ཁ༽ ནཱ་ལེནྡྲའི་དགོན་པ་ཁག་གི་བཟོ་བཀོད།
༡༽ ནཱ་ལེནྡྲའི་གཙུག་ལག་ཁང་གི་ངོ་སྤྲོད་སྙིང་བསྡུས།
དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་མོའི་ལོ་རྒྱུས་སྙིང་བསྡུས་ནི། ཕྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་ཞེས་སངས་རྒྱས་དང་མཧཱ་ཝི་ར་སྟེ་རྒྱལ་བ་པའི་[1]དུས་སྐབས་སུ་ཕྱིར་ལོག་བྱེད་དགོས་པ་ཞིག་དང་། དེ་ཡང་གནས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་མ་སྙན་གྲགས་ཅན་ཤཱ་རིའི་བུའི་འཁྲུངས་ཡུལ་དང་།
མཐར་མྱ་ངན་ལས་འདས་ཡུལ་ཡང་ཡིན། དུས་རབས་ལྔ་པའི་སྐབས་གནས་དེ་བཞིན་གལ་འགངས་ཤིན་ཏུ་ཆེ་བའི་ཤར་ཕྱོགས་པའི་སྒྱུ་རྩལ་དང་། ནང་པའི་ཤེས་ཡོན་གྱི་བསྟི་གནས་ཤིག་ཏུ་བསྒྱུར་ནས་རྒྱ་ནག་ལ་སོགས་པའི་ཐག་རིང་གང་ས་ནས་སློབ་གཉེར་བ་མང་པོ་འཛུལ་ཞུགས་བྱས། ཉི་ཟླ་ལྟ་བུའི་མཁས་པའི་འདུས་ཚོགས་སུ་སློབ་དཔོན་ཀླུ་སྒྲུབ་དང་། འཕགས་པ་ལྷ། སློབ་དཔོན་དབྱིན་གཉེན། དཔལ་ལྡན་ཆོས་སྐྱོང་། སཱུ་ཝི་ཤ་ནུ[2]། སློབ་དཔོན་ཐོགས་མེད། ཤཱི་ལ་བྷ་དྲ། དཔལ་ལྡན་ཆོས་གྲགས། སློབ་དཔོན་ཞི་བ་འཚོ་སོགས་བྱོན་ཡོད། གཞན་ཡང་རྒྱའི་སྙན་གྲགས་ཅན་གྱི་གནས་སྐོར་བ་ཐང་ཟན་བླ་མ་དང་། ཡཱི་ཅིན་རྣམས་ཀྱིས་ནཱ་ལེནྡྲའི་གཙུག་ལག་ཁང་དང་། དགོན་པ། དགེ་འདུན་པའི་འཚོ་བའི་སྐོར་འགྲེལ་བཤད་ཧ་ཅང་རྒྱས་པོ་བཀོད་ཡོད། ནཱ་ལེནྡྲར་ཆོས་ལུགས་ཀྱི་རྣམ་གཞག་དང་། བརྡ་སྤྲོད། གཏན་ཚིགས་རིག་པ། གཟའ་སྐར་དཔྱད་རིག །དངོས་ཁམས་དཔྱད་རིག །གསོ་བ་རིག་པ། ལྟ་གྲུབ་བཅས་སློབ་ཁྲིད་བྱེད་ཀྱི་ཡོད། ལྟེ་གནས་དེ་བཞིན་གྲོང་གསེབ་ཁག་ནས་གཞུང་ཁྲལ་བསྡུས་ནས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་ནི་བརྐོས་རིས་ཁག་ལས་ར་འཕྲོད་ཐུབ་པ་བཞིན་ནོ།།
དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ནི། སྔ་རབས་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེས་སྙན་གྲགས་ཆེ་ཤོས་ཤིག་ཡིན་ལ། འདི་ནི་ཕྱི་ལོ་ (413-455) མཚམས་ཀྱི་གུཔྟའི་རྒྱལ་རབས་སྐབས་ཀཱུ་མ་རཱ་གུཔྟས་ཕྱག་བཏབ་ཅིང་། རྒྱལ་པོ་ཧཱར་ཤ་ཝར་དཱ་ན་ (606-647) དང་། རྒྱ་གར་ཤར་ཕྱོགས་ཀྱི་པཱ་ལའི་རྒྱལ་པོ་ (དུས་རབས་8-12བར།) རྣམས་ཀྱི་རོགས་མགོན་འོག་ལྟེ་གནས་དེ་བཞིན་མུ་མཐུད་ནས་རྒྱ་སྐྱེད་ཕྱིན་ཡོད། གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདིའི་ཉམས་གུད་ནི་པཱ་ལའི་ཕྱིས་ཀྱི་དུས་རབས་ནས་འགོ་ཚུགས་ཏེ་ཕྱི་ལོ་ ༡༢༠༠ ལོར་ཁ་ཆེའི་དམག་དཔོན་བྷག་ཏཱི་ཡ་ཁལ་རྗིའི་བཙན་འཛུལ་སྐབས་མཐའ་མའི་གཏོར་བཤིག་ཕོག་ཡོད།

ཕྱི་ལོ་ ༡༩༡༥ ནས་ ༡༩༣༧ བར་དང་། ཕྱི་ལོ་ ༡༩༧༤ ནས་ ༡༩༨༢ བར་རྒྱ་གར་གྱི་གནའ་རྫས་སྲུང་སྐྱོབ་ལྟ་ཞིབ་ཁང་ནས་སྔོག་འདོན་གནང་སྐབས་འཆར་གཞི་ལྡན་པའི་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་གཅིག་ལྷག་གི་ནང་སོ་ཕག་ལས་བཞེངས་པའི་ལྷ་ཁང་དྲུག་དང་། དགོན་པ་བཅུ་གཅིག་དོན་ཡོད་པ་དང་། དེ་ཡང་འགྲོ་ལམ་ཁ་ཞེང་མི་ཊར་སུམ་ཅུ་བྱས་པ་བྱང་ནས་ལྷོ་ངོས་སུ་ཐད་ཀར་ཡོད་ལ། ལྷ་ཁང་རྣམས་གྲལ་བསྟར་བཞིན་ནུབ་ངོས་དང་། དགོན་པ་རྣམས་ཤར་ངོས་སུ་ཆགས་ཡོད་ཅིང་། དགོན་པའི་གྲྭ་ཤག་རྣམས་ཀྱི་ཆ་ཚད་དང་བཀོད་སྒྲིག་ཚང་མ་ཧ་ལམ་གཅིག་མཚུངས་ཡིན་པ་དང་། ལྷོའི་མཐར་ཡོད་པའི་ལྷ་ཁང་ཨང་གསུམ་པ་ནི་ཆེས་བརྗིད་ཉམས་ལྡན་ཞིང་རྩིག་པ་རིམ་པ་བདུན་ལྡན་པ་དང་། དེའི་མཐའ་སྐོར་དུ་མཆོད་རྟེན་དང་མཆོད་ཁང་ཆུང་ཆུང་མང་པོས་བསྐོར་ནས་ཡོད།

(དཔལ་ནཱ་ལེནྡྲའི་གཙུག་ལག་གི་རཏྣ་ད་དྷི་ཞེས་པའི་དགུ་ཐོག་ཅན་གྱི་དཔེ་མཛོད་ཁང་འདྲ་བཟོས་བཟོ་བཀོད།[3])
གནའ་རྫས་འཚོལ་ཞིབ་པས་ལྷ་ཁང་གི་བཟོ་བཀོད་ལས་གཞན་པའི་རྡོ་དང་། ལི། འཇམ་ཞལ་ལམ་བྱིལ་འདམ་གྱི་སྐུ་བརྙན་མང་པོ་སྔོག་འདོན་བྱུང་བའི་ཁྲོད་ནས་ནང་པའི་སྐུ་བརྙན་གལ་གནད་ཅན་སངས་རྒྱས་ཀྱི་སྐུ་ཡི་ཆ་བྱད་མི་འདྲ་དུ་མ་དང་། འཕགས་པ་སྤྱན་རས་གཟིགས། རྗེ་བཙུན་འཇལ་དཔལ་དབྱངས། རྗེ་བཙུན་སྒྲོལ་མ་སོགས་ཀྱི་སྐུ་བརྙན་སྔོག་འདོན་ཐུབ་པ་བྱུང་ཡོད། གཞན་ཡང་ཕྱི་རོལ་པའི་ལྷ་དབང་ཕྱུག་དང་། ཁྱབ་འཇུག །ཚོགས་བདག་གླང་སྣ་སོགས་ཀྱི་སྐུ་བརྙན་ཡང་མང་པོ་ཞིག་རྙེད་སོན་བྱུང་ཡོད་ལ། དེ་མིན་འཚོལ་ཞིབ་པར་རྙེད་སོན་བྱུང་བའི་ཁྲོད་རིན་ཐང་ཆེ་བའི་ལྡེབས་རིས་དང་། ཟངས་ཀྱི་སྡེར་མ། རྡོ་དང་སོ་ཕག་གི་བརྐོས་ཡིག །མཛེས་རྒྱན་བྱང་བུ། དོང་ཙེ། རྫ་ཆས་སོགས་ལོ་རྒྱུས་ལྡན་པའི་གནའ་རྫས་རྣམས་ཉེ་འགྲམ་གྱི་འགྲེམས་སྟོན་ཁང་དུ་མི་མང་གི་ཆེད་འགྲེམས་སྟོན་ཞུ་བཞིན་ཡོད།

དགོན་པ་ ༡ ༼ཀ༽ དང་། ༢ ༼ཁ༽ གཉིས་ཀྱི་བཟོ་བཀོད།
དགོན་པ་ ༼ཀ ཁ༽ སྟེ་དང་པོ་དང་གཉིས་པ་ནི། དགོན་པ་གཞན་དག་དང་མི་འདྲ་བར་ཁ་བྱང་ངོས་སུ་ཕྱོགས་ཤིང་། རྒྱ་ཁྱོན་ཡང་དགོན་པ་གཞན་དག་ལས་ཆུང་བ་ཡོད། དགོན་པའི་འོག་གི་མི་ཊར་གཉིས་ཀྱི་ས་འོག་ནས་དུས་རབས་དྲུག་པའི་སྐབས་ཀྱི་སོ་ཕག་གི་རྡོ་གཅལ་བཏིང་བ་རྙེད་སོན་བྱུང་བ་ལས། དགོན་པ་འདི་གཉིས་སྔོན་གྱི་བཟོ་བཀོད་ཀྱི་གཞིག་རོའི་སྟེང་བཞེངས་པ་ར་འཕྲོད་བྱེད་ཐུབ།
དགོན་པ་ ༼ཀ༽ འདི་བཞིན་མི་ཊར་གྲུ་བཞི་མ་བཞི་བཅུ་ཞེ་ལྔ་ཅན་གྱི་དབུས་སུ་ཐོག་ཁེབས་མེད་པའི་སྒོ་ར་དང། སྒོ་རའི་མཐའ་སྐོར་དུ་གྲྭ་ཤག་ཉི་ཤུ་རྩ་དྲུག་ཡོད་པ་རྣམས་ཀ་ཕིབས་ཀྱི་ཀ་བ་དང་སྦྲེལ་ནས་ཡོད་ལ། སྒོ་རའི་ནང་སོ་ཕག་གི་ཐབ་དང་། དབྱིབས་ཟླུམ་པོ་ཟུར་བརྒྱད་ཅན་གྱི་ཁྲོན་པ། སློབ་དཔོན་གྱི་བཞུགས་ཁྲི་བཅས་ཡོད། སྡིངས་ཆའི་ལྷོ་ངོས་ཀྱི་ཁང་ཁུངས་ཆེ་ཤོས་དེ་ནི་ལྷ་ཁང་ཡིན་ལ། བྱང་ཤར་ངོས་ཀྱི་སྐས་འཛེག་ལས་དགོན་པ་འདི་ནི་ཐོག་རྩེགས་གཉིས་ཅན་ཡིན་པ་རྟོགས་ཐུབ། དགོན་པ་ ༼ཁ༽ པ་འདི་བཞིན་ནུབ་ངོས་སུ་སྦྲེལ་ནས་རྒྱ་ཁྱོན་ཡང་གང་འཚམ་གྱིས་ཆུང་བ་ (མི་ཊར་ ༣༠ x ༢༢) ཡོད། བཟོ་དབྱིབས་གྲུ་བཞི་ནར་མོ་དང་། དེར་ཡང་ལྷ་ཁང་དང་། སྐས་འཛེག །གྲྭ་ཤག་བཅུ་བཞི། དབུས་སུ་སྒོ་ར་ཡོད་པ་བཅས་སོ།།

༣) དགོན་པ་ཨང་དང་པོའི་(གསུམ་པའི་)བཟོ་བཀོད།
གནས་འདི་ནི་གནའ་རྫས་སྲུང་སྐྱོབ་ལྟ་ཞིབ་ཁང་ནས་ནཱ་ལེནྡྲའི་གནའ་ཤུལ་ས་འོག་ནས་ཐོག་མར་སྔོག་འདོན་ཞུ་ས་དང་། དགོན་པ་བཅུ་གཅིག་ཡོད་པའི་ཁྲོད་ནས་ཆེས་གལ་གནད་ཆེ་ཤོས་དེ་ཡང་ཡིན། འདིར་གནའ་དངོས་ཐམ་ཀ་དང་། རྡོ་དང་ལྕགས་ཀྱི་སྣང་བརྙན། རྫ་ཡི་བྱང་བུ། ཕྲེང་རྡོག །རྡོ་དང་ཟངས་ཀྱི་སྡེར་མ་བརྐོས་ཡིག་ཅན་སོགས་མང་ཤོས་འདི་ཁུལ་ནས་ཐོན་པར་མ་ཟད། དགོན་པ་ཡང་བཟོ་སྐྲུན་རིམ་པ་དགུ་ཙམ་བྱས་ཡོད་པ་དུས་ཚིགས་རིམ་པ་ཁག་གཉིས་ལས་ཤེས་ཐུབ།

(ནཱ་ལེནྡྲའི་དགོན་པ་ཨང་དང་པོ་དང་། རྒྱབ་ངོས་དཔེ་མཛོད་ཁང་དགུ་ཐོག་གི་རྗེས་ཤུལ།)
འཛུགས་སྐྲུན་དངོས་གཞི་ནི་ཕལ་ཆེར་དུས་རབ་དྲུག་པ་དང་བདུན་པའི་ནང་གནང་བ་ཞིག་དང་། ནཱ་ལེནྡྲ་གཏོར་བཤིག་མ་ཕྱིན་བར་དུ་བསྐྱར་བཟོ་མུ་མཐུད་ནས་ཞུས་ཡོད་འདུག་ལ། ཁྱམས་རའི་ནང་གི་ལྷ་ཁང་ཆུང་ཆུང་དེ་བཞིན་གུཔྟའི་དུས་རབས་སྐབས་སུ་བཞེངས་པ་ཞིག་ཡིན་ཅིང་། དེའི་ཉེ་འཁྲིས་སུ་ཡོད་པའི་ལྷ་ཁང་ནར་མོ་དང་། བྱང་ངོས་སུ་ཡོད་པའི་ཁང་མིག་གཉིས་པོ་ནི་ཕྱིས་སུ་གསར་བཞེངས་གནང་བ་ཞིག་རེད་འདུག །ནུབ་སྒོ་ནས་མཐོང་ཐུབ་པའི་འོག་གི་དགོན་པ་དེ་ནི་དེ་ཝ་པཱ་ལའི་དབང་སྒྱུར་སྐབས་རྒྱལ་པོ་སཱུ་མ་ཏཱ་ར་ཞེས་པཱ་ལའི་དུས་རབས་ཀྱི་རྒྱལ་ཐོག་གསུམ་ (810-850) པས་བཞེངས་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ཡང་ནུབ་བྱང་ཟུར་གདོང་གི་སྒོ་འགྲམ་ནས་རྙེད་པའི་ཟངས་རྐོས་ལས་གསལ་བ་ལྟར་རོ།།
དགོན་པ་དེར་གཞི་རྒྱ་ཆེ་བའི་ཁྱམས་ར་དང་བཅས་པའི་ཁང་མིག་མང་དུ་ཡོད་ཅིང་། ཐོག་མར་དེ་རྣམས་ཟུར་བཞི་ཅན་གུ་ཡངས་པོ་ཡོད་ཀྱང་། ཕྱིས་སུ་ལྕགས་རིས་བསྐོར་ནས་ལོགས་སུ་དབྱེ་བ་ཞིག་དང་། དགོན་པ་དེ་བཞིན་མ་མཐར་ཡང་ཐོག་རྩེགས་གཉིས་ཅན་ཡིན་པ་ལྷོ་ནུབ་ཟུར་གདོང་གི་སྐས་འཛེགས་ལས་ཤེས་ཐུབ། སྟེང་གི་དགོན་པར་གྲྭ་ཤག་སོ་བཞི་ཡོད་པ་ལས་ཁག་གཅིག་ནང་ཉལ་ཁྲི་དང་། དཔེ་ཆ་འཇོག་ཡུལ་བང་ཁྲི་སོགས་ཡོད་པ་དང་། དགོན་པའི་སྒོ་ནུབ་ངོས་སུ་ཡོད་ལ། སྐས་འཛེགས་ཀྱང་ཧ་ཅང་ཆེན་པོ་ཞིག་ཡོད། གྲྭ་ཤག་དེ་དག་དང་སྒོ་མཆོར་འོག་གི་འཇམ་ཞལ་གྱི་སྐུ་བརྙན་ལས་ནཱ་ལེནྡྲར་མེའི་གཏོར་སྐྱོན་བྱུང་བ་བདེན་དཔང་གསལ་པོར་མངོན་ནོ།།

(དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་རྗེས་ཤུལ་གྱི་ས་ཁྲ།)
༤) དགོན་པ་ཨང་བཞི་པའི་བཟོ་བཀོད།
དགོན་པ་འདི་ནི་སྡེ་ཚན་གཉིས་ཅན་གྱི་དབྱིབས་གྲུ་བཞི་ཅན་ཞིག་སྔར་གྱི་གྱང་རོའི་སྟེང་གསར་རྒྱག་ཞུས་པ་དང་། ལྷོ་ནུབ་ཟུར་གདོང་གི་སྐས་འཛེགས་ལས་སྔར་གྱི་དགོན་པ་དེ་བཞིན་ཐོག་རྩེག་གཉིས་ཅན་ཡིན་པ་ཤེས་ཐུབ། དགོན་པའི་ཁྱམས་རའི་དབུས་སུ་ལྷ་ཁང་དང་དེའི་མདུན་དུ་དགེ་རྒན་གྱི་བཞུགས་ཁྲི་ཡོད་ལ་མཐའ་འཁོར་དུ་གྲྭ་ཤག །ཁྱམས་རའི་ནང་ཁྲོན་པ་དང་ཆུ་འགྲོ་ཡོད་པ་དང་ནུབ་ངོས་སུ་གཞུང་སྒོ། དེ་བཞིན་དགོན་པ་འདིའི་ནང་དམིགས་བསལ་གྱི་ཡིད་དབང་འཕྲོག་པ་ཞིག་ནི་སྐས་འཛེགས་འགྲམ་ལ་ཉི་འོད་ཀྱི་རླུང་འགྲོ་དང་གྲྭ་ཤག་ཁག་གཅིག་གི་ནང་ཉལ་ཁྲི་ཡོད་པ་དེ་ཡིན།

༥) དགོན་པ་ཨང་ལྔ་པའི་བཟོ་བཀོད།
དགོན་པ་འདི་ནི་དགོན་པ་ཨང་བཞི་པ་དང་མཉམ་དུ་སྦྲེལ་ཞིང་། དེ་ཡང་ལྷོ་ཤར་ཟུར་གྱི་སྐས་འཛེགས་ཆེན་པོ་དེ་རྒྱུད་ནས་དགོན་ཨང་བཞི་པར་མཐུད་ཡོད། དགོན་པ་དེ་བཞིན་བཟོ་སྐྲུན་གྱི་རིམ་པ་ལན་བཞི་ཙམ་བྱས་ཡོད་པ་དང་། དེའི་བྱང་དང་ལྷོ་ངོས་སུ་གྲྭ་ཤག་གསུམ་རེ་ཡོད་ལ། ཤར་ངོས་སུ་གྲྭ་ཤག་བརྒྱད་ཅན་གྱི་བསྟར་པ་གཉིས་ཡོད། གྲྭ་ཤག་བསྟར་པ་མདུན་ངོས་སུ་ཡོད་པ་ཁག་གཅིག་ནི་ཁྱམས་ར་དང་མཐུད་ཡོད་པར་མ་ཟད། ཡང་ཁག་གཅིག་འགྲོ་ལམ་དང་མཐུད་པ། རྒྱབ་ཀྱི་བསྟར་པའི་གྲྭ་ཤག་རྣམས་ལ་རྒྱབ་མདུན་གཉིས་ཀ་ནས་འཛུལ་སའི་སྒོ་མེད་པ་ནི་ཕལ་ཆེར་སྔར་ཡོད་པ་ཞིག་ཕྱིས་སུ་བཀག་པ་ཞིག་རེད་འདུག །དེ་མིན་ཁང་མིག་དེ་རྣམས་ཕལ་ཆེར་འབྲུ་ཡི་མཛོད་ཁང་དུ་སྤྱད་ནས་ཁང་པའི་ཡང་ཐོག་ནས་འཛུལ་ས་ཡོད་པའང་ཡིན་སྲིད། དགོན་པ་འདིའི་ནང་གཞན་ལྟར་ལྷ་ཁང་མེད་པ་ནི་མངོན་གསལ་འདོད་པོ་ཡིན་ཅིང་། དངོས་རྙིང་བསྡུ་རུབ་ལས་དགོན་པ་དེ་བཞིན་གུཔྟའི་དུས་རབས་ཙམ་ལ་དགོན་ཨང་བཞི་པ་དང་དུས་མཉམ་ཙམ་ལ་འཛུགས་སྐྲུན་ཞུས་པ་ཤེས་ཐུབ་པ་བཅས་སོ།།
༦) དགོན་པ་ཨང་དྲུག་པའི་བཟོ་བཀོད།
དགོན་པ་འདིའི་བཟོ་བཀོད་རྣམས་སྔར་གྱི་དགོན་པའི་གྱང་རོའི་སྟེང་དུ་ཕྱིས་སུ་འཛུགས་སྐྲུན་ཞུས་པ་གསལ་པོར་མཐོང་ཐུབ་ལ། འདིར་ཁྱམས་རའི་ནང་སོ་ཕག་གི་རྡོ་གཅལ་རིམ་པ་གཉིས་ཡོད་པ་དང་། མཐའ་སྐོར་དུ་གྲྭ་ཤག་དང་། དེ་ཡང་རྡོ་གཅལ་རིམ་པ་རེ་རེར་གྲྭ་ཤག་སོ་གཉིས་དང་། ལྷ་ཁང་། ཁྲོན་པ། ནུབ་ངོས་སུ་སྒོ་བཅས་ཡོད་ཅིང་། འོག་གི་ཁྱམས་རའི་ནང་ལྷ་ཁང་གཉིས་དང་སྟེང་དུ་ལྷ་ཁང་གཅིག་ལས་མེད། དམིགས་བསལ་གྱི་ཁྱད་ཆོས་ནི། དགོན་པ་འདིའི་ཁྱམས་ར་སྟེང་མར་ས་ཐབ་གཉིས་ཡོད་པ་དེ་ཡང་ཕལ་ཆེར་སྤྱི་པའི་ཞལ་ལག་བཟོ་ཆེད་བེད་སྤྱོད་བཏང་ཡོད་པའམ། ཡང་ན་དགེ་ཕྲུག་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་མིག་སྟོན་གསལ་བཤད་ཆེད་དུ་ཡིན་པར་སྣང་ངོ་།།
༧) དགོན་པ་ཨང་བདུན་པའི་བཟོ་བཀོད།
དགོན་པ་འདིར་སྔོག་འདོན་དེ་ལྟར་བྱས་པས་སྔར་གྱི་གྱང་རོ་ཡོད་སའི་ས་ཆ་འདི་རང་ལ་དགོན་པ་གསུམ་འཛུགས་སྐྲུན་རིམ་གྱིས་ཞུས་པ་ཁ་གསལ་གྱིས་ངོས་འཛིན་ཐུབ་ཅིང་། དབུས་ཀྱི་སྒོ་རའི་རྡོ་གཅལ་སྟེང་མ་གཉིས་ལ་ཨར་འདམ་གཏིང་ཡོད་ཀྱང་། སྔར་གྱི་དེ་ནི་སོ་ཕག་གི་རྡོ་གཅལ་ཡིན། འདིར་ལྷ་ཁང་དང་ས་ཐབ་ཡོད་ཅིང་། དགོན་པའི་སྒོ་ནི་ནུབ་ངོས་སུ་ཡོད་པ་དང་། སྐས་འཛེགས་ནི་ལྷོ་ནུབ་ཀྱི་ཟུར་དུ་ཡོད། ཁྱམས་ར་སོགས་གཞན་ལྟར་གཅིག་མཚུངས་ཡིན། འདིར་ཁྲོན་པ་རྙེད་མེད་ཀྱང་ཕལ་ཆེར་བྱང་ངོས་སུ་སྔོག་འདོན་མ་ཞུས་པའི་ས་ཆའི་ཆ་ཤས་ཤིག་གི་འོག་ཏུ་ལྷག་ཡོད་ངེས་སོ།།
༨) དགོན་པ་ཨང་བརྒྱད་པའི་བཟོ་བཀོད།
དགོན་པ་ཨང་བརྒྱད་པ་འདི་ཉིད་ནི། དགོན་པ་གཞན་རྣམས་དང་བཟོ་དབྱིབས་ཕྱོགས་མཚུངས་པར་ནུབ་ངོས་སུ་གཞུང་སྒོ་དང་། དབུས་ཀྱི་ཁྱམས་རའི་མཐའ་སྐོར་དུ་ཀ་ཕིབས་དང་གྲྭ་ཤག །ཁྲོན་པ། ཤར་ངོས་ཀྱི་དབུས་སུ་ལྷ་ཁང་སོགས་གཅིག་མཚུངས་བཞེངས་སྐྲུན་གནང་ཡོད། འོན་ཀྱང་དགོན་པ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཉིས་ཡོད་པ་ལས། དང་པོ་ནི། དབུས་སུ་ལྷ་ཁང་ཞལ་ནུབ་ངོས་སུ་ཕྱོགས་པ་མདུན་དུ་ཁྱམས་ར་ཡོད་པ་ཞིག་དང་། གཉིས་པ་ནི། ཤར་ལྷོའི་ཟུར་གྱི་ཁང་མིག་ཅིག་ཏུ་ཉར་ཚགས་ཞུས་པའི་གདོད་མའི་སྒོའི་ཡ་ཐེམ་ཞིག་ཡོད་ལ། སྒོའི་ཡ་ཐེམ་དམིགས་བསལ་ཅན་འདི་ནི་དཔལ་ནཱ་ལེནྡྲ་གཅིག་པུར་ཉར་ཚགས་ཞུས་པའི་ཐུན་མོང་མ་ཡིན་པ་ཞིག་ཡིན། སྔར་གྱི་ཤིང་སྒོའི་ཡ་ཐེམ་རྣམས་ཡུན་རིང་ཉར་ཚགས་ཐུབ་ཆེད་དུ་དེང་དུས་ཨར་འདམ་གྱིས་བརྗེ་ལེན་ཞུས་པ་མཇལ་རྒྱུ་ཡོད། དགོན་པ་ཨང་བརྒྱད་པ་འདིར་བཙན་འཛུལ་རིམ་པ་གཉིས་བྱུང་ཡོད་པ་ཤེས་ཐུབ་བོ།།
༩) དགོན་པ་ཨང་དགུ་པའི་བཟོ་བཀོད།
དགོན་པ་འདི་ནི་དགོན་པ་གཞན་ལྟར་ཆེ་ཆུང་གཅིག་པ་ཡིན་ལ། གྲྭ་ཤག་སོ་བཞི་ཡོད་ཅིང་། སྒོ་རའི་ནང་དུ་ཁྲོན་པ་དང་ས་ཐབ་དྲུག །གཞན་ཡང་ཤར་ནུབ་ཀྱི་ཟུར་དུ་ཆུ་འགྲོ་བཅས་ཡོད། ཤར་ངོས་ཀྱི་དབུས་སུ་ལྷ་ཁང་དང་ནུབ་ཏུ་སྒོ། ལྷོ་ནུབ་ཀྱི་ཟུར་དུ་སྐས་འཛེགས། དགོན་པ་ཨང་བཞི་པ་ལྟར་ཐེམ་སྐས་ཀྱི་འགྲམ་དུ་ཉི་འོད་འཕྲོ་ས་ཡོད་པ་ནི་དགོན་པ་སྤྱིའི་བཟོ་དབྱིབས་ལྟར་ཡིན། ཁང་མིག་གཅིག་ནི་ནུབ་ཀྱི་ཁྱམས་རའི་བྱང་གི་མཐའ་བཀག་ནས་བརྒྱབ་ཡོད་ཅིང་། འབུར་གཟུགས་ཀྱི་སྒོ་ནི་ཕྱིས་སུ་གསར་སྐྲུན་ཞུས་པ་ཞིག་རེད་འདུག།
༡༠) དགོན་པ་ཨང་བཅུ་པའི་བཟོ་བཀོད།
དགོན་པ་འདི་ཉིད་ནི་དགོན་པ་གཞན་ལྟར་ཆེ་ཆུང་དང་འཆར་འགོད་ཀྱི་ཐད་ནས་ནུབ་ངོས་སུ་སྒོ་དང་། དབུས་སུ་སྒོ་ར། ལྷ་ཁང་། ཁྱམས་ར། གྲྭ་ཤག །སྐས་འཛེགས་སོགས་གཅིག་མཚུངས་སུ་ཡོད། འོན་ཀྱང་དམིགས་བསལ་གྱི་བཟོ་བཀོད་འགའ་ཞིག་ཡོད་པ་རྣམས་ངོ་སྤྲོད་ཞུ་དགོས་ངེས་སུ་མཐོང་བ་སྟེ། དང་པོ་ནི་ནུབ་ཏུ་ཡོད་པའི་གཞུ་དབྱིབས་ཅན་གྱི་སྒོ་དང་། གཉིས་པ་ནི་དགོན་པ་འདིར་ཤར་ངོས་སུ་ལྟག་སྒོ་ཡོད་པ་ཕྱིས་སུ་བཀག་ཟིན་པ་དེ་དང་། གསུམ་པ་ནི་ནུབ་ཕྱོགས་ཀྱི་ཁང་མིག་བདུན་བཀག་པའི་ཀ་བའི་ཚབ་ཏུ་གྱང་རྩིག་ཧ་ཅང་ཆེན་པོ་ཞིག་ཡོད་པ་འདི་དག་ཡིན་ལ། ཁང་མིག་བདུན་པོ་འདི་དག་ནི་རྣམ་པ་དམིགས་བསལ་ཞིག་ཡོད་པ་དང་། ཕལ་ཆེར་དགོས་པ་མི་འདྲ་བ་ཞིག་གི་ཆེད་ཡིན་པར་སྣང་ཞིང་། བྱང་ཤར་ཟུར་གྱི་སྒོ་རར་ཡང་ཀ་བའི་ཚབ་ཏུ་གྱང་རྩིག་ཆེན་པོ་གཅིག་མཚུངས་ཤིག་ཡོད། དགོན་པ་འདིར་བཟོ་སྐྲུན་གྱི་འཕེལ་རིམ་གཉིས་ཙམ་བྱུང་ཡོད་པ་བཅས་སོ།།
༡༡) དགོན་པ་ཨང་བཅུ་གཅིག་པའི་བཟོ་བཀོད།
དགོན་པ་འདི་ནི་དགོན་པ་གཞན་གྱི་འཆར་འགོད་སྤྱི་དང་མཐུན་པར་འདིར་ཡང་ཁྱམས་ར་དང་། གྲྭ་ཤག་གྲངས་སོ་གཅིག །ཉི་འོད་འཕྲོ་ས། ལྷོ་ནུབ་ཀྱི་ཟུར་དུ་སྐས་འཛེགས། ཤར་གྱི་དབུས་སུ་ལྷ་ཁང་། ནུབ་ཏུ་སྒོ་བཅས་ཡོད་ལ། ཀ་ཕིབས་ཀྱི་རྡོ་ཡི་ཀ་བའི་དུམ་བུ་དེ་བཞིན་སྔར་གྱི་ས་གནས་རང་དུ་ཡོད་པ་ནི་ཐུགས་སྣང་དགོས་ངེས་ཤིག་དང་། ཀ་ཕིབས་ཀྱི་མཐོ་ཚད་ནི་མི་ཊར་གཉིས་ལྷག་ཙམ་ལས་མེད་པར་སྐས་འཛེགས་འགྲམ་གྱི་རྩིག་པར་གདུང་མའི་ཨི་ཁུང་ཡོད་པ་ལས་ཤེས་ཐུབ། ཁྱམས་རའི་ནང་གི་ཁྲོན་པ་རྙེད་མེད་ཅིང་། ལྷ་ཁང་གི་མཐར་སྐོར་བར་འགྲོ་སའི་རྐང་ལམ་ཡོད་པ་བཅས་སོ།།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] རྟོག་གེ་སྡེ་ལྔ་ལས་གསུམ་པ་གཅེར་བུ་པའི་གྲུབ་མཐའི་མིང་གི་རྣམ་གྲངས་ཡིན་ལ། གཅེར་བུ་པའི་སྟོན་པ་རྒྱལ་བ་དམ་པའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་རྒྱལ་བ་པ་ཞེས་བརྗོད་པ་སྟེ། དུང་དཀར་ཚིག་མཛོད་ཆེན་མོ་ལས། སྔར་རྒྱ་གར་གྱི་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་ཞིག་སྟེ། འདོམས་དཀྲིས་ཙམ་ཡང་མེད་པས་ན་གཅེར་བུ་བའོ། །མིང་གི་རྣམ་གྲངས་ལ་དྲང་སྲོང་མཆོད་འོས་སྟོན་པར་འཛིན་པས་ན་མཆོད་འོས་པ་དང་། རྒྱལ་བ་དམ་པའི་རྗེས་སུ་འབྲངས་པས་ན་རྒྱལ་བ་པ་དང་། རང་གི་སྐྲ་ཉིན་རེ་བཞིན་ཟད་པར་ཕྱིས་པས་ཐར་པ་ཐོབ་པར་འདོད་པའམ་དཀའ་ཐུབ་ཀྱིས་སྡིག་པ་ཟད་པར་བྱེད་པས་ན་ཟད་བྱེད་པ་དང་། ཕྱོགས་དང་མཁའ་ལས་གོས་གཞན་མེད་པས་ན་ཕྱོགས་ཀྱི་གོས་ཅན་དང་མཁའ་ཡི་གོས་ཅན་ཞེས་པ་དང་། ཕྱོགས་སུ་ལྡོམ་བུ་བྱེད་པས་ན་ཀུན་ཏུ་རྒྱུ་ཞེས་པ་དང་། སྲོག་བདག་ཏུ་སྨྲ་བས་སམ་ཡང་ན་ལུས་འཚོ་བ་ཙམ་ལས་ཡོ་བྱད་ལ་སོགས་པའི་དངོས་པོ་གང་ཡང་མི་འཛིན་པས་ན་འཚོ་བ་པ་ཞེས་པ་དང་། ངོ་ཚར་མི་འཛེམ་པས་ན་འཛེམ་མེད་པ་དང་ཐལ་བ་པ་ཞེས་པ་ཡིན། དེང་སང་རྒྱ་གར་གྱི་ནང་རྗེན་ཞེས་ཟེར་བའི་ཆོས་ལུགས་དེ་ཡིན་ཅིང་། ད་ལྟའང་ཆོས་ལུགས་འདི་བྱེད་མཁན་མང་པོ་ཡོད་ལ། ཕྱིས་སུ་ལུས་གཅེར་བུར་མི་འདུག་པར་གོས་དཀར་པོ་གཅིག་གྱོན་གྱི་ཡོད། ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའི་ནང་ནས་གཅེར་བུ་བ་འདི་ཁོ་ན་འཚེ་མེད་ཞི་བའི་ལམ་ནས་རང་གི་ཐར་པ་མངོན་དུ་བྱེད་པ་ལས། གཞན་རྣམས་ནི་འཚེ་བར་སྤྱོད་པའི་མཆོད་སྦྱིན་གྱི་ལུགས་འཛིན་པ་ཡིན་ཞེས་གསུངས་སོ།།
[2] ལེགས་སྦྱར་གྱི་སཱུ་ཝི་ཤ་ནུ་ཞེས་པ་བོད་སྐད་དུ་སྣ་ཚོགས་བཟང་པོའམ། ཁྱབ་འཇུག་ལེགས་པ་ཟེར་བ་མིན་ནམ་སྙམ། རྣམ་ཐར་སོགས་མ་རྙེད་དོ།།
[3] https://www.turbosquid.com/3d-models/3d-nalanda-buddhist-pagoda
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༣༠༥ ནས་ ༣༡༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།