ཕ༽ ཆོས་ཀྱི་གྲགས་པའི་རྗེས་འཇུག་གི་སློབ་མ།
དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་སརྒ་བཞི་པ་ལས[1]།
དེ་ཡི་ལམ་སྲོལ་ཚད་མ་རིག་པའི་གཞུང་། །
རྣམ་དཔྱོད་གསལ་ལྡན་སྐྱེས་བུ་བགྲང་ཡས་ལ། །
ཡོངས་སུ་སྤེལ་མཛད་ཆོས་ཀྱི་གྲགས་པའི་ཞབས། །
རྗེས་འབྲང་[2]བཅས་ལ་རྟག་པར་ཕྱག་བགྱིའོ། །
ཞེས་བསྔགས་པ་ལྟར་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[3]། བོད་དག་གིས་ཆོས་གྲགས་ཀྱིས་རྒྱལ་རྔ་ལན་བཅུ་བདུན་བརྡུངས་ཟེར་ཡང་ནང་པ་ལ་ངའི་སྲོལ་ཆེར་མ་དར་ཞིང་བྲམ་ཟེ་བདེ་བྱེད་དགའ་བ་ ༼འཕྱིས་པས་མིན།༽ དང་ཛ་མ་རི་དང་རྒྱན་མཁན་པོ་དེའི་དངོས་སློབ་ཏུ་འདོད་ཀྱང་ཐེ་ཚོམ་མོ། །ཞེས་ཀྱང་བྱུང་ལ། དེ་བཞིན་འབྲི་གུང་ཆེ་ཚང་དཀོན་མཆོག་རིན་ཆེན་ (1590-1654) གྱིས་མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རྨད་བྱུང་བློ་གྲོས་ཀྱི་གཏེར་མཛོད་ལས།[4]
ཆོས་ཀྱི་རྔ་ཆེན་གང་ཞིག་བརྡུང་བའི་ཚེ། །
འགྲོ་ཚོགས་མ་རིག་གཉིད་ལས་སློང་བྱེད་ཅིང་། །
ཕས་རྒོལ་རི་དྭགས་ཚོགས་རྣམས་བྱེར་བྱེད་པའི། །
གྲགས་པས་སྲིད་གསུམ་འགེངས་ཁྱེད་ལ་ཕྱག་འཚལ། །
ཞེས་གསུངས་པ་ལྟར་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། ཁ་ཅིག་ཛ་མཱ་རི་ཆོས་གྲགས་ཀྱི་དངོས་སློབ་ཡིན་ཟེར་བ་དང༌། རྒྱན་མཁན་པོ་དངོས་སློབ་ཡིན་པར་འདོད་པ་དང༌། སྤུར་ལ་ལུང་བླངས་པར་འདོད་པ་སོགས་དུས་མི་འགྲིག་པའི་ཅལ་ཅོལ་ཡིན་ཅིང༌། ཡང་ཆོས་ཀྱི་གྲགས་པས་རྒྱལ་རྔ་ལན་བཅུ་བདུན་བརྡུངས་ཟེར་ཡང་ནང་པའི་སྡོམ་བརྩོན་རྒྱལ་རྔ་བརྡུང་བའི་སྲོལ་མེད་ཅིང༌། གཅེར་བུ་པ་མདུང་ཅན་བྱ་བ་བྱུང་ནས་སུ་ཕམ་པ་མདུང་འདིས་གསོད་དོ་ཟེར་ནས་རྩོད་དུ་བྱུང་ལ། ཆོས་གྲགས་ཀྱིས་མ་བརྩད་པར་ལྷ་དབང་བློས་ཕམ་པར་བྱས་ཟེར་ཡང་གཅེར་བུ་པ་རང་གི་གྲུབ་མཐའ་དང་འགལ་བའི་སྤྱོད་པས་རྒོལ་བ་འཇོམས་པར་འདོད་པ་འོས་མ་ཡིན་ཅིང༌། མཁས་པ་ལ་ཡེ་མ་གྲགས་པའི་གཏམ་རྒྱུད་ཀྱི་བརྗོད་པས་ཕོངས་ཏེ་སྨྲས་པ་ལ་སྙིང་པོ་མེད་དོ། །དེ་ལྟར་ན་རྒྱན་དྲུག་པོ་དེ་དག་ལས། ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་ཡིན་ལ། འཕགས་པ་ལྷ། དབྱིག་གཉེན། ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་བྱེད་ཡིན་ནོ། །དེ་རྣམས་སོ་སོའི་དུས་སྐབས་ལ་ལྟོས་ཏེ། བསྟན་པ་གསལ་བར་བྱེད་པའི་མཛད་པ་མཉམ་པས་རྒྱན་དྲུག་ཅེས་གྲགས་སོ། །བྲམ་ཟེ་བདེ་བྱེད་དགའ་བ་[6]ནི་དུས་ཕྱིས་བྱུང་བ་ཡིན་པས་ཆོས་གྲགས་ཀྱི་དངོས་སློབ་ཏུ་འཆད་པ་ཤིན་ཏུ་འཁྲུལ་ལོ། །དེའི་ཚེ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ནི། སློབ་དཔོན་ཆེན་པོ་ལྭ་ཝ་པ་དང༌། ཨིནྡྲ་བྷུ་ཏི་བར་པ་དང༌། ཀུ་ཀུ་རཱ་ཛ་དང༌། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང༌། ལ་ལི་ཏ་བཛྲ་རྣམས་འོལ་སྤྱི་ཙམ་དུ་དུས་མཉམ་མོ། །ཞེས་གསུངས་སོ།།
དེ་བཞིན་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[7]།
ཤིན་ཏུ་ཞི་བ་ཆོས་ཉིད་ཟབ་མོའི་དབྱིངས། །
སྒྱུ་མའི་ཡེ་ཤེས་དག་པའི་རོལ་མོ་རུ། །
སྣང་བའི་ཟློས་གར་ཞིང་ཁམས་མི་མཇེད་དུ། །
སྒྱུར་མཛད་ཤིང་རྟ་ཆེན་པོ་ཆོས་གྲགས་ཞབས། །
ཞེས་ཀྱང་གསུངས་པ་ལྟར། ཤིང་རྟ་ཆེན་པོ་དཔལ་ལྡན་ཆོས་གྲགས་ཀྱི་རྗེས་འཇུག་སློབ་མ་རྣམས་དུས་རབས་གང་དག་ཏུ་བྱོན་མིན་ནི། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་དེབ་སྔོན་གསར་མ་ལས[8]། ཡང་མཁས་པ་ཝི་དྱ་བྷུ་ས་ནའི་རྒྱ་གར་ཚད་མ་རིག་པའི་ལོ་རྒྱུས་[9] སུ་སློབ་དཔོན་ཆོས་གྲགས་རྗེས་རོལ་དུ་བྱོན་པའི་རྗེས་འཇུག་སློབ་བརྒྱུད་རྣམས་ཀྱི་དུས་རབས་གཤམ་གསལ་ལྟར་བཀོད་འདུག །ལྷ་དབང་བློ་ (Devendrabudhhi 650) ཤཱཀྱ་བློ་ (Sakyabudhhi 675) དུལ་བ་ལྷ་ (Vibitadeva 700) ཉི་མ་སྦས་པ་ (Ravigupta 725) རྒྱལ་དབང་བློ་ (Jinendrabodhi 725) ཞི་བ་འཚོ་ (Santaraksita 749) པདྨའི་ངང་ཚུལ་ (Kamalasila 750) ཀ་ལ་ཡཱ་ན་རཀྵི་ཏ་ (Kalyanaraksita 829) ཆོས་མཆོག་ (Dharmottara 847) མུཀྟཱ་ཀུམྦྷ་ (Muktakumdha 900) ཨརྩ་ཊ་ (Arcata 900) མྱ་ངན་མེད་པ་ (Asoka 900) ཙནྡྲ་གོ་མིན་ (Candragomin 925) ཤེས་རབ་འབྱུང་གནས་སྦས་པ་ (Prajnakaragupta 940) དགྲ་ལས་རྒྱལ་བ་ (Jitari 940-980) རྒྱལ་བ་ (Jina) རིན་ཆེན་གྲགས་པ་ (Ratnakirti 940-1100) ར??????????????? ིན་ཆེན་རྡོ་རྗེ་ (Ratnavajra 979-1040) རྒྱལ་བའི་བཤེས་གཉེན་དཔལ། (Jinamitra 1025) སྦྱིན་པའི་ངང་ཚུལ་ (Danasila 1025) ཡེ་ཤེས་བཤེས་གཉེན་དཔལ་ (Jnanasrimitra 1040) ཡེ་ཤེས་བཟང་པོ་དཔལ་ (Jnanasribhadra 1050) རིན་ཆེན་འབྱུང་གནས་ཞི་བ་ (Ratnakarasanti 1040) ཡ་མཱ་རི་ (Yamari 1050) བདེ་བྱེད་དགའ་བ་ (Sankarananda 1050) ཤུ་བྷ་ཀ་རུ་གུཔྟ། (Subhakaragupta 1080) ཐར་པའི་འབྱུང་གནས་སྦས་པ་ [10](Moksakaragupta 1100) བཅས་གསལ་ཞིང་། དུས་རབས་ལ་ད་དུང་བརྟག་དཔྱད་བྱེད་དགོས་འདུག་ཀྱང་རེ་ཞིག་དེར་བཞག །ཅེས་གསལ་ལོ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] ཨ་མྱེས་ཞབས་བཀའ་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་། ཤོག་གྲངས་ ༡༨ན༦
[2] ལྷ་ཤཱཀ །རྒྱ་ནག་མཁན་པོ། ཆོས་མཆོག ཤཾ་ཀརྣནྟ། ཨ་ཙ་ཌ། ཉི་སྦས། ཡ་མ་རི། རྒྱལ་བ་ཅན་སོགས་སོ།།
[3] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༢༠༡
[4] འབྲི་གུང་བཀའ་བརྒྱུད་ཆོས་མཛོད། ༼ཇེ༽ དཔེ་རིང་། ཤོག་གྲངས་ ༣༠བ༢ ནས་ ༣༡བ༣ བར།
[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༢༧
[6] བྲམ་ཟེ་བདེ་བྱེད་དགའ་བའམ་བྲམ་ཟེ་ཤཾ་ཀ་རཱ་ནནྟ་ནི། བྲམ་ཟེའི་རིགས་སུ་སྐུ་འཁྲུངས། དེ་ཡང་དུས་རབས་ ༡༡ པའི་ནང་དུ་བྱོན་སྙམ། བརྩམས་ཆོས་ནི་འབྲེལ་པ་བརྟག་པའི་རྗེས་སུ་འབྲང་བ་སོགས་བསྟན་བཅོས་དུ་མ་བཞུགས་སོ།།
[7] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༡༥༢
[8] དེབ་སྔོན་གསར་མ། ཉིན་བོད་ནང་རིག་དེབ་གྲངས་ X གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་ ༢༧༩
[9] Satis Chandra Vidyabhusana: A History of Indian Logic, Reprint, Delhi, 1971, pp. 319-347.
[10] སློབ་དཔོན་ཐར་པའི་འབྱུང་གནས་སྦས་པ་ནི། དུས་རབས་ ༡༡ པའི་ནང་དུ་སྐུ་འཁྲུངས་སྙམ། ཛ་གཏྟ་ལའི་གཙུག་ལག་ཁང་ཆེན་པོའི་མཁས་པ་ཆེན་པོར་གྱུར་ཏེ་རྟོག་གེའི་སྐད་དང་སོགས་བརྩམས་སོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༧ ནས་ ༤༢༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།