བཞི་པ། སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་སྙིང་བསྡུས།
༡༽ ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན།
དེ་ཡང་བུདྡྷ་པཱ་ལི་ཏ་ལེགས་སྦྱར་ནས་བོད་སྐད་དུ་སྒྱུར་མཁན་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༧༥༥ ལོར་གཙང་རུ་ལག་ཤངས་ཀྱི་དར་མ་སྒང་དུ་སྐུ་འཁྲུངས་ཤིང་རྟེན་རབ་བྱུང་ཡིན་པས་བནྡེ་ཀླུའི་རྒྱལ་མཚན་ཡང་ཞུ། དེ་ཡང་པདྨ་བཀའ་ཐང་ལས[1]། རུ་ལག་ཤངས་ཀྱི་དར་མ་སྒང་བྱ་བར༔ ཡབ་མིང་ཅོག་རོ་ཀླུ་ཡི་རྒྱལ་འབྱུང་དང་༔ ཡུམ་ནི་འབྲིང་བཟའ་མཛེས་མ་གཉིས་ཀྱི་བུཿ
དགེ་བསྙེན་ལིཙྪ་བྱི་ནི་ཚེ་འཕོས་པ༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་ཞེས་བྱ་བ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔ ཞེས་གསུངས་པ་ལྟར། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱོན་པའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་དང་། ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན། དེ་ཡང་ཅོག་རོ་ཀླུའི་རྒྱལ་མཚན་མཆོག་ནི། མངའ་བདག་ཚངས་པ་ལྷའི་མེ་ཏོག་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་རབ་དགུ་སྟེ། ལོ་ཙཱ་བ་པ་གོར་བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨཱ་ནནྟ་སྟེ་རྒན་གསུམ་དང་། གཉགས་ཛྙཱ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་པ་གསུམ་བཅས་ལོ་ཙཱ་བ་རབ་དགུའི་ནང་གསེས་ལས་གཞོན་པ་གསུམ་གྱི་ཡ་གྱལ་དང་། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡང་ཡིན་ཏེ། རྔོག་བློ་ལྡན་ཤེས་རབ་ཀྱིས།
བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །
སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་ཞིག་འདྲ། །
རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། །
ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་མཚུངས། །
ཞེས་བསྔགས་བརྗོད་མཛད་འདུག །
བཀའ་ཐང་སྡེ་ལྔ་ལས[2]། དེ་སྲས་ཕྱག་རྡོར་སྤྲུལ་པ་བྱོན༔ ཁྲི་གཙུག་ལྡེ་བཙན་འོན་ཅང་རྡོ༔ དཔེ་མེད་བཀྲ་ཤིས་གཡུང་དྲུང་ལེགས༔ ཕྱོགས་བཞིར་གཙུག་ལག་བརྒྱ་རྩ་བརྒྱད༔ རྒྱ་གར་མཁན་པོ་ཛི་ན་མི་ཏྲ་དང་། །སུ་རེནྡྲ་བོ་དྷི་སོགས་སྤྱན་དྲངས་ནས༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་སོགས༔ མདོ་རྒྱུད་བསྟན་བཅོས་མང་དུ་བསྒྱུར༔ སངས་རྒྱས་བསྟན་པ་དར་བར་མཛད༔ ཅེས་བྱུང་བ་ལྟར། མདོ་རྒྱུད་བསྟན་བཅོས་གང་དག་སྒྲ་སྒྱུར་མཛད་པ་ནི། བཀའ་འགྱུར་ལས། དགེ་སློང་ཕའི་སོ་ཐར་གྱི་མདོ་ཤླཽ་ཀ་བདུན་བརྒྱ་དང་། དེའི་དོན་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད་ཤླཽ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་སོགས་ལེ་ཚན་དུ་མ་དང་། བསྟན་འགྱུར་ལས། མི་འཁྲུགས་པའི་སྒྲུབ་ཐབས་དང༌། སྦྱིན་སྲེག་གི་ཆོ་ག །སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ་སོགས་བཀའ་བསྟན་གཉིས་སུ་སྒྱུར་གཞུང་བཅུ་ཕྲག་འགའ་ཞིག་བཞུགས་པ་བཅས་སོ།།[3] །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་། རྔ་བ་ཕུལ་དཔར་འདེབས་བཟོ་གྲྭ། ༢༠༠༢ ལོ། ཤོག་གྲངས་ ༡༣༩
[2] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༡༥
[3] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༢༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༣ ནས་ ༤༤༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།