པ༽ བུདྡྷ་པཱ་ལི་ཏ་དང་རྗེ་བདག་ཉིད་ཆེན་པོ།
དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འགྲེལ་པ་བུདྡྷ་པཱ་ལི་ཏའི་གཞུང་བཟང་འདི་ཉིད་ལ་གཟིགས་རྟོག་མཛད་ནས་དབུ་མའི་ལྟ་བ་རྙེད་ཚུལ་མཛད་པ་ཡང་འཇམ་དབྱངས་ཆོས་རྗེས་ (1379-1449) མཛད་པའི་རྗེའི་གསང་བའི་རྣམ་ཐར་ལས[1]།
རྒྱལ་སྲས་ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་ལྔ[2]། །ཟབ་མོ་རྟེན་འབྱུང་གཏམ་གྱི་བགྲོ་བ་མཛད། །
དེ་ཡི་ནང་ནས་དཔལ་ལྡན་སངས་རྒྱས་བསྐྱངས། །རྒྱ་དཔེས་བྱིན་བརླབས་འཕགས་པའི་དགོངས་པ་འཁྲུངས། །

ཞེས་གསུངས་པ་ལྟར། རྗེ་ཙོང་ཁ་པ་ཆེན་པོས་དབུ་མ་རྩ་བའི་འགྲེལ་པ་བུདྡྷཿཔཱ་ལི་ཏའི་གླེགས་བམ་གཟིགས་པ་ན་དབུ་མའི་ལྟ་བ་ཕྱིན་ཅི་མ་ལོག་པ་ཐུགས་ལ་འཁྲུངས་པའི་ལོ་རྒྱུས་ཡོད་དེ། མཁས་གྲུབ་ཆོས་རྗེས་ (1385-1438) མཛད་པའི་རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལས[3]། གཉལ་ནས་དྭགས་པོ་ལྷ་སྡིངས་སུ་ཕེབས། ཐལ་རང་གི་ལྟ་བའི་གནད་རྣམས་ལ་དཔྱད་པ་ནར་མར་བྱ་བྲལ་ལ་འབྱོན་པའི་གོང་ཉིད་ནས་དེ་བར་དུ་མཛད་ནའང་། མཐར་ཐུག་པའི་གནད་ལ་མི་བདེ་བ་གཏན་ནས་ལོག་པའི་ངེས་པ་འདྲེན་མ་ཐུབ། གནས་དེར་བླ་མ་དང་རྗེ་བཙུན་ཐ་མི་དད་དུ་བྱས་ཤིང་གསོལ་བ་དྲག་ཏུ་བཏབ་པས། མཚན་མོ་ཞིག་མནལ་ལམ་དུ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལྔ་རང་བཞིན་ཡོད་མེད་ཀྱི་གནད་རྣམས་ལ་འབེལ་བའི་གཏམ་གྱིས་བཀའ་བགྲོ་བ་མཛད་ཀྱིན་འདུག་པའི་ནང་ནས། སློབ་དཔོན་སངས་རྒྱས་བསྐྱངས་ཡིན་ཟེར་བའི་པཎྜི་ཏ་སྔོ་བསངས་སྐུ་བོངས་ཆེ་བ་ཞིག་གིས་དབུ་མའི་རྒྱ་དཔེ་ཞིག་ཕྱག་ན་བཟུང་བ་ཚུར་བྱོན་ནས་བྱིན་གྱིས་བརླབས་པའི་མཚན་མ་ཞིག་བྱུང་། དེའི་ཕྱི་ཉིན་རྩ་ཤེའི་འགྲེལ་པ་བུདྡྷཿཔཱ་ལི་ཏ་གཟིགས་པས། འབད་པ་མེད་པར་ཐལ་འགྱུར་གྱི་ལྟ་བའི་གནད་དང་། དགག་བྱའི་མཚམས་འཛིན་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས་ཤིང་། མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག །དེ་ཁོ་ན་ཉིད་ཀྱི་དོན་ལ་མཐའ་གཞན་དུ་དོགས་པའི་སྒྲོ་འདོགས་ལྷག་མ་མེད་པར་དྲུངས་ཕྱུང་བར་གྱུར་ཏེ། ཕྱིན་ཆད་རང་རེའི་རྗེས་འཇུག་རྣམས་ལའང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་འདི་ལའང་བལྟ་དགོས་ཞེས་ཡང་ཡང་གསུངས་པའི་རྒྱུ་མཚན་ནི། དེ་ལ་བལྟས་ན་ལྟ་བའི་གནས་ལ་ངེས་པ་ལྷག་པར་རྙེད་པའི་རྟེན་འབྲེལ་ཞིག་ཡོད་པས་དེ་ལྟར་བྱས་པ་ཡིན། ཞེས་གསུང་ངོ་།།
དེས་ན་རྩ་ཤེའི་རྒྱ་ཆེར་འགྲེལ་མཛད་པའི་སྐབས་སུ། གཞུང་དཀའ་བའི་གནད་ཕལ་ཆེ་བར་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་རེ་དྲངས་པའི་བཤད་པ་ཡང་ཆེད་ཀྱིས་མཛད་པའི་རྒྱུ་མཚན་ཡང་དེ་ཡིན་ལ། སྟོན་པ་ལ་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པའི་ཤུགས་ཀྱིས་དྲངས་པའི་བསྔགས་པ་བརྗོད་པ། ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བ་གསུང་བའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་མཛད་དོ། །ཞེས་གསུངས་པ་ལྟར་མཁས་གྲུབ་ཐམས་ཅད་མཁྱེན་པས་ (1385-1438) མཛད་པའི་དཔལ་ལྡན་ས་གསུམ་མ་ལས་[4]ཀྱང་།
ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས། །ཟླ་བའི་ཞབས་ཀྱིས་གང་ཚེ་བྱིན་བརླབས་པ། །
དེ་ཡི་མོད་ལ་ཟབ་མོའི་ཆོས་ཉིད་ལ། །འཁྲུལ་བའི་དྲི་མ་སྤངས་ལ་གསོལ་བ་འདེབས། །
ཞེས་གསུངས་སོ། །གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། རྗེ་རིན་པོ་ཆེས་གནས་ (འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས།) དེར་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཐ་མི་དད་དུ་བྱས་པ་ལ་གསོལ་བ་དྲག་ཏུ་འདེབས་པ་དང་། རིགས་པའི་དཔྱད་པ་ཞིབ་པར་མཛད་པས་བྱིན་གྱིས་བརླབས་པའི་མཚན་མ་ཁྱད་པར་ཅན་བྱུང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་བུངྔྷ་པཱ་ལི་ཏ་ལ་ལེགས་པར་གཟིགས་པས་ཀྱང་མཚམས་སྦྱར་ཏེ། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བའི་གནད་མཐར་ཐུག་པ་དང་། དགག་བྱའི་མཚམས་འཛིན་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས་ཤིང་མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག །དེ་ཁོ་ན་ཉིད་ཀྱི་དོན་ལ་མཐའ་གཞན་དུ་དོགས་པའི་སྒྲོ་འདོགས་ལྷག་མ་མེད་པར་དྲུངས་ཕྱུང་བར་གྱུར་ཏེ། སྟོན་པ་ལ་ཤེས་ནས་དད་པ་ཐོབ་པའི་ཤུགས་ཀྱིས་དྲངས་པ་ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བ་གསུང་བའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་མཛད་དོ། །ཞེས་གསུངས་སོ།།
དེ་བཞིན་སྐུའི་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ (1901-1981) གིས་མཛད་པའི་ལམ་རིམ་རྣམ་གྲོལ་ལག་བཅངས་ལས[6]། བརྩོན་འགྲུས་བརྩམས་ན་ནམ་ཞིག་ནས་མཁས་པའི་གཞུང་ལ་བརྟེན་ནས་ཟབ་མོའི་ལྟ་བ་ཕྱིན་ཅི་མ་ལོག་པ་རྟོགས་པར་ལུང་བསྟན་པ་བཞིན། ཕྱིས་ཚོགས་བསགས་སྒྲིབ་སྦྱངས་སོགས་ཀྱི་མཐུས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ཞལ་གཟིགས་ནས། འགྲེལ་པ་བུདྡྷ་པཱ་ལི་ཏ་གཟིགས་པས་ཐལ་འགྱུར་བའི་ལྟ་བ་མཐར་ཐུག་ཐུགས་རྒྱུད་ལ་འཁྲུངས། སྐབས་དེ་དག་ལ་འཕགས་ཡུལ་གྱི་པཎ་གྲུབ་མང་པོའི་ཞལ་གཟིགས་པའི་ཚེ་ཞལ་མཇལ་བ་དེ་དག་ལ་སྣང་ཆུང་མཛད་པ་ན། རྟོགས་ལྡན་པ་བརྒྱུད་དེ་རྗེ་བླ་མ་ལ་འཇམ་དཔལ་གྱིས། འདི་དག་ལ་སྣང་ཆུང་མ་བྱེད་དང༌། འདི་དག་གི་གཞུང་ལ་བརྟེན་ནས་རང་གཞན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་འགྱུར་གསུངས།
དེ་ལྟར་དབུ་མའི་ལྟ་བ་ཕྱིན་ཅི་མ་ལོག་པ་རྟོགས་པ་ན། སྟོན་པ་ལ་ཐུགས་དད་ཆེར་འཁྲུངས་ནས། རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་པ་ལེགས་བཤད་སྙིང་པོ་ཆུང་བ་ལྗགས་རྩོམ་མཛད། འདི་སྤྲང་པོ་གནས་བསྐོར་བ་ཞིག་གིས་ངག་ནས་སྐྱོར་བ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་གསན་ནས། དང་པོར་ཀླུ་སྒྲུབ་ཀྱིས་མཛད་དམ་སྙམ་པ་དང༌། དེ་ནས་ཟླ་གྲགས་ཀྱིས་མཛད་སྙམ་པ་སོགས་བྱུང་བ་ན། མཇུག་ནས་རིམ་པར་ཀླུ་སྒྲུབ་དང་ཟླ་བའི་གཞུང་ལ་བརྟེན་ཚུལ་གྱི་གཞུང་ཚིག་ཐོན་པ་ན། དེ་དག་མིན་པར་མཁྱེན་ཏེ་སྤྲང་པོ་དེ་ལ་དྲི་བ་མཛད་པར། རྗེ་ཙོང་ཁ་པ་ཆེན་པོས་མཛད་ཟེར་བས་རྗེ་བླ་མ་ལ་དད་པ་ལྡོག་ཏུ་མེད་པ་སྐྱེས་ནས་མཇལ་བར་བྱོན་ཀྱང་རྗེ་བླ་མ་གཞན་དོན་དུ་དག་ཞིང་ལ་གཤེགས་ཟིན་པ་དང་ཐུག་སྟེ་མཇལ་མ་ཐུབ་ཀྱང༌། མཇལ་རྟེན་གསེར་དངུལ་སོགས་ནམ་མཁར་གཏོར་ཏེ་སྨོན་ལམ་བཏབ་པས། དེ་དག་དགའ་ལྡན་གྱི་གདན་སར་བབས་པ་སོགས་ཀྱི་རྣམ་ཐར་ངོ་མཚར་བ་ཡོད། དེས་ན་ཟབ་མོའི་དོན་གསལ་བའི་དགོངས་འགྲེལ་བླ་ན་མེད་པ་ནི། རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་འདི་རྣམས་ཡིན། ཞེས་གསུངས་སོ།།
དེ་བཞིན་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན་ལས་[7]ཀྱང་། ཕྱིས་སུ་རྗེ་བཙུན་གྱི་བཀའ་ལྟར་བྱ་བྲལ་ལ་བྱོན་ཏེ་བསགས་སྦྱང་ལ་འབད་པའི་རྗེས་སུ་དབེན་གནས་ལྷ་སྡིངས་སུ་བཞུགས་སྐབས་ (དེ་འོལ་དགའ་ལ་ཡོད། འོལ་དགའ་ལྷ་སྡིངས་ཟེར།) སླར་ཡང་བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་ཐ་མི་དད་དུ་བྱས་ནས་གསོལ་བ་ཤུགས་དྲག་བཏབ་ཅིང༌། ལྟ་བའི་གནད་ལ་དཔྱད་པ་ཞིབ་ཏུ་མཛད་པ་ན། ནུབ་གཅིག་མཚན་ལམ་དུ། མགོན་པོ་ཀླུ་སྒྲུབ། འཕགས་པ་ལྷ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། ལེགས་ལྡན་འབྱེད་རྣམས་ཀྱིས་ལྟ་བའི་གནད་ལ་འབེལ་གཏམ་མཛད་བཞིན་པའི་ནང་སངས་རྒྱས་བསྐྱངས་ཀྱིས་དབུ་མའི་རྒྱ་དཔེ་ཞིག་ཕྱག་གིས་བསྣམས་ནས་ཚུར་ཕེབས་ཏེ་རྗེ་ཉིད་ལ་བྱིན་རླབས་མཛད་པའི་མཚན་མ་བྱུང་ཞིང༌། (བྱིན་རླབས་མཛད་པའི་མཚན་མ་བྱུང་ཞིང་ཞེས་པ་དེ་ནི་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་བུདྡྷཿཔཱ་ལི་ཏ་དེ་གནང་ནས་རྒྱལ་བ་ཙོང་ཁ་པ་རང་གི་དབུའི་སྒང་ལ་བཞག་སྟེ་བྱིན་རླབས་གནང་བའི་གཟིགས་སྣང་བྱུང་བ་ཡིན།) ཕྱི་ཉིན་རྩ་ཤེའི་འགྲེལ་པ་བུདྡྷཿཔཱ་ལི་ཏའི་དཔེ་ཕྱག་ཏུ་འབྱོར་བ་དེ་གཟིགས་པའི་རྐྱེན་གྱིས་དབུ་མ་ཐལ་འགྱུར་བའི་ལྟ་བའི་གནད་མཐར་ཐུག་པ་དང་། དགག་བྱ་ཕྲ་རགས་ཀྱི་དབྱེ་མཚམས་འཛིན་ཚུལ་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས། མཚན་འཛིན་དམིགས་གཏད་ཐམས་ཅད་ཞིག །དེ་ནི་གཙོ་བོ་འགྲེལ་པ་བུདྡྷཿཔཱ་ལི་ཏ་ཡི་རབ་བྱེད་བཅོ་བརྒྱད་པ་དེ་རེད། རྩ་བ་ཤེས་རབ་ལ་རབ་བྱེད་ཉི་ཤུ་རྩ་བདུན་ཡོད་པའི་ནང་ནས་རབ་བྱེད་བཅོ་བརྒྱད་པ་དེ་གཟིགས་དུས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་རྒྱུད་ལ་དབུ་མའི་ལྟ་བ་འཁྲུངས་པ་ཡིན་ཟེར་སྲོལ་ཡོད། དེར་བརྟེན་ང་ཚོས་ཀྱང་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷཿཔཱ་ལི་ཏ་ཞེས་པ་དེ་ཚང་མ་ཀློག་མ་ཐུབ་ནའང་རབ་བྱེད་བཅོ་བརྒྱད་པ་དེ་ཀློག་ནས་སྨོན་ལམ་ཡག་པོ་གཅིག་བརྒྱབ་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྗེས་འཇུག་ཚོས་དབུ་མའི་ལྟ་བ་རྟོགས་པ་ལ་ཁྱད་པར་ཆེན་པོ་ཡོད་ཅེས་གསུངས།
དེ་ལྟར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་དབུ་མའི་ལྟ་བ་གསར་དུ་རྙེད་པར་མཛད་པའི་ཚུལ་ལ་བདུན་ལས། དང་པོ་ཡི་དམ་གང་ལ་བརྟེན་ནས་རྙེད་པ་ནི། རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལས་རྙེད་པ་དང་། གཉིས་པ་རྒྱུ་གང་ལ་བརྟེན་ནས་རྙེད་པ་ནི། རྒྱུ་ཚོགས་གསུམ་སྒྲིལ་དུ་ཉམས་སུ་བཞེས་པ། གསུམ་པ་གནས་གང་དུ་རྙེད་པ་ནི། གངས་རི་འོ་དེ་གུང་རྒྱལ་གྱི་དབེན་གནས་ལྷ་སྡིངས། བཞི་པ་དུས་ནམ་གྱི་ཚེ་རྙེད་པ་ནི། དགུང་ལོ་ཞེ་གཅིག་བཞེས་པའི་སྐབས། ལྔ་པ་མཚན་མ་གང་ལ་བརྟེན་ནས་རྙེད་པ་ནི། སངས་རྒྱས་བསྐྱངས་ཀྱི་རྒྱ་དཔེའི་གླེགས་བམ་གྱིས་བྱིན་གྱིས་བརླབས་པའི་མཚན་མ་ཁྱད་པར་ཅན་དམིགས་པ། དྲུག་པ་འགྲེལ་པ་གང་གི་ཐད་དུ་རྙེད་པ་ནི། དེ་ཡང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[8]། འགྲེལ་པ་གཟིགས་མཚམས་སུ་གང་དུ་སྒྲོ་འདོགས་ཆོད་པ་ནི། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་ནས། རྗེ་རིན་པོ་ཆེས་བུདྡྷ་པཱ་ལི་ཏ་གཟིགས་སྐབས། རྩ་ཤེས་རབ་བྱེད་བརྒྱད་པའི།
བརྟེན་ནས་འབྱུང་བ་མེད་པ་ཡི། །
ཞེས་སོགས་ཀྱི་ཐད་འགྲེལ་པར་གཟིགས་ནས་སྟོང་ཉིད་གསར་དུ་རྟོགས་པའི་ཚུལ་མཛད་པ་ཡིན་འདྲ། རྩ་ཤེས་ཊཱིཀ་ཆེན་དུ་ལུང་དེ་མང་པོ་འདྲེན་པའང་མཛད་འདུག་ཅེས་གསུངས། རྣམ་ཐར་དད་པའི་འཇུག་ངོགས་ལས། དེ་ལྟར་དེ་ཁོ་ན་ཉིད་ཀྱི་དོན་ལ་རིགས་པའི་སྟོབས་ཀྱིས་སྒྲོ་འདོགས་ལྷག་མ་མེད་པར་ཆོད་དེ་སྟོང་པ་ཉིད་ལ་ཐུགས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ལྷུར་མཛད་ཅིང་། ཡང་དག་པའི་དྲན་ཤེས་ཀྱིས་ལེགས་པར་བསྐྱངས་པའི་གོམས་པ་ཕུལ་དུ་ཕྱིན་པར་མཛད་པའི་སྟོབས་ཀྱིས། རྗེ་ཉིད་ཀྱི་ཞལ་ནས། ད་ལྟ་ལེགས་པར་གོམས་པས་རྗེས་ཐོབ་ཏུའང་སྣ་ཚོགས་པའི་སྣང་བ་འདི་ཐམས་ཅད་སྟོང་བཞིན་དུ་སྣང་བའི་སྒྱུ་མ་ལྟར་འཆར་གྱི། སྟོང་པ་ཉིད་ཀྱི་རྒྱས་མ་ཐེབས་པའི་སྣང་བ་རང་དགའ་བ་ཆེར་མི་འཆར་བར་འདུག་ཅེས་གསུངས་སོ། །ཚུལ་འདི་ནི་མཁས་པ་མགུ་བར་བྱེད་པའི་རྣམ་པར་ཐར་པ་ཆེས་དཔག་པར་དཀའ་བ་རྒྱལ་བ་སྲས་དང་བཅས་པས་ཀྱང་བསྟོད་པའི་ཕྲེང་བས་བསྔགས་པར་བྱ་བའི་ཡུལ་ཡིན་ན། དག་ཅག་དག་གིས་ལྟ་སྨོས་ཀྱང་ཅིས་འཚལ། ཞེས་དང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ (1497-1557) ཀྱིས་མཛད་པའི་ཆོས་འབྱུང་རྒྱ་མཚོའི་གྲུ་གཟིངས་ལས[9]། དགུང་ལོ་སོ་དྲུག་པ་ནས་འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་བྱ་བྲལ་བའི་ཚུལ་གྱིས་བླ་མ་འཇམ་དཔལ་དབྱེར་མེད་ལ་གསོལ་བ་འདེབས་པ་དང་། གཞུང་ཆེན་པོར་བསམ་བྱུང་གིས་དཔྱད་དེ་རྩེ་གཅིག་ཏུ་ཉམས་སུ་བཞེས་པས་བླ་མ་དང་ལྷག་པའི་ལྷས་རྗེས་སུ་བཟུང་། ཁྱད་པར་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་པ་ལ་བརྟེན། འགྲེལ་པ་བུདྡྷཱ་པཱ་ལི་ཏར་གཟིགས་པས། རྩ་ཤེའི་རབ་བྱེད་བརྒྱད་པའི།
བརྟེན་ནས་འབྱུང་བ་མེད་པ་ཡི། །
ཞེས་སོགས་ཀྱི་འགྲེལ་པ་ལ་བརྟེན་ནས་སྟོང་ཉིད་གསར་དུ་རྟོགས་པའི་ཚུལ་བསྟན། ཞེས་གསུངས། འོན་ཀྱང་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་[10]དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས[11]།
གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །
གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །
ཞེས་པའི་ཐད་ཀྱི་བུདྡྷཿཔཱ་ལི་ཏའི་ཚིག་མཚམས་ལས་རྙེད་པར་གསུངས་ལ། བདུན་པ་རྙེད་ནས་གང་མཛད་པ་ནི། དབུ་མའི་བསྟན་བཅོས་ལྟ་བའི་ལེགས་བཤད་ཆེན་མོ་ལྔ་ལ་སོགས་པ་མང་དུ་མཛད་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། བློ་གླིང་དཔེ་མཛོད། ༡༩༩༤ ལོ། ཤོག་གྲངས་ ༣༦༤
[2] མདོ་ལུགས་ལྟར་ན། མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་ཝ། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ཀླུའི་བྱང་ཆུབ། དཔལ་ལྡན་ཟླ་བ་གྲགས་པ་བཅས་ལྔ་དང་། སྔགས་ལུགས་ལྟར་ན། སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་ཝ། སློབ་དཔོན་ཀླུའི་བྱང་ཆུབ། སློབ་དཔོན་ཤཱཀྱ་མི་ཏྲ། དཔལ་ལྡན་ཟླ་བ་གྲགས་པ་ལྔར་བགྲང་བ་ལས་སྐབས་འདིར་མདོ་ལུགས་ལྟར་རོ།།
[3] མཁས་གྲུབ་རིན་པོ་ཆེའི་གསུང་འབུམ། པོད། ༼ཏ༽ གསུང་ཐོར་བུ། ཤིང་པར། ཤོག་གྲངས་ ༥༤ན༢
[4] མཁས་གྲུབ་རིན་པོ་ཆེའི་གསུང་འབུམ། པོད། ༼ཏ༽ གསུང་ཐོར་བུ། ཤིང་པར། ཤོག་གྲངས་ ༥ན༥
[5] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༣༥༢
[6] བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག ༼༥༽ མ་ནི་པལ་པར་ཁང་། ༢༠༡༢ ལོ། ཤོག་གྲངས་ ༥༣༨
[7] དུང་དཀར་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐའེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༤༠༣
[8] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲང་ས ༢༧༣
[9] ཆོས་འབྱུང་རྒྱ་མཚོའི་གྲུ་གཟིངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོ། ཤོག་གྲངས་ ༢༣༤
[10] ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་ ༣ ཉིན་ཐེ་ཝན་ཆོས་ཞུ་བར་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་ཉིན་དང་པོར་གསུངས།
[11] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༢༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༧ ནས་ ༢༥༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།