ལེའུ་དྲུག་པ། ནཱ་ལེནྡྲའི་གཙུག་ལག་ཁང་གི་ནང་རྟེན། ཀ༽ དཔལ་ནཱ་ལེནྡྲའི་ནང་རྟེན་བྱིན་ཅན།

ལེའུ་དྲུག་པ། ནཱ་ལེནྡྲའི་གཙུག་ལག་ཁང་གི་ནང་རྟེན།

ཀ༽ དཔལ་ནཱ་ལེནྡྲའི་ནང་རྟེན་བྱིན་ཅན།

 

དེ་ཡང་རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཤྲཱི་ནཱ་ལེནྡྲ་ལ་བསྟོད་པ་སྙན་པའི་རྔ་སྒྲ་ལས[1]།

ནཱ་ལེནྡྲ་ཡི་རྫིང་ཁར་འོད་དཔག་མེད། །

ཐུགས་རྗེ་ཆེན་པོ་མཛུབ་ཀེར་ལ་སོགས་པ། །

རྟེན་མཆོག་ངོ་མཚར་དཔག་མེད་བཞུགས་ཞེས་གྲགས། །

འཛམ་གླིང་མཁས་པའི་རྒྱན་གྱིས་བཞུགས་པའི་གནས། །

ཞེས་འོད་དཔག་མེད་དང་། ཐུགས་རྗེ་ཆེན་པོ་མཛུབ་ཀེར་ལ་སོགས་ངོ་མཚར་དཔག་ཏུ་མེད་པའི་རྟེན་མཆོག་བཞུགས་པའི་ཚུལ་ནི། དགེ་བསྙེན་ཆོས་དཔལ་དར་དཔྱང་ (དུས་རབས་13པ།) གིས་མཛད་པའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ (1197-1264) གྱི་རྣམ་ཐར་ལས[2]། རྟེན་ཁྱད་པར་འཕགས་པ་བཞི་བཞུགས་ཏེ། ཇོ་བོ་ཁ་སར་པ་ཎའི་རྡོ་སྐུ་དང་། འཇམ་དཔལ་མཇིང་ཡོན་དང་། ཡེ་ཤེས་མགོན་པོའི་རྡོ་སྐུ་རང་བྱོན་དང་། སྒྲོལ་མ་རྒྱན་མེད་ཅེས་བྱ་བ་བཞུགས་སོ།།

(ནཱ་ལེནྡྲའི་གཙུག་ལག་ཁང་གི་ས་འོག་ནས་ཐོན་པའི་རྡོ་བརྐོས་སྐུ་བརྙན། པར་ལེན་པ། Rajneesh Raj)

 

༡༽ ཐུགས་རྗེ་ཆེན་པོ་མཛུབ་ཀེར་མ།

 

ཁ་སར་པ་ཎ་ནི་རྒྱལ་པོའི་གཙུག་ལག་ཁང་ན་བཞུགས་ཏེ། སློབ་དཔོན་འཕགས་པ་ཟླ་བ་གྲགས་པ་དང་། སློབ་དཔོན་ཙནྡྲ་གོ་མི་གཉིས་བགྲོ་གླེང་མཛད་པའི་དུས་སུ་ཙནྡྲ་གོ་མཱིས་ལན་འཕྲལ་དུ་མ་ཐེབས་ཀྱང་། ཕྱིས་ཐེབས་པར་འདུག་སྐད། ལན་ཅིག་སློབ་དཔོན་ཟླ་བ་གྲགས་པས་ཆོས་དྲིས་པ་ལ་ཙནྡྲ་གོ་མཱིས་ལན་གཏུགས་ནས་ཆབ་བསིལ་བ་ལྟར་མཛད། སྤྱི་བླུགས་ཀྱང་ཁྱེར་ནས་བྱོན་པས། དེའི་ཕྱིར་སློབ་དཔོན་ཟླ་བ་གྲགས་པས་གཟིགས་པའི་ཆེད་བྱོན་པར་ཁ་སར་པ་ཎའི་རྡོ་སྐུ་དེ་ཕྱག་གཡས་པ་མཆོད་སྦྱིན་དུ་ཡོད་པ་དེ་རྣམས་འགྱུར་ནས་ཕྱག་རྒྱ་མཛུབ་མོ་ཀེ་རེ་མཛད། ཐལ་འགྱུར་གྱི་སེ་གོལ་གཏོག་ཅིང་། དེ་ལྟར་ལུས་པས་ད་ལྟའང་ཕྱག་མཛུབ་ཀེ་རེ་བ་ཆེ་ཆུང་མི་ཙམ་པ་ཞིག་འདུག །སློབ་དཔོན་ཟླ་བ་གྲགས་པས་ཉེ་རིང་མི་མཛད་པར་ང་ལའང་གསུང་བར་ཞུ་ཞུས་པས། ཁྱེད་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་སྐྱེས་ཤིང་། འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པས། ངས་བཤད་མི་འཚལ། གསང་བ་འདུས་པ་སྒོམས་གསུངས་སོ། །དེ་ནས་གསང་བ་འདུས་པ་ཞག་བདུན་བསྒོམས་པས། སྤྱན་རས་གཟིགས་ཀྱང་ནུབ་ཕྱོགས་ན་དཀར་ཀྲོང་ངེ་འདུག་པ་གཟིགས་སོ། །དཀར་པོ་གཟིགས་ཞེས་གྲགས་ཀྱང་དམར་པོར་བཤད་གསུངས་སོ།།

 

༢༽ འཇམ་དབྱངས་མཇིང་ཡོན་མ།

 

ཡང་མཛྙུ་གྷོ་ཥ་ལྦ་ལྦ་ཀྲ་འཇམ་དཔལ་མཇིང་ཡོན་ཞེས་པ་དེ་སློབ་དཔོན་ཟླ་གྲགས་པས་ཙནྡྲ་གོ་མཱི་ལ་བསུ་བ་མཛད་པ་ན་ཤིང་རྟ་གཅིག་གི་སྟེང་དུ་སྐུ་དེས་བཞུགས་པ་ཁྲིད། ཤིང་རྟ་གཅིག་གི་སྟེང་དུ་ཙནྡྲ་གོ་མཱི་བཞུགས་པར་ཞུས་པས་མ་གནང་སྟེ། ང་དགེ་སློང་གི་དགེ་འདུན་གྱི་གཙུག་ལག་ཁང་དུ་ཤིང་རྟའི་སྟེང་དུ་སྡོད་པ་མི་རུང་གསུངས། ནན་ཏན་ཆེར་ཞུས་པས། འོ་ན་ངས་འཇམ་དབྱངས་ཀྱི་ཤིང་རྟའི་སྟེང་དུ་རྟ་གཞུག་ཏུ་བསྡད་ལ། འཇམ་དབྱངས་ལ་བསིལ་ཡབ་གཡོབ་པའི་ཚུལ་དུ་བྱའོ་གསུངས་ནས་དེ་ལྟར་མཛད། ན་ལེན་དྲའི་ནུབ་ཕྱོགས་དཔག་ཚད་གཅིག་གི་ས་ནས་ལྷོ་ན་མར་སྤྱན་དྲངས་པར་ཙནྡྲ་གོ་མཱིས་སྐུ་དེ་འཇམ་དབྱངས་དངོས་སུ་གཟིགས་པ། མི་རྣམས་ཀྱི་ཕ་གི་ལ་ལྟོས་དང་ལྟོས་དང་བྱས་པས་མི་སྣང་བ་མ་དག་སྟེ་བེམ་པོར་འདུ་ཤེས་ནས་དེ་ཀ་ལྟར་ལུས་པ་ཡིན་ནོ། །ད་ལྟའང་མཇིང་ཡོན་དུ་ཡོད། ཤིང་སྐུ་ཡིན་ལ་མི་ཙམ་པ་ཡོད། དེ་ལྟ་ནའང་། རྟེན་དེ་དག་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དེ། གསོལ་བ་བཏབ་ན་དངོས་སུ་ཆོས་གསུངས་པ་ལ་སོགས་འབྱུང་བ་ཡིན། བེམ་པོ་ཡིན། བཅོས་མ་ཡིན། གཟུགས་བརྙན་ཡིན་སྙམ་ན་བྱིན་རླབས་ཀྱང་ཆུང་གསུངས། དེའི་རང་བཞིན་ནི། ཇོ་བོའི་གདམས་པ་ལས་ཀྱང་།

རྟེན་མཐོང་ན་ཡང་འདི་དག་ནི། །བྱིན་གྱིས་བརླབས་ལས་བྱུང་བའི་ཕྱིར། །

དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །སྙམ་དུ་དད་ཅན་གུས་པར་བྱ། །

ཞེས་གསུངས་ལ། བསྟོད་ཆེན་བཞི་སྟེ། ༡ ཙནྡྲ་གོ་མིས་མཛད་པའི་འཇམ་དབྱངས་མཇིང་ཡོན་མའི་བསྟོད་པ་དང་། ༢ ཙནྡྲ་གོ་མིས་མཛད་པའི་ཐུགས་རྗེ་ཆེན་པོ་མཛུབ་ཀེར་གྱི་བསྟོད་པ། ༣ མཐོ་བཙུན་གྲུབ་རྗེས་མཛད་པའི་ཐུབ་དབང་གི་བསྟོད་པ་ལྷ་ལས་ཕུལ་བྱུང་། ༤ སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་འཛིན་དང་བཞི་ལས་བསྟོད་པ་སྔ་མ་གཉིས་སློབ་དཔོན་ཙནྡྲ་གཽ་མིས་དཔལ་ནཱ་ལེནྡྲའི་ནང་བརྟེན་བྱིན་ཅན་གོང་འོག་གཉིས་སུ་བྱུང་བར་བསྟོད་པ་མཛད་པ་ཞིག་གོ །འཇམ་དབྱངས་མཇིང་ཡོན་མ་དང་། འཕགས་པ་མཛུབ་ཀེར་མ་གཉིས་ཇི་ལྟར་བྱུང་ཚུལ་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་གྱི་སྐབས་སུ་འགོད་པར་འགྱུར་བས་དེར་གཟིགས་པར་ཞུ།

 

༣༽ སྒྲོལ་མ་རྒྱན་མེད་མ།

 

ཏཱ་ར་ཐ་སྒྲོལ་མ་རྒྱན་མེད་ཅེས་བྱ་བར་གྲགས་པ་དེ་ནི། སློབ་དཔོན་ཙནྡྲ་གོ་མཱི་བྱང་ཆུབ་སེམས་དཔའ་ཡིན་པས། སློང་ཚད་སྟེར་བས་བྱིན་ཟིན་ནས། ཅིའང་མེད་པའི་དུས་ཤིག་ཏུ། རྒྱ་གར་ལྷོ་ཕྱོགས་ནས་འོངས་པའི་གླུ་མཁན་དང་། ཟློས་གར་མཁན་གྱིས་ཟླ་བ་ཕྱེད་དུ་གླུ་གར་གྱི་རོལ་མོ་ཕུལ་ནས་ནོར་སློང་ཟེར་བ་ལ་ན་བཟའ་རས་ཤིག་ཡོད་པ་དེ་བྱིན་པས་མ་འདོད་དེ། ཅི་སྟེར་ན་སྙམ་དུ་དགོངས་པ་ན། གཟིམ་ཁང་གཙུག་ལག་ཁང་དེའི་ཤར་གྱི་གྱང་ལོགས་ལ་སྒྲོལ་མའི་སྐུ་བྲིས་པ་ཞིག་ཡོད་པ་ལ་གསོལ་བ་བཏབ་པས། དེའི་ཞལ་ནས། འདི་ཚོ་བྱིན་གསུངས་ནས་ཕྱག་གཡས་པའི་སོར་གདུབ་གཡོན་པས་ཕུད་ནས་གནང་། དཔུང་རྒྱན་ཕྱག་གཉིས་ཀས་ཕུད་ནས་གནང་བས་སིལ་ཁྲོལ་ཁྲོལ་དངོས་སུ་བྱུང་བས། དེ་རྣམས་རོལ་མོ་མཁན་ལ་བྱིན། དེ་ལ་པཎྜི་ཏ་རྣམས་ཀྱིས་དེ་ཙམ་གང་ནས་བྱུང་ཟེར་ཞིང་བརྟགས་པས། སྒྲོལ་མའི་ཕྱག་སོར་དང་། དབུ་ལ་ཤུལ་ཡང་སྐོར་རེ་འདུག་པས། སྒྲོལ་མ་རྒྱན་མེད་ཅེས་དངོས་སུ་གྲགས། དེ་ནས་ན་ལེན་དྲའི་ལྷ་ཁང་སྒོ་ནུབ་ཏུ་བལྟ་བ་ཞིག་ན། ཤར་གྱི་རྩིག་པའི་ནང་ལོགས་ན་ཞབས་ཀྱི་ཐད་ཀར་མགོ་གཏུགས་ཤིང་བྱིན་རླབས་ཞུས་པས། སྣུམ་ཀྲེད་ཀྲེད་པར་སོང་ནས་ནག་པའི་དཀྱིལ་ཟད་པས། ཐེར་ཐེར་སོང་བ་བྱིན་རླབས་ཅན་དེ་ད་ལྟ་རིབ་ཙམ་གསལ་བར་བཞུགས་འདུག །ཅེས་གསུངས་སོ།།

དེ་བཞིན་བསྟན་འགྱུར་དུ་བཞུགས་པའི་ཙནྡྲ་གོ་མིའི་གཏམ་རྒྱུད་ལས་[3]ཀྱང་། ཏཱ་རཱའི་སྔོན་གཙུག་ལག་ཁང་ཞིག་ན་སློབ་དཔོན་ཟླ་གྲགས་དང་ཙནྡྲ་གོ་མི་གཉིས་ཅུང་ཟད་འགྲན་སྐད། སློབ་དཔོན་ཟླ་གྲགས་སྐུ་འཆག་པའི་ཚེ་རྒན་མོ་གཅིག་གིས་བུ་མོ་བག་མར་གཏོང་བའི་ནོར་བླངས་པས་ང་ལ་མེད་ཕ་གི་ལ་སློངས་ཞེས་སློབ་དཔོན་ཙནྡྲ་གོ་མི་ལ་ཁ་བསྟན་ནོ། །དེར་བསླངས་པས་སློབ་དཔོན་ལ་ན་བཟའ་ལྭ་བ་གཅིག་དང་། པོ་ཏི་གཅིག་མིན་པ་ཅི་ཡང་མེད་པས་མ་དགྱེས་ནས་བཤུམ་སྐད། དེ་ནས་སློབ་དཔོན་གྱིས་རྩིག་པའི་ལོགས་ལ་སྒྲོལ་མ་རྒྱན་དང་བཅས་པ་གཅིག་བྲིས་ནས་མ་ཧཱ་ཏཱ་ར་ཤྲཱི་བུ་ཏ་ཞེས་པ་སྒྲོལ་མ་དཔལ་ཆེན་མོ་ལ་བསྟོད་པ་[4]ཞེས་པ་ཚིགས་སུ་བཅད་པ་བཞི་བཅུ་པ་གཅིག་མཛད་པས། ཞབས་ཀྱི་གདུ་བུའི་ནོར་བུ་རིན་པོ་ཆེ་བརྒྱ་སྟོང་རི་བ་གཅིག་བོག་ནས་བྱུང་བ་དེ་བྱིན་ནས་ཚིམ་པར་མཛད་སྐད་དོ། །ཙནྡྲ་གོ་མིའི་གཏམ་རྒྱུད་བི་ན་ཡ་ཤྲཱིས་བསྒྱུར་བའོ། །ཞེས་ཀྱང་བྱུང་ངོ་།།

གཞན་ཡང་བྱ་བཏང་བ་པདྨ་རྡོ་རྗེས་ (དུས་རབས་15པ།) མཛད་པའི་བླ་ཆེན་དཔྱལ་གྱི་གདུང་རབས་རིན་པོ་ཆེའི་ཟ་ར་ཚགས་ལས[5]། དེ་ནས་དཔལ་ན་ལེནྡྲ་རུ་བྱོན་ནས། སྡེ་པ་བཞི་ཆར་ཚང་བའི་དགེ་འདུན་ལ་གཎྜི་བརྡུང་བའི་སྟོན་མོ་བསྙེན་བཀུར་བ་ལན་ལྔ་མཛད། ཀུན་སྤྱོད་བརྒྱད་པའོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་དམ་འཇིག་རྟེན་དབང་ཕྱུག་དང་། སློབ་དཔོན་ཙནྡྲ་གོ་མིས་ལུང་བསྟན་པའི་སྒྲོལ་མ་རང་བྱོན། རྡོ་རྗེ་གདན་གྱི་ཆུ་ཁུང་ན་བཞུགས་པའི་སྒྲོལ་མ་རང་བྱོན་རྣམས་ཀྱི་དྲུང་དུ་མཆོད་པ་རེ་ཕུལ་ཞིང་བྱིན་རླབས་ཞུས། གཞན་ཡང༌། ན་ལེནྡྲ་ན་མི་ཡི་དབང་པོའི་མཛད་པ་ལྔ་བརྒྱ་བཞུགས་ཤིང༌། འབར་བའི་ཕུག་དང་རྒྱལ་པོའི་ཁབ་ལ་སོགས་པ་ནའང་མཛད་པ་ཁྱད་པར་ཅན་རེ་རེ་བཞུགས་པ་ལགས། བྱིན་རླབས་ཞུས་ཤིང་མཆོད་པ་རེ་ཕུལ། ཀུན་སྤྱོད་དགུ་པའོ། །ཞེས་ཀྱང་བྱུང་ངོ་།།

 

༤༽ སྲན་མའི་སྒྲོལ་མ་གསུང་བྱོན།

 

དེ་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[6]། སློབ་དཔོན་ཆེན་པོ་དབྱིག་གཉེན་ལ་སློབ་མའི་མཆོག་བཞི་ཡོད་པའི་མངོན་པ་རང་ལ་མཁས་པ་བློ་བརྟན་ནི། སློབ་དཔོན་དབྱིག་གཉེན་བྷ་ག་བི་ཧ་ར་ཞེས་བྱ་བ་ན། འབྲུ་མར་གྱིས་ཟངས་བཀང་བའི་ནང་ན་བཞུགས་ཏེ་འབུམ་སྡེ་གོ་དགུ་ཞལ་འདོན་དུ་མཛད་པ་རྒྱུན་དུ་ཉན་པའི་ཕུག་རོན་ཞིག་ཡོད་པ་ཚེ་འཕོས་ནས་མཐའ་འཁོབ་ཌ་མ་ཞེས་བྱ་བར། དམངས་རིགས་ཀྱི་བུར་སྐྱེས་མ་ཐག་ངའི་སློབ་དཔོན་ག་ན་བཞུགས་ཞེས་འདྲི་བ་ལ། ཁྱོད་ཀྱི་སློབ་དཔོན་སུ་ཡིན་བྱས་པས། དབྱིག་གཉེན་ཡིན་ཟེར། ཕས་ཡུལ་དབུས་སུ་འགྲོ་བའི་ཚོང་པ་ལ་དྲིས་པས། བཞུགས་ཟེར་ནས་ཅུང་ཟད་བསྐྱེད་པ་དང་། སློབ་དཔོན་དབྱིག་གཉེན་ཅན་དུ་བསྐྱལ་ནས། སློབ་དཔོན་གྱིས་ཡི་གེའི་ཕྱི་མོ་སློབ་པ་ནས་བཟུང་སྟེ་རིག་པའི་གནས་ཐམས་ཅད་ལ་མཁས་པར་བསླབས་སོ། །ཆུང་ངུའི་དུས་ན་ནཱ་ལནྡྲ་ན་སྒྲོལ་མའི་རྟེན་བཞུགས་པའི་ཕྱག་ཏུ་སྲན་མའི་གང་བུའི་ཕུད་ཕུལ་ལ་ཟ་སྙམ་ནས་འགའ་ཞིག་ཕུལ་བས་འགྲིལ་བྱུང་བས། ཡང་ཕུལ་བས་འགྲིལ། འཕགས་མས་མ་བཞེས་པར་རང་ཟ་བ་མི་འོང་སྙམ་ནས་ཟད་ཟད་ཕུལ། ཡང་འགྲིལ་བས་ངུས་སོ། །དེར་འཕགས་མས་ཞལ་དངོས་སུ་བསྟན་ཏེ། ངུ་མི་དགོས་ངས་ཁྱོད་ལ་བྱིན་གྱིས་བརླབས་ཀྱི་ཁྱིམ་དུ་སོང་གསུངས། དེ་ནས་མཁྱེན་རབ་ཐོགས་མེད་དུ་གྱུར་ལ། རྟེན་དེ་ལའང་དེ་ཕྱིན་ནས་སྲན་མའི་སྒྲོལ་མ་ཞེས་གྲགས་སོ། །དེ་ལ་དཀོན་མཆོག་བརྩེགས་པ་ལ་སོགས་པ་མདོ་སྡེ་དུ་མ་ཐུགས་ལ་མངའ་ཞིང་། མཛོད་ཀྱི་འགྲེལ་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད། དེའི་སློབ་མ་གང་བ་སྤེལ། དེའི་སློབ་མ་རྒྱལ་པོའི་སྲས་དང་། ཁ་ཆེ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་ལ་སོགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་སྲན་མའི་སྒྲོལ་མ་ཞེས་གསུང་བྱོན་བྱིན་ཅན་ཞིག་ཀྱང་ཡོད་ཚུལ་རྣམ་ཐར་ངོ་མཚར་ཅན་འདི་ལྟར་རོ།།

གཞན་ཡང་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས[7]། ཇོ་བོ་ཆེན་པོས་རྗེ་བཙུན་སྒྲོལ་མ་ལ་ལྷ་གཅིག་མཛད་དེ་སྐུ་ཚེ་གང་པོར་བྱ་བ་ཕྲན་ཚེགས་ཚུན་ཆད་ཞུ་ས་གནང་། སློབ་དཔོན་ཉི་མ་སྦས་པ་ནི་བལ་ཡུལ་དུ་འཁྲུངས། ན་ལེནྡྲར་མཛེ་བྱུང་བས་ཡུལ་ནས་ལྷ་འདི་བསྒྲུབས་ཏེ་ནད་ལས་གྲོལ་ཅིང་། སྐུ་དངོས་སུ་བསྟན་ནས་འདིའི་ཆོས་སྐོར་དར་ཞིང་སྤེལ་བའི་གསུང་བྱོན། བོད་དུའང་ས་སྐྱ་དཀར་པོ་རྣམ་གསུམ་གྱི་དུས་ཤིན་ཏུ་དར། མཚན་བསྟོད་ཉེར་གཅིག་གི་སྒོ་ནས་སྒྲུབ་ཐབས་རབ་ཏུ་མང་ཞིང་ཐུན་མོང་དུ་ལས་མྱུར་དུ་འགྲུབ་པའི་ལྷ་ལ་འདི་ལས་ལྷག་པ་མེད། ཅེས་སྒྲོལ་མའི་སྐུའི་རྣམ་འགྱུར་མི་འདྲ་བ་རྣམས་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་རྟོགས་ནུས་སོ།།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་གྲངས་ ༤༦བ༡ ཨིན་ཨང་། ༤༦༦

[2] ཆག་ལོ་ཙཱ་བའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༤༠ ནས་༤༨ བར།

[3] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ༡༩༩༥ ལོ། ཤོག་གྲངས་ ༡༤༨༣

[4] དཔལ་ཆེན་མོ་སྒྲོལ་མའི་བསྟོད་པ་ཞེས་བྱ་བ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ ༤༠ ཤོག་ ༡༣༢༠

[5] པདྨ་རྡོ་རྗེའི་གསུང་ཆོས་སྐོར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༥༠

[6] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༧༩

[7] ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༥༧༩

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༣༢༧ ནས་ ༣༣༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *