༥༽ ངོ་མཚར་བའི་གཏམ་བདུན་པ།
དེ་ཡང་མུ་སྟེགས་པའི་དཀྱིལ་འཁོར་བཤིགས་ཏེ་ནང་པ་ལ་བཀོད་པ་ངོ་མཚར་བའི་གཏམ་བདུན་པ་ཡིན་པ་ནི། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[1]།
ཤཾ་ཀར་གྲུབ་པའི་མུ་སྟེགས་རྣལ་འབྱོར་པས། །མཁའ་ལ་རྡུལ་ཚོན་དཀྱིལ་འཁོར་བྲིས་པའི་ཚེ། །
ཟད་པར་ཡེ་ཤེས་རླུང་གི་ཏིང་འཛིན་གྱིས། །རྣམ་པར་གཏོར་ཏེ་ལྷག་མེད་མཛད་ལ་འདུད། །
ཕྱིན་ཆད་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས། །སངས་རྒྱས་བསྟན་པའི་རྒྱལ་མཚན་རབ་ཏུ་བཙུགས། །
ཡང་དག་ལམ་གྱི་སྣང་བ་རྒྱས་མཛད་པ། །དུད་ཀྱི་ཕྱོགས་ལས་རྣམ་པར་རྒྱལ་དེར་འདུད། །
ཅེས་གསུངས་པ་ནི། ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[2]། མུ་སྟེགས་སྟོན་པ་ཤཾ་ཀ་དེ་ཞག་བདུན་ནམ་མཁའ་ལ་དཀྱིལ་འཁོར་འབྲི་ཡིས་གཞིག་པར་ནུས་ན་ཕྱི་རོལ་པ་ཀུན་ནང་པར་འཇུག་ཅིང་མ་ནུས་ན། ནང་པ་ཐམས་ཅད་ཕྱི་རོལ་ལ་འཇུག་དགོས་ཞེས་དྲིལ་བསྒྲགས་པའི་ཚེ། སློབ་དཔོན་སྦས་ཚུལ་གྱིས་བྱོན་པ་རྒྱལ་པོའི་བྲན་མོས་གྲུབ་ཐོབ་ཏུ་ཤེས་ཏེ། གནས་བརྟན་དང་རྒྱལ་པོས་གསོལ་བ་བཏབ་སྟེ་དཀྱིལ་འཁོར་གཞིག་པར་ཞལ་གྱིས་བཞེས། ཆུ་ཡི་བུམ་པ་དང་རས་ཟུང་དང་། མེ་དང་། ཤིང་རྣམས་སྟ་གོན་གྱིས་ཤིག་གསུངས། ཕྱི་ཉིན་མུ་སྟེགས་པས་ནམ་མཁའ་ལ་ཐིག་གདབ། དེའི་ཕྱི་ཉིན་སྔ་དྲོ་སྐྱེ་བོ་ཐམས་ཅད་འདུས། མུ་སྟེགས་པས་རྡུལ་ཚོན་ཤར་སྒོ་ཙམ་གྲུབ་པ་ན། སློབ་དཔོན་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་ཞུགས་པས། རླུང་འཚུབ་ཀྱིས་དཀྱིལ་འཁོར་རྨེག་མེད་དུ་གཏོར། མུ་སྟེགས་པའི་སྟོན་པའང་རླུང་གིས་བདས་པའི་བྱིའུ་ལྟར་འཐོར། ལྗོན་ཤིང་དང་ཁང་པ་བརྡེབས་ཤིང་སྐྱེ་བོའི་ཚོགས་གྱེར། སློབ་དཔོན་གྱིས་རྒྱལ་པོ་ཡབ་ཡུམ་ཆུས་རྡུལ་བཀྲུས། རས་ཀྱིས་གཡོགས། མེས་བསྲོས་ཏེ་བདེ་བར་བྱས། ཡུལ་དེ་ནང་པ་སངས་རྒྱས་པའི་གྲུབ་མཐར་གྱུར་ཏེ་མུ་སྟེགས་ཕམ་པའི་ཡུལ་དུ་གྲགས་ཏེ་སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་བཙུགས། རྫོགས་པའི་སངས་རྒྱས་ཀྱི་ལམ་ཡང་དག་པའི་སྣང་བ་རྒྱས་པར་མཛད་དེ་བདུད་དང་མུ་སྟེགས་ཀྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་མཛད་དོ། །ཞེས་བྱུང་ལ། རྒྱ་གར་གྱི་ཡུལ་ཕྱོགས་གང་དུ་ཡིན་མིན་མི་གསལ་ལོ།།
དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་ངོ་མཚར་གཏམ་བདུན་གྱི་སྒོ་ནས་བསྟོད་པ་སྐལ་བཟང་དགའ་བྱེད་ལས[3]།
མུ་སྟེགས་འདུལ་ཕྱིར་སྤྲང་པོའི་ཆ་བྱད་མཛད། །མོ་ཡིས་ཁྲུད་ཟེགས་ཞབས་ཕོག་ཁོལ་བར་མཐོང་། །
མུ་སྟེགས་ཚར་བཅད་དབང་ཕྱུག་དཀྱིལ་འཁོར་འཐོར། །ཆོས་ཁྲིམས་དར་བར་མཛད་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[4]། དེ་ནས་ཡང་བདག་ཉིད་ཆེན་པོས་མངོན་པར་ཤེས་པས་གཟིགས་པ་ན་རྒྱལ་བའི་བསྟན་པ་ལ་ལོག་པར་འཁུ་བའི་མུ་སྟེགས་མང་པོ་ཞིག་འདུལ་དགོས་པར་གཟིགས་ནས། དཔལ་གྱི་རིའི་ལྷོ་ཕྱོགས་སུ་བྱོན་ཏེ། ཨུ་ཙྪུ་སྨའི་སྤྱོད་པ་ཞེས་པ་སྤྲང་པོའི་ཆ་བྱད་གཅེར་བུ་ཁྲུད་མ་ཕོ་བའི་ཚིགས་མས་འཚོ་བར་བྱེད་པ་ན། ཁ་ཏི་བི་ཧ་རའི་རྒྱལ་པོའི་བྲན་མོ་ཀ་ཙ་མ་ཧས། ཁྲུད་མ་ཕོ་བའི་ཆུའི་ཟེགས་མ་སློབ་དཔོན་གྱི་ཞབས་ལ་ཕོག་པས་ལྕགས་བསྲེགས་ལ་བྲན་པ་ལྟར་ཁོལ་བ་མཐོང་། དེའི་ཚེ་རྒྱལ་པོ་དེ་ལ་མུ་སྟེགས་ཀྱི་སྟོན་པ་ཤང་ཀར་དེ་བ་ཞེས་བྱ་བས་ནང་པའི་པཎྜི་ཏ་དང་རྩོད་ཅིང་རྫུ་འཕྲུལ་འགྲན་པར་བྱས་ཏེ། དེ་ཡང་སུ་ཕམ་པ་དེ་སུ་རྒྱལ་བའི་བསྟན་པ་ལ་འཇུག་ཅིང་། དེའི་ཆོས་དང་གཙུག་ལག་ཁང་སོགས་ཀྱང་མེར་སྲེག་པར་བྱེད་པས་ཁྱོད་ཀྱིས་གནང་བར་མཛད་ཅིང་དྲང་པོར་བཞུགས་སུ་གསོལ། ཞེས་གསོལ་པ་ལྟར། རྒྱལ་པོས་ཕོ་ཉ་བཀྱེ་སྟེ་ནང་པའི་དགེ་འདུན་རྣམས་བསྡུས་ནས་དོན་དེ་བསྙད་པ་ན་སུས་ཀྱང་ཁས་ལེན་མ་ནུས་པས་རྒྱལ་པོ་མྱ་ངན་དུ་གྱུར་པ་ན། བྲན་མོ་ཀ་ཙ་མ་ཧས་རྒྱལ་པོ་ལ་སྔར་མཐོང་བ་དེ་བཤད་པས། དེ་ལྟ་བུའི་སེམས་དཔའ་ཆེན་པོ་དེ་ག་ན་འདུག་ཀྱང་ཚོལ་ཅིག་གསུངས་ནས་ཕྱོགས་ཀུན་ཏུ་བཙལ་བས་ཤིང་སྡོང་གཅིག་གི་དྲུང་ན་བཞུགས་པ་དང་མཇལ་ནས། མུ་སྟེགས་ཀྱི་རྩོད་པ་དང་རྫུ་འཕྲུལ་ཕམ་པར་མཛད་དགོས་པར་གསོལ་བ་བཏབ་པས། དེ་ལྟ་བུ་ཁོ་བོས་ནུས་ཀྱི་ཆུ་བུམ་པ་གང་། རས་ཡུག་གཉིས། མེ་རྣམས་སྟ་གོན་གྱིས་ཤིག་གསུངས་ནས་དེ་ལྟར་བྱས་སོ།།
དེ་ནས་སྐྱེ་བོའི་ཚོགས་མང་པོ་འདུས་པའི་དབུས་སུ་གདན་ཁྲི་བཤམས་ཏེ་རྒྱལ་པོ་དང་། གཡས་གཡོན་དུ་སེམས་དཔའ་ཆེན་པོ་དང་མུ་སྟེགས་ཀྱི་སྟོན་པ་རྣམས་འཁོད་ནས་རྩོད་པས། བདག་ཉིད་ཆེན་པོ་འདིའི་ལུང་དང་རིགས་པའི་མཐུ་ཕུལ་དུ་བྱུང་བས་ཕྱིར་རྒོལ་དེ་ཉིད་སྤོབས་པ་ལན་མེད་དུ་མཛད་དོ། །སླར་ཡང་མུ་སྟེགས་བྱེད་དེས་རྫུ་འཕྲུལ་འགྲན་པར་ཆད་དེ། བར་སྣང་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་བྲིས་ཏེ་ཤར་སྒོ་ཙམ་ཟིན་པ་ན། བདག་ཉིད་ཆེན་པོ་འདིས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་འཚུབ་མ་ཆེན་པོ་ལངས་ཏེ་རྩྭ་དང་ཤིང་དང་གྲོང་ཁྱེར་ཐམས་ཅད་ཀྱང་འགྱེལ་ལམ་འགྱེལ་ལ་ཐུག་པར་ལྡེག །རྒྱལ་པོ་དང་བཙུན་མོ་དང་དེར་ཚོགས་པའི་མི་རྣམས་ཀྱང་བདས། དཀྱིལ་འཁོར་དང་བཅས་པའི་མུ་སྟེགས་ཀྱི་སྟོན་པ་ཡང་འཐོར་རླུང་གིས་བདས་པའི་བྱིའུ་བཞིན་དུ་ཕྱོགས་མཚམས་ཐམས་ཅད་དུ་འཁྱེར་ཞིང་མུན་པ་ཆེན་པོར་གྱུར་ཏོ།།
དེ་ནས་བདག་ཉིད་ཆེན་པོ་འདིས་སྨིན་མཚམས་ནས་འོད་ཕྱུང་སྟེ་རྒྱལ་པོ་དང་། བཙུན་མོ་ལ་ལམ་བསྟན་ནས་མདུན་དུ་བཀུག་སྟེ་གོས་དང་བྲལ་ཞིང་རྡུལ་གྱིས་གཡོགས་པ་ལ་ཆུས་བཀྲུས་ནས་རས་གསར་པ་གཡོགས་མེ་ལ་བསྲོས་ཏེ་བདེ་བར་བྱས་སོ། །དེ་ནས་མུ་སྟེགས་ཀྱི་ལྷ་ཁང་རྣམས་བཤིགས་མུ་སྟེགས་ཀྱི་གཙོ་བོ་དང་རྗེས་སུ་འཇུག་པ་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པས། ད་ལྟའི་བར་དུ་ཡང་གནས་དེ་ལ་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ། །ཞེས་རྒྱ་གར་ལྷོ་ཕྱོགས་སུ་ཡིན་པར་གསལ་ནའང་། དུས་ཀྱིས་བསྐལ་བས་དེང་སྐབས་ཡུལ་དེ་གང་དུ་ཡོད་མེད་ཤེས་རྟོགས་དཀའ་ཚུལ་ཏཱ་ར་ནཱ་ཐས་གསུངས་པ་ལྟར་རོ།།
དེ་བཞིན་༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་རྒྱལ་བའི་སྲས་པོ་ཞི་བ་ལྷ་ཞེས་མཆོག་ཏུ་དཀར་བའི་གྲགས་པ་ཅན་དེ་ཉིད་ལ་བསྟོད་པའི་ཚིགས་སུ་བཅད་པ་པདྨ་དཀར་པོའི་ཆུན་པོ་ལས[5]།
ཁྱད་པར་འཁྱོག་ལྡན་པིར་གྱིས་གོ་འབྱེད་ངོས། །ཕྱུགས་བདག་གཞལ་མེད་མཚོན་གྱིས་བཀྲ་བ་ན། །
འཐོར་བྱེད་དྲི་ཡི་བཞོན་པས་མཐར་བདས་ཏེ། །ཐུབ་བསྟན་ཉི་མ་སྟོང་ལྟར་གསལ་བར་མཛད། །
ཅེས་གསུངས་པ་ལྟར། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས་[6]ཀྱང་། དེ་ནས་དྲི་ལངྒའི་ཆར་གཏོགས་གྲོང་ཁྱེར་ ༼བོད་མང་གིས་དཔལ་ཡོན་ཟེར།༽ ཀ་ལིངྒར་[7]བྱོན་ཚེ་པཎྜི་ཏ་གསུམ་དེར་སོང་ནས་དབུས་སུ་སྤྱན་དྲངས་ཀྱང་མ་བྱོན་པར་མདོ་བཏུས་བསླབ་བཏུས་བྲང་ཁང་གི་སྐར་ཁུང་ན་ཤིན་ཤུན་ལ་པཎྜི་ཏའི་ཡི་གེ་ཕྲ་མོས་བྲིས་ཡོད་གསུངས། དེར་ཡང་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་བཞུགས་དུས་རི་དྭགས་མང་པོ་ཁོང་གི་བྲང་ཁང་དུ་སོང་ཡང་། ཕྱིར་མ་བྱུང་བས་རྒྱལ་པོ་དང་དགེ་འདུན་གྱིས་ཅོ་འདྲི་བར་བརྩམས་ཚེ་རི་དྭགས་ཐམས་ཅད་ཐོན་ནས་སོང་བ་དང་། དེ་ནས་དཔལ་གྱི་རིའི་ལྷོ་ཕྱོགས་སུ་ཨུ་ཙུཥྨའི་སྤྱོད་པས་བྱོན་ཚེ་མུ་སྟེགས་པའི་སྟོན་པ་ཤང་ཀར་དེ་བས། ནམ་མཁར་དབང་ཕྱུག་གི་དཀྱིལ་འཁོར་བྲིས་པ་ཁོང་གིས་རླུང་ཆེན་པོ་བཏང་སྟེ། མུ་སྟེགས་བཅས་ཆུའི་ཕར་འགྲམ་དུ་འཕངས་པ་སོགས་ཀྱིས་མུ་སྟེགས་བསྣུབས་ནས་ནང་པ་དར་བར་མཛད། ཅེས་གསུངས་སོ།།
མདོར་ན་ངོ་མཚར་གྱི་གཏམ་བདུན་པ་ནི། གཏམ་གཞན་ལས་བརྒྱུད་པ་བོད་ཀྱི་ཤ་ལུ་པཎྜི་ཏས་བྲིས་པ་ལས[8]། མུ་སྟེགས་ཀྱི་སྟོན་པ་ཤངྐ་དེ་ཝས་ཞག་བདུན་ནམ་མཁའ་ལ་དབང་ཕྱུག་གི་དཀྱིལ་འཁོར་འབྲི་ཡིས་དེ་བཤིག་ནུས་ན་ཕྱི་རོལ་པ་ཐམས་ཅད་ནང་པར་འཇུག་ཅིང་། མ་ནུས་ན་ཐམས་ཅད་ཕྱི་རོལ་པར་འཇུག་དགོས་སོ་ཞེས་བསྒྲགས་པ་ན་བཤིག་པར་ཁས་ལེན་པ་མ་བྱུང་བས། ནང་པ་རྣམས་ཉམ་ང་བ་ན་སློབ་དཔོན་འདི་གཅེར་བུ་ཁྲུད་མ་ཕོ་བའི་ཚིགས་མས་འཚོ་བའི་སྤྱོད་པ་མཛད་པ་ན། རྒྱལ་པོའི་བྲན་མོས་ཁྲུད་མ་ཕོ་བ་སློབ་དཔོན་གྱི་སྐུ་ལ་ཟེར་མ་ཕོག་པ་ན་ལྕགས་བསྲེགས་ལ་ཕོག་པ་ལྟར་ཁོལ་བ་མཐོང་ནས་རིམ་གྱིས་བསྙད་པས། རྣལ་འབྱོར་པར་ཤེས་ཏེ་གནས་བརྟན་དང་རྒྱལ་པོས་གསོལ་བ་བཏབ་པས་གཞིག་པར་ཞལ་གྱིས་བཞེས་ཏེ་རས་ཟུང་གཉིས་དང་། ཆུའི་བུམ་པ་དང་། མེ་དང་ཤིང་སྟ་གོན་གྱིས་ཤིག་གསུང་། ཕྱི་ཉིན་མུ་སྟེགས་པས་ནམ་མཁའ་ལ་ཐིག་བཏབ་སྟེ་སོང་། དེའི་ཕྱི་ཉིན་སྔ་དྲོ་སྐྱེ་བོ་ཐམས་ཅད་འདུས། མུ་སྟེགས་པ་དེས་ནམ་མཁའ་ལ་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་པ་ཤར་སྒོ་ཙམ་ཟིན་པའི་ཚེ་སློབ་དཔོན་གྱིས་ཏིང་ངེ་འཛིན་མཛད་པས་འཚུབ་མ་ཆེན་པོ་བྱུང་སྟེ་དཀྱིལ་འཁོར་རྨིག་མེད་པར་ཁྱེར། མུ་སྟེགས་ཀྱི་སྟོན་པ་ཡང་རླུང་གིས་བདས་པའི་བྱིའུ་ལྟར་འཐོར། ལྗོན་ཤིང་དང་ཁང་པ་ཡང་ལྡེག་ཅིང་སྐྱེ་བོ་རྣམས་ཀུན་ཏུ་བྱེར་བ་ན། སློབ་དཔོན་གྱིས་རྒྱལ་པོ་ཡབ་ཡུམ་བཙལ་ཏེ་ཆུས་རྡུལ་བཀྲུས་རས་གཡོགས་མེས་བསྲོས་ཏེ་བདེ་བར་བྱས། ཡུལ་པ་དེ་ཐམས་ཅད་སངས་རྒྱས་པར་གྱུར་ཏེ་མུ་སྟེགས་ཕམ་པའི་ཡུལ་དུ་གྲགས་པ་ནི་གཏམ་བདུན་པའོ། །ཞེས་བཤད་དོ། །ཞེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༡ན༣
[2] ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།
[3] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། སྐལ་བཟང་དགའ་བྱེད། དཔེ་རིང་། ཤོག་ ༡ན༡ ནས་ ༢ན༦ བར།
[4] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༠
[5] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༩ ནས་ ༡༤༠ བར།
[6] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༩༦
[7] ཀ་ལིངྐ་ཞེས་པ་ནི། རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ལ་ཏྲི་ལིངྒ་ལ་སོགས་པའི་ལིངྒའི་མིང་ཅན་བརྒྱད་ཙམ་ཡོད་པར་བཤད་པའི་ནང་ནས་གཅིག་ཡིན། ཞེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༢༢༥ ཐོག་གསལ།
[8] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༣བ༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩༣ ནས་ ༩༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།