ཉ༽ དཀར་ཆག་འདི་ཉིད་ཀྱི་སྒྲིག་ཚུལ་གྱི་ཁྱད་ཆོས།

ཉ༽ དཀར་ཆག་འདི་ཉིད་ཀྱི་སྒྲིག་ཚུལ་གྱི་ཁྱད་ཆོས།

 

དང་པོ་པཎ་གྲུབ་སོ་སོའི་བསྟན་བཅོས་ཀྱི་དབུར་ཆོས་ཚན་གྱི་གྲངས་མཚོན་པའི་ཨང་གྲངས་བཀོད་ཡོད་པ་དང་། གཉིས་པ་བསྟན་འགྱུར་གྱི་དཀར་ཆག་ལྟར་སྡེ་ཚན་བསྟོད་ཚོགས་དང་རྒྱུད་སོགས་གང་ཡིན་དང་། གསུམ་པ་སྡེ་ཚན་སོ་སོའི་ནང་གསེས་ ༼ཀ༽ ལྟ་བུ་པོད་རྟགས་གང་ཡིན་བཀོད་ཡོད། བཞི་པ་བསྟན་འགྱུར་གྱི་དཀར་ཆག་གཞན་ལ་མེད་པའི་ཁྱད་ཆོས་གཅིག་ནི་བསྟན་བཅོས་ཀྱི་དབུར་རྒྱ་གར་སྐད་ཡོད་མེད་དང་།

མེད་རིགས་ལ་གསལ་བཤད་ཀྱང་བཀོད་ཡོད། ལྔ་པ་བོད་སྐད་ཐོག་བསྟན་བཅོས་ཀྱི་མཚན་རྒྱས་བསྡུས་དང་། མཚན་གྱི་རྣམ་གྲངས་བཅས་གསལ་བར་བཀོད་ཡོད། དྲུག་པ་བསྟན་བཅོས་མཛད་པ་པོའི་མཚན་མཛད་བྱང་དུ་གསལ་བ་ཇི་བཞིན་དང་། གཞུང་རང་དུ་མི་གསལ་ཡང་གཞུང་གཞན་དང་གཞན་དུ་གསལ་བ་ལས་ཁུངས་དང་བཅས་གསལ་ཁ་བཏོད་ཡོད། བདུན་པ་སྒྲ་སྒྱུར་ལོ་པཎ་གྱི་མཚན་བྱང་བསྟན་བཅོས་དངོས་ཀྱི་མཇུག་ཏུ་གསལ་བ་ཇི་བཞིན་དང་། མི་གསལ་ཡང་གཞུང་གཞན་དང་གཞན་དུ་གསལ་བ་ལས་ཁུངས་དང་བཅས་བཀོད་ཡོད། བརྒྱད་པ་སྒྲ་སྒྱུར་ལའང་སྔ་འགྱུར་དང་། བར་འགྱུར། ཕྱི་འགྱུར་ལྟ་བུ་སྒྱུར་བཅོས་རིམ་པ་ཇི་གནང་ཞིབ་གསལ་དུ་བཀོད་ཡོད། དགུ་པ་བུ་སྟོན་ཆོས་འབྱུང་སོགས་སུ་པཎྜི་ཏས་མཛད་པ༌ཡིན་མིན་སོགས་ཀྱི་དཔྱད་ཞིབ་དང་དོགས་སློང་ཡོད་རིགས་ལ་ཞིབ་དཔྱད་ཀྱང་ཞུས་ཡོད། བཅུ་པ་བསྟན་འགྱུར་སྒྱུར་ཡུལ་གྱི་རྒྱལ་ཁབ་དང་ཡུལ་ལུང་གཙུག་ལག་ཁང་སོགས་ཀྱི་མཚན་བྱང་ས་བཅད་ལོགས་སུ་ཕྱོགས་བསྒྲིགས་ཞུས་ཡོད། བཅུ་གཅིག་པ་འཕགས་ཡུལ་ནས་བརྒྱུད་པའི་བཀའ་བསྟན་གཉིས་ཀྱི་རྒྱ་དཔེ་བཞུགས་མིན་མཁྱེན་གལ་ཆེ་བས་བསྟན་བཅོས་རྣམས་ཀྱི་ལེགས་སྦྱར་གྱི་མ་དཔེ་བཞུགས་མིན་ཞིབ་འཇུག་གིས་བཀོད་ཡོད། བཅུ་གཉིས་པ་རྒྱའི་སྐད་དུ་བསྒྱུར་ནས་བཞུགས་ཡོད་མེད་ཀྱང་བཀོད་ཡོད། བཅུ་གསུམ་པ་བསྟན་བཅོས་དེ་ཉིད་ཀྱི་ཆོས་ཚན་གྲངས་དང་། ཤོག་གྲངས་གང་ནས་གང་གི་བར་དུ་བཞུགས་མིན། བམ་པོ་དང་རབ་བྱེད་སོགས་གཞུང་ཚད་ཇི་ཡོད། ཡིག་ཕྲེང་དང་། ཚིག་རྐང་། ཚེག་ཁྱིམ་བཅས་ཇི་ཡོད་གསལ་བར་བཀོད་ཡོད། བཅུ་བཞི་པ་བསྟན་བཅོས་དེ་དག་སྡེ་དགེ་དང་། སྣར་ཐང་། པེ་ཅིན། ཅོ་ནེ། བསྟན་འགྱུར་དཔེ་བསྡུར་མ་བཅས་བསྟན་འགྱུར་པར་མ་ལྔ་པོར་བཞུགས་མིན་དང་། ཆད་ལྷག་ཡོད་མེད་ཀྱི་གསལ་བཤད་བཅས་བཀོད་ཡོད། བཅོ་ལྔ། བསྟན་བཅོས་དེ་དག་ལ་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཡོད་མེད་ཀྱང་བཀོད་ཡོད། དེ་ལྟར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན་འདིས་མ་འོངས་པར་བོད་བརྒྱུད་ནང་བསྟན་དང༌། ལྷག་པར་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་ལ་འཆད་ཉན་དང་། ཞིབ་འཇུག་བྱེད་མཁན་དག་ལ་ཕན་ཐོགས་ངེས་ཅན་ཤིག་ཡོང་རེ་མཆིས། འདི་སྐོར་ཞིབ་ཕྲ་གཤམ་དུ་འགོད་པར་འགྱུར་རོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣ ནས་ ༢༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *