ཅ༽ བོད་དུ་དཀར་ཆག་ཇི་ལྟར་བྱུང་བའི་ལོ་རྒྱུས།

ཅ༽ བོད་དུ་དཀར་ཆག་ཇི་ལྟར་བྱུང་བའི་ལོ་རྒྱུས།

 

དེ་ཡང་སྔོན་གྱི་དཀར་ཆག་རྣམ་གསུམ་བྱུང་བ་ནས་བཟུང་། བོད་ཀྱི་དཀར་ཆག་རིག་པ་ནི། བཀའ་བསྟན་དཀར་ཆག་དང་། བཀའ་བསྟན་མིན་པའི་དཀར་ཆག་བཅས་གྲུབ་ཆ་ཆེན་པོ་གཉིས་ལས་གྲུབ་པ་ཞིག་ཡིན། བཀའ་བསྟན་གྱི་དཀར་ཆག་ནི་བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་ཡིན་ཅིང་།

སྔ་དུས་ཕྱི་ལོའི་དུས་རབས་བརྒྱད་པའི་དུས་མཇུག་ཏུ་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་བོད་ཡིག་ཏུ་བསྒྱུར་བའི་བཀའ་བསྟན་གྱི་དཀར་ཆག་འགོད་འགོ་བརྩམས་པ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏ་སོགས་ལ་བཀའ་གནང་ནས་གསུང་རབ་རྣམས་ཚེག་བར་བརྒྱད་རེར་ཤླཽ་ཀ་རེ། ཤླཽ་ཀ་སུམ་བརྒྱ་ལ་བམ་པོ་རེའི་ཚད་དུ་བྱས་ནས་བཀོད་པའི་དཀར་ཆག་ལྡན་དཀར་མ་དང་། དེ་རྗེས་དཀར་ཆག་འཕང་ཐང་མ་དང་། དཀར་ཆག་མཆིམས་ཕུ་མ་ཡང་སྔ་རྗེས་སུ་ཐོན་ཞིང་། དཀར་ཆག་དེ་དག་གིས་བོད་ཀྱི་གནའ་བོའི་རིག་གནས་དར་རྒྱས་འགྲོ་བར་ནུས་པ་ཤིན་ཏུ་ཆེན་པོ་ཐོན་ཡོད་པས། དཀར་ཆག་ཁག་གསུམ་པོ་དེ་བོད་རིགས་ཀྱི་གནའ་རབས་དཀར་ཆག་རིག་པའི་ལོ་རྒྱུས་ཐོག་གི་ཐོ་རེངས་སྐར་ཆེན་གསུམ་ཡིན་ཞེས་བརྗོད་ཆོག[1] ཅེས་གསལ་བ་ནི་དོན་ལ་གནས་པ་ཞིག་གོ།

དེ་ལྟར་དཀར་ཆག་གི་གལ་ཆེའི་གྲུབ་ཆར་གྱུར་པའི་བཀའ་བསྟན་གཉིས་ལས། དང་པོ། རྒྱལ་བའི་བཀའ་འགྱུར་གྱི་དཀར་ཆག་ནི། དུས་རབས་བརྒྱད་པའི་དུས་མཇུག་ཙམ་ནས་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱིས་སྲིད་དབང་བཟུང་སྐབས་ནས་དཀར་ཆག་ལ་སྔ་བ་རྣམ་གསུམ་གྱི་བྱུང་རིམ་དང་། ལྷག་པར་བཅོམ་ལྡན་རིག་པའི་རལ་གྲིས་བཀའ་བསྟན་གྱི་དཀར་ཆག་བསྟན་པ་རྒྱས་པ་དང་། དཀར་ཆག་ཉི་མའི་འོད་ཟེར། བཀའ་བསྟན་གྱི་དཀར་ཆག་བསྡུས་པ་བཅས་བཀའ་བསྟན་གྱི་དཀར་ཆག་རྒྱས་འབྲིང་བསྡུས་གསུམ་མཛད་ཡོད། ཡང་སྒོས་བོད་ཀྱི་པར་ཁང་ཆེན་པོ་བཞིའི་ཡ་གྱལ་སྣར་ཐང་གཙུག་ལག་ཁང་དུ་བཀའ་བསྟན་ཆ་ཚང་གསར་བཞེངས་ཀྱིས་བཞུགས་སུ་གསོལ་བ་ནས་བཟུང་སྟེ་བཀའ་བསྟན་གྱི་དཔར་མ་ཁག་བྱུང་ཞིང་། དེ་དག་གི་བཞུགས་བྱང་དཀར་ཆག་ཏུ་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་དང་། བཀའ་བསྟན་གྱི་དཀར་ཆག་དང་། དེ་རྗེས་ཚལ་པ་བཀའ་འགྱུར་དང་དེའི་དཀར་ཆག །ནན་ཅིང་བོད་ཡིག་བཀའ་འགྱུར་དཔར་མ། དེ་རྗེས་བཀའ་འགྱུར་གསེར་བྲིས་རྒྱལ་རྩེ་ཐེམ་སྤང་མ། པེ་ཅིན་བཀའ་བསྟན། འཇང་བཀའ་འགྱུར་རམ་ལི་ཐང་མཚལ་པར། ཅོ་ནེ་བཀའ་བསྟན། སྡེ་དགེ་བཀའ་བསྟན། དར་ཐང་བཀའ་བསྟན། ཕོ་ལྷ་བའི་གསེར་བྲིས་བཀའ་བསྟན་བཅས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསར་བཞེངས་དང་། དེ་དག་གི་དཀར་ཆག་དག་ཀྱང་རིམ་པར་བྱུང་ཡོད།

གཉིས་པ། དགོངས་འགྲེལ་བསྟན་འགྱུར་དཀར་ཆག་ནི། ཞྭ་ལུའི་བསྟན་འགྱུར་གསར་བཞེངས་གནང་བའི་དཀར་ཆག་ཏུ་བུ་སྟོན་རིན་པོ་ཆེས་མཛད་པའི་བསྟན་འགྱུར་གྱི་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་མཛད་ཅིང་། དཀར་ཆག་དེར་རྒྱལ་བའི་བཀའ་བསྟན་ཡོངས་རྫོགས་ཀྱི་གོ་རིམ་དང་། རྣམ་གྲངས། དབྱེ་བ། སྡེ་ཚན། གཞུང་ཚད། འགྱུར་བྱང་བར་གྱི་རིམ་པ་མཐའ་དག་གི་རྣམ་པ་ལེགས་པར་ཕྱེ་སྟེ་བཀོད་པ་ནས་བཟུང་སྟེ། སྣེ་གདོང་གི་བསྟན་འགྱུར་དང་། པོ་ཏ་ལའི་བསྟན་འགྱུར་བྲིས་མ། སྡེ་དགེ་བསྟན་འགྱུར། ཕོ་ལྷ་བའི་བསྟན་འགྱུར། ཅོ་ནེ་བསྟན་འགྱུར་བཅས་ཀྱི་དཀར་ཆག་རིམ་པར་བྱུང་། མདོར་ན་རྒྱལ་བའི་བཀའ་འགྱུར་དང་། དེའི་དགོངས་འགྲེལ་གྱི་བསྟན་འགྱུར་བཅས་བཀའ་བསྟན་གྱི་དཔར་མ་དང་བྲིས་མའི་བྱུང་རིམ་དང་། དེ་དག་གི་བཞུགས་བྱང་དཀར་ཆག་བཅས་ཀྱི་བྱུང་རིམ་ལོ་རྒྱུས་སྐོར་ཞིབ་ཕྲ་ཉམས་ཞིབ་ཀྱིས་བོད་ཀྱི་དཀར་ཆག་རིག་པར་གསལ་འགྲེལ་མཛད་ཡོད་ལ། བཀའ་བསྟན་གྱི་དཀར་ཆག་ནི། ཐུན་མོང་མ་ཡིན་པའི་ནང་དོན་རིག་པའི་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆའི་ནང་གི་མཆོག་ཏུ་གྱུར་པའི་ནང་ནས་ཀྱང་ཆེས་མཆོག་ཏུ་གྱུར་པའི་ནོར་བུ་ཞིག་ཡིན་ནོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་རྒྱ་དཀར་ཆག་རིག་པ་འཕེལ་རྒྱས་བྱུང་ཚུལ་དང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དཀར་ཆག་རིག་པའི་དགོངས་དོན་སྐོར་ལ་རང་ཉིད་ཀྱི་ལྟ་སྟངས་རགས་ཙམ་བརྗོད་པ། ཧོང་པོས་བརྩམས། འཕྲིན་ལས་ཀྱིས་བསྒྱུར། ཀྲུང་གོའི་བོད་ཀྱི་ཤེས་རིག ༡༩༩༥ ལོ། ཤོག་གྲངས་ ༥༧

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩ ནས་ ༡༢ བར་གསལ་བ་ལས་བཏུས་པའོ།།

 

Leave a Reply

Your email address will not be published. Required fields are marked *