བཀའ་བསྟན་གྱི་འགྱུར་བྱང་ཁག་ལས་གསལ་བའི་བསྟན་པ་སྔ་དར་གྱི་ལོ་ཙཱ་བའི་སྡེ།

བཀའ་བསྟན་གྱི་འགྱུར་བྱང་ཁག་ལས་གསལ་བའི་བསྟན་པ་སྔ་དར་གྱི་ལོ་ཙཱ་བའི་སྡེ།

ཡུལ་ཤུལ་ཚེ་དབང་བཀྲ་ཤིས།

 

མཁས་དབང་དགེ་ཆོས་ཀྱི་གསུང་ཤིག་ལས། ད་ལྟ་ང་ཚོས་གདན་གྲུ་བཞི་ཁ་གང་མ་ཞིག་གི་སྟེང་ནས་ལྷོད་ཤིག་གེར་གཞུང་ལུགས་རྒྱ་ཆེན་པོ་མཇལ་དུ་ཡོད་པ་འདི་སྔོན་གྱི་ལོ་པཎ་རྣམས་ཀྱི་བཀའ་དྲིན་ཡིན། ཞེས་འབྱུང་ལ། གསུང་དེའི་ཚིག་རིས་ཇི་བཞིན་མ་འཁྱོང་མོད། ནང་དོན་དེ་འདྲ་ཞིག་ནི་གསུངས་ཡོད། གསུངས་པ་དེ་ནི་ཐུགས་ཧ་ཅང་ཡང་དག་པས། འདིར་ཡང་གཅིག་ནས་སྔོན་བྱོན་ལོ་ཙཱ་བའི་བཀའ་དྲིན་རྗེས་དྲན་དང་།

གཉིས་ནས་སྔོན་བྱོན་ལོ་ཙཱ་བའི་སྡེ་ལ་ཤེས་རྟོགས་ཅུང་ཟད་ཐོབ་ཕྱིར་ལོ་ཙཱ་བའི་སྐོར་གྱི་གཞི་གྲངས་ཀྱི་ཟིན་བྲིས་ཤིག་བཀོད་པ་ལགས།

ད་ལྟའི་བཀའ་འགྱུར་དང་བསྟན་འགྱུར་གྱི་འགྱུར་བྱང་ལས་མཚན་དངོས་སུ་གསལ་བའི་ལོ་ཙཱ་བ་ ༢༨༥ འབྱུང་བ་ལས། ༤༧ ནི་བསྟན་པ་སྔ་དར་གྱི་ལོ་ཙཱ་བ་རེད་འདུག་ཅིང་། དེའི་ནང་རྒྱའི་ཧྭ་ཤང་བཞི་བཞུགས་པ་ལས་གཞན་ཀུན་བོད་རིགས་ཀྱི་ལོ་ཙཱ་བ་ཡིན། སྔ་དར་གྱི་ལོ་ཙཱ་བ་དེ་དག་རེ་རེ་བཞིན་གྱི་མཚན་དང་འགྱུར་གཞུང་གི་གྲངས་ཀ་ཞིབ་ཏུ་བཀོད་ན་འོག་ནས་འབྱུང་བ་ལྟར་ཡིན་ལ། འགྱུར་གཞུང་ལ་ལ་ནི་གཞུང་ཧ་ཅང་ཆེ་སྟེ་རྒྱས་པ་འབུམ་ལྟ་བུ་ཡིན་ལ། ལ་ལ་ནི་སྡེབ་ངོས་གཅིག་ཙམ་རེའང་སྣང་ངོ་།།

1 བནྡེ་ཡེ་ཤེས་སྡེ། སྣ་ནམ་ཡེ་ཤེས་སྡེ། ཞང་ཡེ་ཤེས་སྡེ། སྣ་ནམ་ནི་བཙན་པོ་ཁྲི་སྲོང་གི་ཞང་རུས་ཡིན་པས་སྣ་ནམ་ཡེ་ཤེས་སྡེ་ལ་ཞང་ཡེ་ཤེས་སྡེ་ཞེས་ཀྱང་བྱ། ད་ལྟའི་བཀའ་བསྟན་ནང་དུ་སྣ་ནམ་ཡེ་ཤེས་སྡེ་དང་། ཞང་ཡེ་ཤེས་སྡེ་ཡི་འགྱུར་བྱང་ཅན་གཞུང་འགའ་ཤས་ལས་མི་མངོན། བནྡེ་ཡེ་ཤེས་སྡེ་ཡི་འགྱུར་བྱང་ཅན་ནི་ཆོས་ཚན་སུམ་བརྒྱ་དྲུག་ཅུ་ནང་བཞུགས། སྣ་ནམ་ཞང་ཡེ་ཤེས་སྡེ་ནི་པ་གོར་བཻ་རོ་ཙ་ན་མ་ཡིན་པ་རུས་རྒྱུད་ལས་ཤེས་ལ། འགའ་རེས་བནྡེ་ཡེ་ཤེས་སྡེ་ནི་པ་གོར་བཻ་རོ་ཙ་ན་ཡིན་པར་བྱེད་མོད་རྒྱུ་མཚན་གསལ་པོ་མ་མཐོང་བས་འདིར་སྣ་ནམ་ཡེ་ཤེས་སྡེ་དང་གཅིག་ཏུ་བྱས་ཤིང་། འཕང་ཐང་མའི་ཤོག་དྲིལ་རྙིང་པའི་ངོས་ཀྱི་དབུ་ལྷའི་གྲལ་དུ་ཡང་དཔའ་འཁོར་བཻ་རོ་ཙ་ན། ཞེས་དང་། ཞུ་ཆེན་གྱི་ལོ་ཚ་བ་ཆེན་པོ་བན་དྷེ་ཡེ་ཤེས་སྡེ། ཞེས་མི་སྣ་སོ་སོར་བཀོད་ཡོད་འདུག་ལ། ཕྱི་དར་གྱི་ཡིག་ཆ་གཞན་དགའ་ལས་ཀྱང་མི་སྣ་སོ་སོ་ཡིན་པར་གསལ་ལོ། །གང་ལྟར་སྒྲ་སྦྱོར་བམ་གཉིས་ལས། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙ་ན་སེ་ན་ཞེས་གསལ་བ་དེ་ཉིད་ཡིན། ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་ལྟར་ན་ཁོང་གིས་ཛི་ན་མི་ཏྲ་སོགས་པཎྜི་ཏ་བཅུ་བདུན་དང་མཉམ་འབྲེལ་གྱིས་བཀའ་བསྟན་གྱི་ལོ་ཙཱ་གནང་འདུག །འགྱུར་གཞུང་གྲངས། བཀའ། ༢༩༤ བསྟན། ༦༦

2 བནྡེ་དཔལ་བརྩེགས། སྐ་བ་དཔལ་བརྩེགས་ཏེ་ཉང་རལ་ཆོས་འབྱུང་ལས་རུས་འབྲོ་ཡིན་པར་གསུང་མོད་སྐ་བ་དེ་རུས་ཡིན་པ་འདྲ། ཁྲི་ལྡེ་སྲོང་བཙན་གྱི་དམ་ཆོས་མི་གཞིག་པའི་མནའ་གཙིགས་ཡི་གེ་ལས། སྐ་བ་བློན་མཚོ་ལོད། ཅེས་སྐ་བའི་རུས་ཅན་གྱི་བློན་པོ་ཡང་བྱུང་། གང་ལྟར་དཀར་ཆག་ལྷན་དཀར་མ་དང་འཕང་ཐང་མ་ལས། སྒྲ་སྒྱུར་གྱི་བནྡེ་དཔལ་བརྩེགས། ཞེས་འབྱུང་བ་དེའོ། །འགྱུར་གཞུང་གྲངས། བཀའ། ༢༩ བསྟན། ༦༢ 3 ཅོག་རོ་ཀླུའི་རྒྱལ་མཚན། འགྱུར་གཞུང་གྲངས། བཀའ། ༡༠ བསྟན། ༡༥ སྐ་ཅོག་ཞང་གསུམ་ནི་ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་ལྟར་ན་འགྱུར་གཞུང་ཆེས་མང་བའི་ལོ་ཙཱ་བ་གསུམ་དེ་ཡིན་ལ། ཁྲི་སྲོང་སྐབས་ཀྱི་ལོ་ཙཱ་བ་རབ་དགུ་ལས་གཞོན་པ་གསུམ་ཡིན་པར་ཡང་བཤད་སྲོལ་ཡོད། 4 གཉགས་ཛྙཱ་ན། ཛྙཱ་ན་ཀུ་མ་ར། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༡༡

5 ཀླུའི་དབང་པོ། འཁོན་ཀླུ་ཡི་དབང་པོ་ཡིན་པ་འདྲ་སྟེ། དཀར་ཆག་ལྷན་དཀར་མ་ལས། བནྡེ་ཀླུའི་དབང་པོ་ཞེས་གསལ་བ་དེ་ཡིན། འགྱུར་གཞུང་གྲངས། བཀའ། ༦ བསྟན། ༠ 6 བནྡེ་རིན་ཆེན་མཆོག །ཨཱ་ཙཱརྱ་རིན་ཆེན་མཆོག །རྨ་རིན་ཆེན་མཆོག །འགྱུར་གཞུང་གྲངས། བཀའ། ༣ བསྟན། ༡༣ གཉག་འཁོན་རྨ་གསུམ་ནི་ཁྲི་སྲོང་སྐབས་ཀྱི་ལོ་ཙཱ་བ་རབ་དགུ་ལས་བར་བ་གསུམ་ཡིན་པར་བཤད། ཏུན་ཧོང་ཡིག་རྙིང་ནང་གི་བཟང་སྤྱོད་གླེང་གཞི་ལས། སྨ་རད་ན་ཡ་ཀྲ་ཞེས་པས་བཟང་སྤྱོད་སྨོན་ལམ་བསྒྱུར་བར་གསུངས་པ་དེ་དང་གཅིག་གམ་སྙམ། 7 པ་གོར་བཻ་རོ་ཙ་ན། འགྱུར་གཞུང་གྲངས། བཀའ། ༢ བསྟན། ༡༢ བཻ་རོ་ཙཱ་ན་ལྡན་མ་རྩེ་མང་ཨ་ནནྟ་གསུམ་ཁྲི་སྲོང་སྐབས་ཀྱི་ལོ་ཙཱ་བ་རབ་དགུ་ལས་རྒན་པ་གསུམ་ཡིན་པར་བཤད་ལ། ལྡན་མ་རྩེ་མང་འགྱུར་བྱང་དང་། དཀར་ཆག་གཉིས་དང་། བམ་གཉིས་བཅས་ལས་མི་གསལ། ཨ་ནནྟ་སྒྲ་སྦྱོར་བམ་གཉིས་ལས་གསལ་ལོ། །

8 བནྡེ་དཔལ་གྱི་ལྷུན་པོ། དཔལ་གྱི་ལྷུན་པོའི་སྡེ། དཀར་ཆག་འཕང་ཐང་མ་ལས། བནྡེ་ལྷུན་པོ་ཞེས་གསལ་བ་དེ་ཡིན། འགྱུར་གཞུང་གྲངས། བཀའ། ༩ བསྟན། ༣ 9 བནྡེ་དཔལ་འབྱོར། དགེ་སློང་དཔལ་འབྱོར་སྙིང་པོ། འགྱུར་གཞུང་ཚད། བཀའ། ༡ བསྟན། ༡ 10 ཉང་པོ་ཀླུའི་རྒྱལ་མཚན། འགྱུར་གཞུང་གྲངས། བཀའ། ༠ བསྟན། ༡ 11 དགེ་སློང་དྷརྨ་ཨཱ་ལོ་ཀ །འགྱུར་གཞུང་གྲངས། བཀའ། ༠ བསྟན། ༢ 12 བན་ཀ་ར་མུརྟི། འགྱུར་གཞུང་གྲངས། བཀའ། ༠ བསྟན། ༡ 13 ཡི་གེ་པ་དགོན་གླིང་རྨ། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠ 14 བནྡེ་ཡེ་ཤེས་སྙིང་པོ། སྦ་རྗེ་ཡེ་ཤེས་སྙིང་པོ། འགྱུར་གཞུང་གྲངས། བཀའ། ༥ བསྟན། ༤༤

15 བནྡེ་བྱིན་གྱི་སྙིང་པོ། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠ 16 བཙུན་པ་རྒྱལ་བ་མཆོག་དབྱངས། ངན་ལམ་རྒྱལ་བ་མཆོག་དབྱངས་དང་གཅིག་སྟེ། ཏུན་ཧོང་ཡིག་རྙིང་ནང་གི་བཟང་སྤྱོད་གླེང་གཞི་ལས། ངན་ལམ་སྟག་སྒྲ་ཀླུ་ཁོང་གི་གཅུང་པོ་ཡིན་པར་གསལ། འགྱུར་གཞུང་གྲངས། བཀའ། ༠ བསྟན། ༡ 17 བནྡེ་དེ་བ་ཙནྡྲ། བནྡེ་དེ་ཝ་ཙནྡྲ། ལྷའི་ཟླ་བ། འགྱུར་གཞུང་གྲངས། བཀའ། ༡༠ བསྟན། ༡ 18 བནྡེ་དྷརྨ་ཏཱ་ཤཱི་ལ། ཨཱ་ཙཱརྱ་དྷརྨ་ཏཱ་ཤཱི་ལ། བནྡེ་ཆོས་ཉིད་ཚུལ་ཁྲིམས། སྒྲ་སྦྱོར་བམ་གཉིས་ཀྱི་ཐོག་མཐའ་ལས། དྷརྨ་ཏཱ་ཤཱི་ལ་ཞེས་གསལ་བ་དེ་ཡིན། འགྱུར་གཞུང་གྲངས། བཀའ། ༡༢ བསྟན། ༠ 19 བནྡེ་དེ་ཝེནྡྲ་རཀྵི་ཏ། རྩངས་དེ་ཝེནྡྲ་རཀྵི་ཏ། གཙང་དེ་བེན་དྲ་རཀྵི་ཏ། འཕང་ཐང་མ་ལས། དེ་བེན་ཏྲ་ཞེས་གསལ་བ་དེ་ཡིན་པར་སྣང་། འགྱུར་གཞུང་གྲངས། བཀའ། ༦ བསྟན། ༦

20 བནྡེ་ཛ་ཡ་རཀྵི་ཏ། སྒྲ་སྦྱོར་བམ་གཉིས་ཀྱི་ཐོག་མཐའ་ལས། ཛ་ཡ་རཀྵི་ཏ་ཞེས་གསལ་བ་དེའོ། །འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠ 21 ཀུ་མཱ་ར་རཀྵི་ཏ། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠ 22 དགེ་སློང་དགེ་བ་དཔལ། དགེ་བའི་དཔལ། འགྱུར་གཞུང་གྲངས། བཀའ། ༥ བསྟན། ༠ 23 ལོ་ཙཱ་བ་གླང་དཔལ་གྱི་སེངྒེ་། འགྱུར་གཞུང་གྲངས། བཀའ། ༠ བསྟན། ༡ 24 ཆེ་བཙན་སྐྱེས། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠

25 དབས་མཉྫུ་ཤྲཱི། དབས་མཉྫུ་ཤྲཱི་ཝརྨ། འཇམ་དཔལ་གོ་ཆ། སྒྲ་སྦྱོར་བམ་གཉིས་ཀྱི་དབུ་ལས། མཉྫུ་ཤྲཱི་ཝརྨ་ཞེས་གསལ་བ་དེའོ། །འགྱུར་གཞུང་གྲངས། བཀའ། ༡ བསྟན། ༡༡ 26 བྲན་ཀ་མུ་ཏི། འགྱུར་གཞུང་གྲངས། བཀའ། ༠ བསྟན། ༡ 27 འོག་བསོད་ནམས་མོས་པ། འགྱུར་གཞུང་གྲངས། བཀའ། ༠  བསྟན། ༡ 28 ལྕེ་ཁྱི་འབྲུག  །སྒྲ་སྦྱོར་བམ་གཉིས་ཀྱི་དབུ་ལས། ལྕེ་ཁྱི་འབྲུག་ཅེས་བཀོད་པ་དེ་ཡིན་ལ། བཙན་པོ་ཁྲི་སྲོང་སྐབས་ཀྱི་ལོ་ཙཱ་བ་ཡིན་པ་གཞུང་དེ་ཉིད་ལས་གསལ། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༡ 29 རླངས་ཁམས་པ་གོ་ཆ། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠

30 ཉང་ཁམས་པ་གོ་ཆ། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠ 31 ཉང་ཨིནྡ་ཝ་རོ། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠ 32 དཔལ་དབྱངས། དབའ་དཔལ་དབྱངས་དང་གཉན་དཔལ་དབྱངས་གང་རུང་དང་ཡང་ན་གཞན་ཞིག་ཡིན་སྲིད། འགྱུར་གཞུང་གྲངས། བཀའ། ༣ བསྟན། ༠ 33 ཉང་ཏིང་ངེ་འཛིན། འགྱུར་གཞུང་གྲངས། བཀའ། ༠ བསྟན། ༡ 34 བནྡེ་རྣམ་པར་མི་རྟོག་པ། འགྱུར་གཞུང་གྲངས། བཀའ། ༢ བསྟན། ༡ 35 དགེ་སློང་རིན་ཆེན་སྡེ། འགྱུར་གཞུང་གྲངས། བཀའ། ༢ བསྟན། ༠ 36 དྷརྨའི་གཞི་འཛིན་དགེ་བའི་བློ་གྲོས། དགེ་བློ། འདི་གཉིས་མི་གཅིག་ཡིན་པ་ལྟར་མངོན། འགྱུར་གཞུང་གྲངས། བཀའ། ༢ བསྟན། ༠ 37 གནུབས་ནམ་མཁའི་སྙིང་པོ། འགྱུར་གཞུང་གྲངས། བཀའ། ༠ བསྟན། ༡ 38 དགེ་སློང་ནམ་མཁའ་སྐྱོང་། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༦ 39 དྲན་པ་ནམ་མཁའ། འགྱུར་གཞུང་གྲངས། བཀའ། ༠ བསྟན། ༢

40 བནྡེ་བཟང་སྐྱོང་། འགྱུར་གཞུང་གྲངས། བཀའ། ༤ བསྟན། ༡ 41 བནྡེ་རཀྵི་ཏ། བནྡེ་རཏྣ་རཀྵི་ཏ། བནྡེ་རིན་ཆེན་འཚོ། སྒྲ་སྦྱོར་བམ་གཉིས་ཀྱི་མཇུག་ལས། བོད་ཀྱི་ལོ་ཙཱ་བ་རཏྣ་རཀྵི་ཏ་ཞེས་གསལ་བ་དེའོ། །འགྱུར་གཞུང་གྲངས། བཀའ། ༧ བསྟན། ༠42 རྒྱ་མཚོའི་སྡེ། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠ 43 བནྡེ་ཆོས་གྲུབ། འགོས་ཆོས་གྲུབ། འགྱུར་གཞུང་གྲངས། བཀའ། ༡༢ བསྟན། ༡ 44 རྒྱའི་མཁན་པོ་ཧྭ་ཤང་ཟབ་མོ། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༡ 45 རྒྱའི་སློབ་དཔོན་ལྭེན་ཧི། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠ 46 རྒྱ་ནག་གི་མཁན་པོ་ཝན་ཕན་ཞུན། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠ 47 རྒྱའི་བནྡེ་ཏོང་ཨཱ་ཙཱརྱ། འགྱུར་གཞུང་གྲངས། བཀའ། ༡ བསྟན། ༠

སྒྲ་སྦྱོར་བམ་གཉིས་ལས། ཛ་ཡ་རཀྵི་ཏ། རདྣེནྡྲ་ཤཱི་ལ། གཉིས་གསལ་མོད་ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་ནང་དུ་མཚན་མི་གསལ། འཕང་ཐང་མ་ལས། བདྣེ་ཆོས་ཀྱི་སྙིང་པོ། ཞེས་པ་གསལ་མོད་ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་ནང་དུ་མཚན་མི་གསལ། ཏུན་ཧོང་ཡིག་རྙིང་ནང་གི་ཤེས་རབ་སྙིང་པོ་རྒྱ་འགྱུར་གྱི་འགྱུར་བྱང་ལས། མྱེང་ཆོས་ཀྱི་རྒྱ་མཚོ་གསལ་མོད། ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་ནང་དུ་མཚན་མི་གསལ། འབུས་རྣམ་སྣང་གི་བྲག་བརྐོས་ཁ་བྱང་ལས། དགེ་སློང་ལོ་ཆེན་ཡེ་ཤེས་དབྱངས་ཞེས་གསལ་མོད། ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་དང་དཀར་ཆག་གཉིས་དང་བམ་གཉིས་ནང་དུ་མཚན་མི་གསལ། སྒྲ་སྦྱོར་བམ་གཉིས་ལས། ཡེ་ཤེས་དབང་པོ། ཞང་རྒྱལ་ཉེན་ཉ་བཟང་། བློན་ཁྲི་བཞེར་སང་ཤི་ཏ། ཛྙ་ན་དེ་བ་ཀོ་ཥ། བྲམ་ཟེ་ཨ་ནནྟ་རྣམས་ཁྲི་སྲོང་དུས་ཀྱི་ལོ་ཙཱ་བ་ཡིན་པར་གསལ་མོད། ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་ནང་དུ་མཚན་མི་གསལ། འགྱུར་བྱང་ནང་གི་ལོ་ཙཱ་བ་ ༤༧ བམ་གཉིས་སོགས་ལས་གསལ་བའི་ལོ་ཙཱ་བ་ ༡༠ བཅས་བསྡོམས་པས་ ༥༧ བྱུང་། སྔ་དར་གྱི་ལོ་ཙཱ་བའི་སྤྱི་གྲངས་དེ་འདི་ཙམ་དུ་གཟུང་བར་མི་བྱ་སྟེ། ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་དུ་མ་འཁོད་པའི་ལོ་ཙཱ་བ་དང་། ད་ལྟའི་བཀའ་བསྟན་གྱི་གྲལ་དུ་མ་ཚུད་པའི་འགྱུར་གཞུང་ཡང་ཡོད་ངེས་པས་སོ།།

དཀར་ཆག་འཕང་ཐང་མ་ལས། སྔགས་ནང་པའི་འགྱུར་བྱང་གཞན་དུ་བཞུགས། ཞེས་གསལ་བ་དེའི་འགྱུར་བྱང་སོགས་སྔ་འགྱུར་སྐབས་ཀྱི་ཡིག་ཆ་དག་མ་གཞན་དག་ཐོབ་ན་སྔ་འགྱུར་གསང་སྔགས་ཀྱི་ལོ་ཙཱ་བ་སོགས་ལོ་ཙཱ་བ་གཞན་པ་མང་པོའི་མཚན་རྙེད་སྲིད། སྤྱིར་བཏང་། དཀར་ཆག་ལྷན་དཀར་མ་ལས། སྒྲ་བསྒྱུར་གྱི་བན་དེ་དཔལ་བརྩེགས་དང༌། བན་དེ་ཀླུའི་དབང་པོ་ལ་སོགས་པས། ཞེས་ལོ་ཙཱ་བ་གཉིས་ཀྱི་མཚན་གསལ་བ་ལས་གཞན་རྣམས་སོགས་སྒྲས་བསྡུས། སྒྲ་སྦྱོར་བམ་གཉིས་ལས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨཱ་ཙཱརྱ་བོ་དྷི་ས་ཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། བློན་ཁྲི་གཞེར་སང་ཤི་དང་། ལོ་ཙཱ་བ་ཛྙཱན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྟ་ལ་སོགས་པ། ཞེས་པཎྜི་གཅིག་དང་ལོ་ཙཱ་བ་དྲུག་གི་མཚན་སྨོས་ཤིང་གཞན་རྣམས་སོགས་སྒྲས་བསྡུས་ཏེ་དེ་དག་ཁྲི་སྲོང་སྐབས་ཀྱི་ལོ་པཎ་ཡིན་པར་བསྟན།

ཡང་དེ་ལས། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་། དྷརྨྨ་ཏཱ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨྨ་དང་། རདྣེནྡྲ་ཤཱི་ལ་ལ་སོགས། ཞེས་ལོ་ཙཱ་བ་དྲུག་གི་མཚན་སྨོས་ཤིང་གཞན་རྣམས་སོགས་སྒྲས་བསྡུས། འདི་རྣམས་ཁྲི་ལྡེ་སྲོང་བཙན་རང་གི་སྐུ་དུས་ཀྱི་ཡིན་པ་དོན་གྱིས་གསལ། དཀར་ཆག་འཕང་ཐང་མ་ལས། སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་དང་། བན་དེ་ཆོས་ཀྱི་སྙིང་པོ་དང་། ལོ་ཙཱ་བ་བན་དྷེ་དེ་བེན་ཏྲ་དང་། བན་དྷེ་ལྷུན་པོ་ལ་སོགས་པ། ཞེས་ལོ་ཙཱ་བ་བཞི་ཡི་མཚན་སྨོས་ཤིང་གཞན་རྣམས་སོགས་སྒྲས་བསྡུས་འདུག་གོ།

བསྟན་པ་ཕྱི་དར་སྐབས་སུ་བརྩམས་པའི་ཡིག་ཆ་ཁག་ལས་སྔ་དར་གྱི་ལོ་ཙཱ་བ་གཞན་པ་འགའི་མཚན་ཡང་གསལ་མོད་དེ་འདིར་མ་བཀོད། ཅེས་པའང་བྱ་བ་གཞན་ཟུར་དུ་བསྐྱུར་ནས་བརྩོན་པ་བསྐྱེད་དེ་བྲིས་པ་རིག་པ་དོན་གཉེར་བ་ཀུན་ལ་ཕན་པའི་རྐྱེན་དུ་སྨོན་ཏོ།།  །།

དབུས་པཎ་ཆེན་ཛི་ན་མི་ཏྲ་དང་། གཡས་ཞང་ཡེ་ཤེས་སྡེ། གཡོན་དང་པོ་ཅོག་རོ་ཀླུ་ཡི་རྒྱལ་མཚན། གཡོན་གཉིས་པ་སྐ་བ་དཔལ་བརྩེགས།

(ཁམས་དཀར་མཛེས་གེ་སར་རྒྱལ་པོའི་རིག་དངོས་འགྲེམ་སྟོན་ཁང་ཆེན་མོ་ནང་གི་ལོ་རྒྱུས་བརྐོས་རིས་ཀྱི་ཆ་ཤས།)

 

རྩོམ་ཁུངས། འཕྲིན་སྟེགས། དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་།

Leave a Reply

Your email address will not be published. Required fields are marked *