མཛད་པ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དྲི་མ་མེད་པའི་འོད་ལས[2]། རིག་པའི་འབྱུང་གནས་ཡུལ་མ་ག་དྷཱའི་དཔལ་ནཱ་ལེནྡྲར་རྗེ་བཙུན་མ་སྒྲོལ་མའི་ལྷ་ཁང་དུ་པཎྜི་ཏ་ཆེན་པོ་དགེ་སློང་རྡོ་རྗེ་འཛིན་པ་དཔལ་བསོད་སྙོམས་པ་ཆེན་པོས་སྐྱེས་བུ་རྣམས་ཀྱི་དོན་དུ་བསྒྱུར་བའོ། །འགྲེལ་པ་དྲི་མ་མེད་པའི་འོད་རྫོགས་སོ། །ཞེས་འདི་དང་། རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་རྣམ་པར་བཤད་པ། ཤླཽ་ཀ་དྲུག་སྟོང་ལྔ་བརྒྱ་བདུན་ཅུ་པ། ཤྲཱི་ནཱ་ལེནྡྲ་ན་བཞུགས་པ་རྡོ་རྗེ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། སྨྲི་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ཞེས་གསུངས་པ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་བསྒྱུར་བའི་བསྟན་འགྱུར་གྱི་གཞུང་ལུགས་ལ་མཚོན་ན།
༡༽ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། རྒྱལ་པོ་པདྨ་དཀར་པོས་མཛད་པ། ཡུལ་མ་ག་དྷཱའི་དཔལ་ནཱ་ལེནྡྲར་རྗེ་བཙུན་སྒྲོལ་མའི་ལྷ་ཁང་དུ་པཎྜི་ཏ་དགེ་སློང་རྡོ་རྗེ་འཛིན་པ་དཔལ་བསོད་སྙོམས་པ་ཆེན་པོའི་འགྱུར་དང་། ༢༽ དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ། མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། ཤླཽ་ཀ་སྟོང་ཕྲག་བརྒྱད་པ། ཡུལ་དབུས་ཀྱི་མཁས་པ་ཆེན་པོ་དེ་ཉིད་དང༌། མང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་རྩ་མི་སངས་རྒྱས་གྲགས་པས་ནཱ་ལེན་དྲར་བསྒྱུར་ཅིང༌། སླད་ནས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང༌། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་བསྟུན་ནས་བཅོས་པ་ལ། སླར་ཡང་དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་རྒྱ་གར་གྱི་དཔེ་གཉིས་ལ་གཏུགས་ཏེ་འདིའི་སྔ་འགྱུར་མ་དག་པར་གཟིགས་པ་ལ་བརྟེན་ནས་ལེགས་པར་བསྒྱུར་ཅིང་དག་པར་བཅོས་པ། ༣༽ དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་ཞེས་བྱ་བ། གྲུབ་པའི་སློབ་དཔོན་ཆེན་པོ་བཛྲ་ཧཱུཾ་ཀ་རའི་ཞལ་སྔ་ནས་མཛད་པ། བོད་ཀྱི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལུང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་[3]དུ། རྒྱ་གར་གྱི་མཁན་པོ་ཧཱུཾ་ཀ་ར་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་གནུབས་ནམ་མཁའི་སྙིང་པོས་བསྒྱུར་ཅིང་གཏན་ལ་ཕབ་པ། ༤༽ དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ལམ་གྱི་སྙིང་པོ་ཞེས་བྱ་བ། མཁས་གྲུབ་རྣལ་འབྱོར་ཆེན་པོ་བུདྡྷ་ཛྙཱ་ན་པཱ་དས་ཨུ་ག་ཡ་ན་འབར་བའི་ཕུག་ཏུ་བཛྲ་ཝཱ་རཱ་ཧཱི་ཉིད་ལས་དངོས་སུ་ཐོབ་ནས་ལྷག་པའི་བསམ་པ་རྣམ་པར་དག་པས་ཡི་གེར་བྱས་པ། ཡུལ་དབུས་ཀྱི་པཎྜི་ཏ་ཨཱ་ནནྡ་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཏི་ར་ཧ་ཏིའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཅིང་གཏན་ལ་ཕབ་པ། སླར་ཡང་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོར་བཅོས་པ་དང་། ༥༽ ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པའི་མན་ངག་ཅེས་བྱ་བ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། ཡུལ་དབུས་ཀྱི་པཎྜི་ཏ་ཨཱ་ནནྟ་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཏི་ར་ཧ་ཏིའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཅིང་གཏན་ལ་ཕབ་པ། སླར་ཡང་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོར་བཅོས་པ། ༦༽ སེམས་དཔའ་གསུམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཞེས་བྱ་བ། རྡོ་རྗེ་ཕག་མོས་དངོས་སུ་བྱིན་གྱིས་བརླབས་པ། མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། ཡུལ་དབུས་ཀྱི་པཎྜི་ཏ་ཨཱ་ནནྡ་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཏི་ར་ཧ་ཏིའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཅིང་གཏན་ལ་ཕབ་པ། སླར་ཡང་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོར་བཅོས་པ་དང་། ༧༽ རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་སྙེ་མ་ཞེས་བྱ་བ། མཁས་པ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ། མ་ག་དྷཱའི་མཁས་པ་ཆེན་པོ་དེ་ཉིད་དང༌། མང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་རྩ་མི་སངས་རྒྱས་གྲགས་པས་ནཱ་ལེནྡྲར་བསྒྱུར།
༨༽ འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་ཤྲཱི་ནཱ་ལེནྡྲའི་སྒོ་འགྲམ་དུ་བསྒྱུར་ཅིང་ཞུས་པ། ༩༽ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ཅེས་བྱ་བ། པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། མཁས་པ་ཤེས་རབ་དཔལ་གྱིས་དཔལ་ནཱ་ལེནྡྲར་བསྒྱུར་བ་དང་། ༡༠༽ སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང༌། སྣུར་ལོ་ཙཱ་བ་དྷརྨ་གྲགས་ཀྱི་འགྱུར།
༡༡༽ ཐུབ་པའི་དགོངས་པའི་རྒྱན། ཤླཽ་ཀ་སྟོང་ཕྲག་ཕྱེད་དང་དྲུག་པ། སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ་བདེ་བར་གཤེགས་པའི་བཀའ་རབ་འབྱམས་ལ་མཁྱེན་པའི་སྣང་བ་སྐྱེས་པའི་མཁས་པ་ཆེན་པོ་དེ་ལ་མཉན་ནས། དེ་ཉིད་ཀྱི་སྤྱན་སྔར་དགེ་སློང་དཔང་ཞོ་གསལ་བ་གྲགས་ཞེས་བྱ་བས་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་མཁས་པའི་འབྱུང་གནས་དཔལ་ནཱ་ལེནྡྲར་བསྒྱུར་བ་ལ། དུས་ཕྱིས་ལུང་རིགས་ཀྱི་དབང་ཕྱུག་སྟག་སྡེ་པ་ཆེན་པོ་སེང་གེ་རྒྱལ་མཚན་པའི་བཀའ་དྲིན་དང༌། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་ཀྱི་ལུས་སྟོབས་མཐའ་ཡས་པས་ཤེས་བྱའི་ཆོས་ལ་དབང་སྒྱུར་བ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སྲོལ་ལ་བརྟེན་ནས་ཕྱི་ནང་གི་གཞུང་ལུགས་ལ་བློའི་སྣང་བ་ཆེར་རྒྱས་པ། ཞུ་ཆེན་གྱི་ལོ་ཙཱ་བ་དཔང་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་རྒྱ་དཔེ་དང་གཏུགས་ཏེ་ལེགས་པར་དཔྱད་ནས་བསྒྱུར་ཅིང་ཞུས་པ་ཞེས་པའི་མཐའ་ཅན། ༡༢༽ ཐེག་པ་ཆེན་པོའི་མཚན་ཉིད་ཀུན་ལས་བཏུས་པ་ཞེས་བྱ་བ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀརྞོ་པ་ཏི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་པྲ་ཛྙཱ་སི་དྷིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང་། ༡༣༽ ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ། སློབ་དཔོན་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་ན་གནས་པ་དགེ་སློང་བློ་བཟང་ངང་ཚུལ་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ལོ་ཙཱ་བ་དགེ་སློང་རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ་སོགས་སོ།།
གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་ལས[4]། སྔོན་འབན་སྣ་བོ་ཆེ་ཞེས་ཀྱང་བྱ། སྣ་ནག་པ་ཞེས་ཀྱང་བྱ་བའི་དགེ་སློང་ས་བདག་ཀླུ་གཉན་གྱིས་གནོད་པས་ཤིན་ཏུ་སྐུ་བསྙེལ་བས་རྒྱ་གར་ལ་ཕེབས། ནཱ་ལེན་དྲའི་གཙུག་ལག་ཁང་དུ་ཇོ་བོ་ཨ་ཏི་ཤ་དང་མཇལ་བས་སྣོད་ལྡན་དུ་གཟིགས། དཔལ་ཕྱག་རྡོར་མདོ་ལུགས་ཀྱི་ཆོས་སྐོར། (དཔུང་བཟང་ལས་གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན་ཞེས་བྱ་རྒྱུད་ལ་མདོ་སྡེ་ཞེས་མིང་དུ་བཏགས་པའོ།།) གདམས་ངག་དང་བཅས་པ་གནང་སྟེ། རྒྱ་བརྩོན་སེང་གེས་ལོ་ཙཱ་བགྱིས། འབན་སྣ་བོ་ཆེས་ཞུ་བ་པོ་བགྱིས་ནས་ལེན་དྲར་བསྒྱུར་བ་བཅས་བསྟན་འགྱུར་ཁྲོད་དུ་བཞུགས་པའི་གསུང་རབ་འདི་དག་ནི་བསྟན་འགྱུར་ཁོ་ནའི་དབང་དུ་བྱས་པའི་དཔལ་ནཱ་ལེནྡྲར་བསྒྱུར་བའི་དཔེ་མཚོན་ཙམ་ཡིན་པ་ལས། དེ་མིན་བཀའ་འགྱུར་ལས་བསྒྱུར་བ་ཡང་མང་དུ་ཡོད་ངེས་སོ།།
དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ནས་རྒྱལ་ཁབ་དང་མི་རིགས་གཞན་གྱི་སྐད་ཡིག་ཐོག་བཀའ་དང་བསྟན་བཅོས་བསྒྱུར་བར་རོགས་རམ་དཔེ་མེད་གནང་ཞིང༌། རྒྱ་དཔེ་ཕབ་བཤུ་སོགས་གང་ཐད་དུ་ཚོགས་ཆུང་ལྟ་བུས་ལྟ་རྟོག་འོག་མདོ་རྒྱུད་གསུང་རབ་བསྒྱུར་བར་ཞིབ་འཇུག་དང་། འགྱུར་བཅོས་སོགས་ཐུགས་འཁུར་རྒྱ་ཆེན་པོ་བཞེས། སློབ་གཉེར་ཁང་ཆེན་པོ་འདིའི་དམིགས་ཡུལ་གཙོ་བོ་ཡང་བསྟན་པ་འཛིན་སྐྱོང་དང༌། གང་བཟུང་བའི་བསྟན་པ་དེ་ཉིད་གཞན་ལ་དར་སྤེལ་གཏོང་རྒྱུ་དེ་ཡིན། དེར་བརྟེན་ལྟ་རྟོག་གང་གི་ཆ་ནས་ཀྱང་གཞན་གྱི་མིག་དཔེར་འོས་པ་ཞིག་བྱེད་དགོས་པ་དང་། མིག་དཔེར་བྱས་ཏེ་ལུགས་སྲོལ་བཟང་པོ་དེ་ཡུལ་ལུང་དང་སྐད་རིགས་མི་གཅིག་པའི་རྒྱལ་ཁབ་འདྲ་མིན་ལ་རྒྱུན་བསྲིང་དགོས་པའི་ཕྱིར་སྒྲིག་འཛུགས་དང་ཀུན་སྤྱོད་སོགས་ལ་ཡང་གཟབ་ནན་ཤིན་ཏུ་ཆེ་ཞིང་། དམ་ཆོས་འདུལ་བའི་ཕྱག་བཞེས་ཁོ་ན་ཉམས་སུ་བསྟར་[5]བ་ལགས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དེབ་ཐེར་སྔོན་པོ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༤༦
[2] བསྟན་འགྱུར། སྡེ་དགེ་དཔར་མ། པོད་ ༡༥ པ། རྒྱུད། ༼ཕ༽ དཔེ་གཟུགས། ཤོག་གྲངས་ ༢༣༢ན༧
[3] འདི་བོད་ཀྱི་འཕན་པོ་ནཱ་ལེནྡྲའི་གཙུག་ལག་ཁང་མིན་ནམ་སྙམ།
[4] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༤༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༤༧
[5] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༧
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༤༢༣ ནས་ ༤༢༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།