ལྔ། མཐའ་མར་དགེ་བ་བསྔོ་བ།
དེ་ཡང་བཀའ་གདམས་པའི་དགེ་བཤེས་འཆད་ཁ་བ་ཡེ་ཤེས་རྡོ་རྗེས་ (1101-1175) མཛད་པའི་བློ་སྦྱོང་དོན་བདུན་མའི་རྩ་བ་ལས[1]།
ཐོག་མཐའ་གཉིས་ལ་བྱ་བ་གཉིས། །གཉིས་པོ་གང་བྱུང་བཟོད་པར་བྱ། །
ཞེས་གསུངས་པ་ལྟར། ཐོག་མའི་བྱ་བ་ཀུན་སློང་བཅོས་པ་དང་། ཐ་མའི་བྱ་བ་དགེ་བ་བསྔོ་བ་གཉིས་ནི་གལ་ཆེར་གསུངས་པ་ལྟར། མཐའ་མར་དགེ་བ་བསྔོ་བ་ནི།
ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཏེ། སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་ཁྱད་པར་འཕགས་བསྟོད་ལས[2]།
བསོད་ནམས་བྱས་པའི་ཚོགས་དག་ནི། །
སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །
བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །
དེ་གཞན་བསྟན་བཅོས་ལས་མ་བཤད། །
ཅེས་གསུངས་པས། བསྔོ་བའི་ཐབས་ཁྱད་པར་ཅན་འདི་སངས་རྒྱས་ཀྱི་གསུང་ལས་གཞན་སེར་སྐྱ་དང༌། གཟེགས་ཟན་ལ་སོགས་པའི་མུ་སྟེགས་པའི་གཞུང་དུ་མ་གྲགས་ལ་ཆ་ཙམ་ཡང་མེད་པས། དགེ་བ་བྱས་ཤིང་བསགས་པ་ཐམས་ཅད་གཞན་དོན་དུ་བསྔོ་བ་སྤྱིར་ནང་པ་སངས་རྒྱས་པ་ཐམས་ཅད་དང༌། བྱེ་བྲག་ཐེག་པ་ཆེན་པོའི་ཁྱད་ཆོས་བླ་ན་མེད་པ་ཡིན་པ་ནི། ཨ་ལགས་དམུ་དགེ་བསམ་གཏན་རྒྱ་མཚོས་ (1914-1993) མཛད་པའི་ཉམས་ལེན་བྱ་ཚུལ་རང་བློའི་བཅུད་ཐིགས་ལས[3]། བསྔོ་སྨོན་གྱི་སྟོབས་ནི། མཇུག་ཏུ་བསྔོ་སྨོན་རྣམ་དག་བྱེད་པ། ཐོག་མཐའ་གཉིས་ལ་བྱ་བ་གཉིས། །གསུངས་པ་དེ། འཕེན་པའི་སྟོབས་དང་བསྔོ་སྨོན་གྱི་སྟོབས་ལ་ཟེར། ཐོག་མའི་བྱ་བ་འཕེན་པའི་སྟོབས་གལ་ཆེ་སྟེ། དཔེར་ན་མདའ་འཕེན་པའི་ཚེ་ཐོག་མར་ཤུགས་བསྐྱེད་ན། དེ་ནས་འབེན་ལ་ཐུག་གི་བར་དུ་རང་ཤུགས་ཀྱིས་འགྲོ་བ་དང་འདྲ། མཇུག་གི་བྱ་བ་བྱང་ཆུབ་ཏུ་བསྔོ་བ་གལ་ཆེ་སྟེ། འབྲས་བུ་དམན་པར་མི་སྨིན་པ་གལ་ཆེ། ཞེས་གསུངས་པ་ལྟར། བརྩམས་པའི་དགེ་བ་རྣམས་བསྟན་འགྲོར་བསྔོ་བ་སྟེ། དེ་ཡང་ཇི་སྐད་དུ་མདོ་ལས[4]།
ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེར་ལྷུང་བ། །
རྒྱ་མཚོ་མ་སྐམས་བར་དུ་དེ་མི་འཛད། །
དེ་བཞིན་བྱང་ཆུབ་རྒྱུར་བསྔོས་དགེ་བ་ཡང་། །
བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །
ཅེས་དང་། དེ་བཞིན་ཕར་ཕྱིན་བསྡུས་པ་ལས[5]།
རྒྱ་མཚོ་ཆེན་པོར་ཆུ་ཐིགས་གཅིག་བོར་བ། །
རྒྱ་མཚོ་མ་ཟད་དུས་སུ་ཟད་མི་འགྱུར། །
དེ་བཞིན་བྱང་ཆུབ་མཆོག་ཏུ་བསྔོས་པ་ཡི། །
བསོད་ནམས་རྣམ་པ་ཟད་པར་འགྱུར་བ་མེད། །
ཅེས་དང་། བརྒྱད་སྟོང་པའི་དཀའ་འགྲེལ་ལས་[6]ཀྱང་།
བྱང་ཆུབ་བསྔོས་པའི་དགེ་བ་ནི། །བྱང་ཆུབ་བར་དུ་ཟད་པ་མེད། །
རྒྱ་མཚོར་ཆུ་ཐིགས་གཏོར་བ་ཡང་། །འཇིག་པའི་བསྐལ་པར་གནས་པ་བཞིན། །
ཞེས་རྒྱལ་བའི་བཀའ་འགྱུར་དང་། དགོངས་འགྲེལ་གྱི་བསྟན་འགྱུར། ཡང་འགྲེལ་གྱི་གསུང་འབུམ་དག་ལས་མང་དུ་བྱུང་བ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ལས[7]།
དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །
བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །
ཅེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཞལ་འདོན་ཕྱོགས་བསྡུས་ཐར་ལམ་བགྲོད་པའི་ཐེམ་སྐས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ ལོ། ཤོག་ ༡༩༨
[2] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ༢༠༠༨ ལོ། ཤོག་གྲངས་ ༩
[3] ཉམས་ལེན་བྱ་ཚུལ་རང་བློའི་བཅུད་ཐིགས། ༼༦༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་ ༤༧༩
[4] ལུང་འདིའི་ཁུངས་གང་ཡིན་ཐད་ལ། རྗེ་ཙོང་ཁ་པ་ཆེན་པོས། མདོ་ལས། ཞེས་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེས། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཞེས་དང་། འཇིགས་མེད་གླིང་པ་དང་། དཔའ་བོ་གཙུག་ལག་ཕྲེང་བས། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། ཞེས་སོགས་འབྱུང་ཁུངས་ལ་བཞེད་པ་མང་དུ་སྣང་ཡང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོར་ཚིགས་བཅད་འདི་ཉིད་མ་མཇལ་ལ། བློ་གྲོས་མི་ཟད་པས་བསྟན་པའི་མདོར། བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ་དཔེར་ན། ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྟུང་བ་ནི་བསྐལ་པས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། གཏུགས་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། གཏུགས་པར་འགྱུར་བ་གང་ཡང་མེད་དོ། །ཞེས་ཚིག་ལྷུག་ཏུ་བཞུགས་ཡོད་པ་ལས། ཚིགས་བཅད་འདི་རང་མི་གསལ་ལོ།།
[5] སྡེ་དགེ་བསྟན་འགྱུར། པོད་ ༡༡༡ པ། དབུ་མ། ༼ཁི༽ ཤོག་གྲངས་ ༢༢༧ན༤
[6] སྡེ་དགེ་བསྟན་འགྱུར། པོད་ ༨༩ པ། ཤེར་ཕྱིན། ༼ཐ༽ ཤོག་གྲངས་ ༤༡ན༣
[7] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༥༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༣ ནས་ ༦༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།