༤༨༽ ལོ་ཙཱ་བ་རྩ་མི་སངས་རྒྱས་གྲགས།
ལོ་ཙཱ་བ་འདི་ཉིད་ཀྱི་མཚན་གྱི་དག་སྡེབ་ལ། ཙ་མི་དང་ཙྭ་མི། ཙཱ་མི་དང་རྩ་མི་དང་། རྩྭ་མི་སོགས་འབྲི་ཚུལ་མང་ལ། རབ་བྱུང་གི་མཚན་ལ་མི་ཉག་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་དང་། བསྙེན་རྫོགས་ཀྱི་མཚན་ལ་ཙ་མི་སངས་རྒྱས་གྲགས་པ་ཞེས་ཞུ་ཞིང་། རྩ་མི་ཞེས་པའི་གོ་དོན་ནི། མི་ཉག་མགོན་པོས་བྲིས་པའི་འབོ་གང་དཀར་བླ་མའི་རྣམ་ཐར་ལས[1]། སྤྱིར་རྩ་མི་ཟེར་བ་དེ་མི་ཉག་གི་ཡུལ་སྐད་ཡིན་ཅིང་།
ནང་དོན་རྩ་ནི་ས་དང་། མི་གནམ་གྱི་དོན་ཡིན་པས་གནམ་སའི་ལོ་ཙཱ་བ་ཟེར་བའི་ཆེ་བསྟོད་ཀྱི་མིང་ཞིག་ཡིན། ཞེས་བྱུང་ལ། པཎ་ཆེན་རང་ཉིད་ཀྱིས་བསྒྱུར་བའི་འགྱུར་བྱང་དག་གི་མཚན་གྱི་དབུར་ཙ་མི་ཞེས་སྦྱར་བ་ནི། རྣམ་ཐར་གྱི་དཔྱད་གཞི་ཁག་ཏུ་གསལ་བ་ལྟར་ན། སྔོན་གྱི་ཙ་མི་རྒྱལ་པོའམ་གནམ་སའི་བདག་པོར་བསྔགས་པའི་མི་ཉག་རྒྱལ་པོའི་གདུང་རྒྱུད་དུ་འཁྲུངས་པས་མིན་ནམ་སྙམ་པས་དཔྱད་དགོས་སོ།།
ཙ་མི་ལོ་པཎ་སངས་རྒྱས་གྲགས་པ་གང་དུ་སྐུ་འཁྲུངས་པའི་ཡུལ་ནི། བྱང་ཕྱོགས་མི་ཉག་གི་ཡུལ་ཏེ། མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེས་ (1385-1438) མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས[2]། ཙ་མི་སངས་རྒྱས་གྲགས་ནི། མི་ཉག་གི་ཡུལ་དུ་འཁྲུངས་པ་སྟེ། ཁ་ཅིག་ཉང་སྟོད་སྨད་མཚམས་ཀྱི་འཁྲིས་ཙ་ཁ་བ་ཡིན་ཟེར་བ་དང་། ཁ་ཅིག་གཡེ་རོང་གི་རྩ་བ་ཡིན་ཟེར་བ་ནི། དེ་ཉིད་ཀྱིས་བསྒྱུར་བའི་འགྱུར་བྱང་དུ།
བྱང་ཕྱོགས་མི་ཉག་ཡུལ་དུ་སྐྱེས་ཀྱང་ནི། །ཡུན་རིང་འཕགས་པའི་ཡུལ་དུ་གནས་བཅས་ནས། །
བླ་མ་དམ་པ་སངས་རྒྱས་ཀུན་མཆོད་པའི། །དགེ་སློང་སངས་རྒྱས་གྲགས་པ་ཞེས་བྱ་བ། །
ཞེས་ཁོང་རང་གིས་བཀོད་པ་མ་མཐོང་བར་ཟད་དོ། །ཞེས་གསུངས་ལ། དེ་བཞིན་སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ་ལས་[3]ཀྱང་། ཙ་མི་སངས་རྒྱས་གྲགས་ནི། མི་ཉག་གི་ཡུལ་དུ་འཁྲུངས་པ་སྟེ། ཁ་ཅིག་ཉང་སྟོད་སྨད་མཚམས་ཀྱི་འཁྲིས་ཙ་ཁ་བ་ཡིན་ཟེར། ཁ་ཅིག་གཡེ་རོང་གི་རྩ་པ་[4]ཡིན་ཟེར་བ་ནི། ཁོང་རང་གིས་མཛད་པའི་རྒྱུད་འགྲེལ་གྱི་འགྱུར་བྱང་དུ་བྱང་ཕྱོགས་མི་ཉག་ཡུལ་དུ་སྐྱེས་པར་བཤད་པ་དང་འགལ་བས། མི་ཉག་ཡིན། ཞེས་གསུངས་པ་ལྟར། མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། སྟག་ཚང་ལོ་ཙཱ་བ་རྣམ་གཉིས་ཀྱི་སྐུ་དུས་ནས་རྩ་མིའི་འཁྲུངས་ཡུལ་ལ་བཞེད་པ་མི་མཐུན་པ་ཡོད་འདུག་ཀྱང་། དུས་འཁོར་མཁས་པའི་མགུལ་རྒྱན་དང་། ཆོས་འབྱུང་མཁས་པའི་དགའ་སྟོན། བསྟན་རྩིས་ཀུན་བཏུས། འབྲུག་པའི་ཆོས་འབྱུང་། དེབ་ཐེར་དམར་པོའི་ཚིག་འགྲེལ། དུང་དཀར་ཚིག་མཛོད་ཆེན་མོ། གངས་ལྗོངས་ལོ་རྒྱུས་ཐོག་གི་མི་སྣ། མི་ཉག་གི་ལོ་རྒྱུས་དེབ་ཐེར་ལྗང་གུ། དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར། དུས་འཁོར་རྟོགས་བརྗོད་དཔག་བསམ་སྙེ་མ་སོགས་དེབ་ཐེར་ཕལ་མོ་ཆེར་མི་ཉག་ཏུ་འཁྲུངས་པར་གསལ་ཡང་། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[5]། རྩོང་ཁ་མི་ཉག་རྩ་མི་སངས་རྒྱས་གྲགས། ཞེས་མདོ་སྨད་ཙོང་ཁའི་ཕྱོགས་སུ་འཁྲུངས་པར་གསུངས་པས། མི་ཉག་ལའང་ཁམས་ཀྱི་མི་ཉག་དང་། ཙོང་ཁའི་མི་ཉག་གང་དུ་འཁྲུངས་མིན་ལའང་བཞེད་པ་གཉིས་སུ་སྣང་ངོ་།།
དེས་ན་ལོ་ཙཱ་བ་རྩ་མི་ཆེན་པོའམ་རྩ་མི་སངས་རྒྱས་གྲགས་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་མདོ་ཁམས་མི་ཉག་གི་ཡུལ་རྩ་མི་ཞེས་བྱ་བའི་སར་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[6]། མ་ག་དྷར་ཙ་མི་སངས་རྒྱས་གྲགས་དང་མཇལ། ཁོང་གི་དྲུང་དུ་ལོ་བཅུ་བཞུགས། གཅུང་ཆོས་འབར་གྱིས་ཞིང་བཙོང་ནས་གསེར་མང་པོ་ཁྱེར་ཏེ་རྡོ་རྗེ་གདན་དུ་སླེབས། ཁོ་ན་རེ། ཡབ་གྲོངས་ཤིད་ཀྱང་ངེད་ཀྱིས་ཚང་། གསེར་འདི་ཁྱོད་ཀྱི་སྐལ་བ་ཡིན། ང་ཡུལ་དུ་འགྲོ་ཟེར་བ་ལ་ཞལ་ཏ་མཛད་ནས་སློབ་གཉེར་ལ་བཙུད་པས་པཎྜི་ཏ་མཁས་པ་ཞིག་བྱུང་སྟེ་ཚད་པས་གྲོངས། འདའ་ཁར་ཁྱེད་ཀྱིས་ངའི་རུས་པ་འདི་དགེ་རིར་སྐྱེལ་དགོས་ཟེར་ནས་བོད་དུ་མི་འགྲོ་རེ་མནའ་ལན་གསུམ་བསྒགས། དེ་ནས་ཚུར་བྱོན་ཁོང་གི་ཆེད་དུ་གདུང་ཁང་བཞེངས། ཡབ་ཀྱིས་དབུ་བཙུགས་པའི་འབུམ་ཉི་ཤུ་དུམ་ཅིག་གི་འཕྲོ་ཡང་ཚར། སླར་རྒྱ་གར་དུ་བྱོན་པས་བླ་མ་རྩ་མི་མི་བཞུགས་པར་འདུག་པས་གདུང་ལ་མཆོད་པ་ཕུལ། དེ་རྗེས་རྒྱ་གར་དུ་ལོ་ལྔ་བཞུགས། ཞེས་དང་། དེ་བཞིན་ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་ (1447-?) གྱིས་མཛད་པའི་དུས་འཁོར་རྟོགས་བརྗོད་དཔག་བསམ་སྙེ་མ་ལས་[7]ཀྱང་། སླར་རྒྱ་གར་དུ་བྱོན་ཏེ་ཙ་མི་མི་བཞུགས་པས་གདུང་ལ་མཆོད་པ་ཕུལ། ལོ་ལྔར་པཎ་ཆེན་བཅུ་གསུམ་ལ་མང་དུ་གསན། རྒྱ་དཔེ་མི་ཁུར་བཅུ་བདུན་བསྣམས། བསྟན་པའི་བདག་པོར་གྱུར་ནས་གྱ་བཞི་པ་ལྕགས་ཕོ་ཁྱི་ལ་གཤེགས། ཞེས་ཙ་མི་ལོ་ཙཱ་བའི་དངོས་སློབ་སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ (1107-1190) ཀྱི་རྣམ་ཐར་དུ་གསལ་བ་ལྟར་ན། རྩ་མི་ལོ་ཙཱ་བའི་འཁྲུངས་ལོ་དེབ་ཐེར་ཁག་ཏུ་ཞལ་གསལ་འཁོད་པ་མི་སྣང་ཡང་། རྩ་མི་ལོ་ཙཱ་བ་ཕྱི་ལོ་ ༡༠༣༠ ཙམ་ལ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༡༣༧།༡༡༣༨ ཙམ་ལ་ཞི་བར་གཤེགས་པ་ཡིན་འདུག།
རྩ་མི་ལོ་ཙཱ་བ་རིགས་རུས་གང་དུ་སྐུ་འཁྲུངས་པ་ནི། པདྨ་བཀའ་ཐང་ལས[8]། རྩྭ་མི་ཤིང་མི་ལྗང་མོ་མིག་དགུའི་ཡུལ། །ཞེས་དང་། མཁས་པའི་དགའ་སྟོན་དང་། མཎི་བཀའ་འབུམ་ལས[9]། རྩ་མི་རྒྱལ་པོ། ཞེས་རྒྱལ་པོའི་ཐ་སྙད་སྦྱར་བ་གནང་འདུག་པ་ལྟར་ན། རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ་ནི། མི་ཉག་རབ་སྒང་ཕྱོགས་ཀྱི་གནམ་སའི་བདག་པོར་བསྔགས་པའི་རྩ་མི་རྒྱལ་པོའི་གདུང་རྒྱུད་དུ་སྐུ་འཁྲུངས་པ་ཞིག་སྟེ། དཔལ་ལྡན་ཆོས་ཀྱི་བཟང་པོས་མཛད་པའི་སྡེ་པ་གཡས་རུ་བྱང་པའི་རྒྱལ་རབས་རིན་པོ་ཆེ་བསྟར་བ་ལས་[10]ཀྱང་། དེ་ལྟར་སེའུ་རྒྱལ་པོ་དང་། མི་ཉག་རྒྱལ་རྒོད་ཀྱི་གདུང་གི་བརྒྱུད་པ་མ་ག་དྷ་རྡོ་རྗེ་གདན་གྱི་མཁན་པོ་འཛམ་བུའི་གླིང་དུ་ཉི་ཟླ་ལྟར་གྲགས་པའི་མཁས་གྲུབ་ཆེན་པོ་རྩ་མི་ལོ་ཙཱ་བའི་དབོན་པོའི་རིགས་སུ་འཁྲུངས་པ། བྱང་ཕྱོགས་མིའི་དབང་པོ་དག་གི་གདུང་རབས་བརྗོད་པ། ཞེས་གསུངས་སོ།།
རྟེན་དེ་ལ་ལུང་རྟོགས་ཀྱི་ཡོན་ཏན་ཇི་ལྟར་བརྙེས་པ་ནི། གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ལས[11]། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། བསྟན་པའི་ཆོས་སྒོར་ཞུགས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་ཁ་ཆེ་དང་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས་ཏེ་པཎྜི་ཏ་ཨ་བྷ་ཡ་ཀ་ར་གུཔྟ་སོགས་ལ་བསྟེན་ནས་མདོ་སྔགས་གཉིས་ཀར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པར་བསླབས་ཏེ་བསྟན་བཅོས་དུ་མ་བསྒྱུར་བར་མཛད། ཅེས་གསུངས་པ་ལྟར། སྐུ་ན་ཕྲ་མོ་ནས་རྒྱ་གར་དུ་ཕེབས་ཏེ་རྒྱ་གར་འཕགས་ཡུལ་གྱི་སྙན་གྲགས་ཅན་གྱི་བསྟན་པའི་མངའ་བདག་ཏུ་གྱུར་པ་པཎ་ཆེན་རྡོ་རྗེ་གདན་པ་ཆེན་པོ་དང་། པཎ་ཆེན་བོ་དྷི་བྷ་དྲ་སྟེ་རྡོ་རྗེ་གདན་པ་ཆུང་བ། པཎ་ཆེན་ཨ་བྷ་ཡ་ཀ་ར་གུཔྟ་སྟེ་འཇིགས་མེད་འབྱུང་གནས་སྦས་པ། གཞན་ཡང་པཎ་ཆེན་ཤཱནྟི་པ་དང་། ཙནྡྲ་ཀིརྟི་ཀི་ཙུ། པཎ་ཆེན་ཏ་ཀ་ན་ཀ་ཤྲཱི། པཎ་ཆེན་དྷརྨ་པཱ་ལ་སོགས་བསྟེན་ནས་རིག་པའི་གནས་ལྔར་མཁས་པར་གྱུར་ལ། འཆི་མེད་ཚེའི་དངོས་གྲུབ་བརྙེས་སོ།།
རབ་བྱུང་གཉིས་པའི་མེ་རྟ་ཕྱི་ལོ་ ༡༡༢༦ ལོའི་ཡས་མས་སུ་སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་རྒྱ་གར་དུ་ཕེབས་སྐབས་རྩ་མི་སངས་རྒྱས་གྲགས་པས་ཁོང་བསྟེན་ནས་ལོ་བཅུ་ཡི་རིང་སློབ་གཉེར་མཛད་པར་གྲགས་ལ། ལོ་ཙཱ་བ་འདི་གུང་ཐང་བླ་མ་ཞང་གི་རྣམ་ཐར་ནང་གསལ་བས་ཁོང་དང་དུས་ཐོག་ཕལ་ཆེར་མཚུངས་པར་མངོན། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[12]། མི་ཉག་རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ། འདི་རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་མཛད། རྒྱ་བོད་ཐམས་ཅད་ལ་འཕྲིན་ལས་ཤིན་ཏུ་ཆེ། བོད་པས་རྒྱ་གར་གྱི་མཁན་པོ་མཛད་པ་དེ་ཁོ་ནའོ། །ཞེས་གསལ་བ་ལྟར། མདོ་སྔགས་གཉིས་ཀར་མཁས་པས་རྒྱ་གར་རྡོ་རྗེ་གདན་གྱི་དགོན་པ་དང་། ནཱ་ལེནྡྲའི་མཁན་པོ་ཡང་མཛད་མྱོང་བར་གྲགས་ཤིང་། མཐར་རྒྱ་གར་དུ་སྐུ་གཤེགས་པར་གྲགས་སོ།།[13]
དེ་བཞིན་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ་ལས[14]། གཞོན་ནུ་དུས་ནས་རྒྱ་གར་དུ་བྱོན། ཡུན་རིང་དུ་བཞུགས། མཁས་པར་སྦྱངས། རྡོ་རྗེ་གདན་གྱི་གདན་ས་མཛད། དུས་འཁོར་རྒྱུད་འགྲེལ་བསྒྱུར་ཅིང་བཤད། དེའི་སློབ་མ་དིང་རི་ཆོས་གྲགས། ཨ་བྷ་ཡའི་སློབ་མ། ཁེ་གད་འཁོར་གྲགས། ག་རོད་ཚུལ་ཁྲིམས་འབྱུང་གནས་དང༌། རོང་རླིངས་ལོ་ཙཱ་བ། ར་བྱིད་ལོ་ཙཱ་བ། སེ་ལོ་ཙཱ་བ་སོགས་ཀྱིས་ཀྱང༌རྩ་མི་ལ་མཉན་ནས། འགྱུར་བཅོས་བྱས་ཀྱང་གཞན་རྣམས་ཀྱི་བཤད་བཀའ་མ་ཟིན། སེ་ལོ་ཙཱ་བས་གཉོས་འོད་འབར་ལ་བཤད། དེ་ལ་གྲུབ་ཐོབ་ཨུ་རྒྱན་པར་གྲགས་པ་རིན་ཆེན་དཔལ་གྱིས་ཞུས་ནས་དབང་བཤད་ཁྲིད་བཀའ་རྣམས་བསྐྱངས། ད་ལྟའང་ཨུ་རྒྱན་བསྙེན་བསྒྲུབ་ཏུ་གྲགས་པ་རྣམས་ཡིན་ནོ། །ཞེས་གསུངས་སོ།།
རྩ་མི་ལོ་ཙཱ་བས་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་པའི་ཚུལ་ནི། པདྨ་གར་དབང་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་འདུ་ཤེས་གསུམ་ལྡན་སྤོང་བ་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་འཕྲིན་ལས་འགྲོ་འདུལ་རྩལ་གྱི་རྟོགས་པ་བརྗོད་པའི་དུམ་བུ་སྨྲིག་རྒྱུའི་བདུད་རྩི་ལས[15]། ཙ་མི་ལོ་ཙཱ་བ་ནི། མི་ཉག་འགའི་ཡུལ་དུ་འཁྲུངས། གཞོན་ནུ་ནས་རྒྱ་གར་དུ་ཐེགས་ཏེ། དུས་ཞབས་པ་དང་ཨ་བྷ་ཡ་སོགས་པཎ་གྲུབ་མང་པོ་བསྟེན་ནས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་པས། རྒྱ་གར་ཤར་ནུབ་ཐམས་ཅད་དུ་མཁས་པར་གྲགས་ཤིང་། འགྲན་ཟླ་མ་མཆིས་པར་ཀུན་གྱིས་ཚད་མར་འཛིན། པཎྜི་ཏ་ཐམས་ཅད་ཀྱི་འདྲི་གཏུགས་དང་། འབེལ་བའི་གཏམ་གྱི་དབང་པོ་དང་མན་ངག་ལེན་པའི་གནས་སུ་བྱེད། མཚན་སངས་རྒྱས་གྲགས་སུ་བཏགས། རྒྱུད་སྡེ་མཐའ་དག་གི་མཛོད་འཛིན་པ། མཆོག་གི་དངོས་གྲུབ་བརྙེས་ཤིང་ཚེ་ཡི་རིག་འཛིན་གྲུབ་པས། ཨ་བྷ་ཡ་ལས་ཀྱང་རྟོགས་པ་མཐོ་བར་གྲགས། རྡོ་རྗེ་གདན་དང་ན་ལེནྡྲའི་མཁན་པོ་མཛད་དེ་བོད་ཀྱི་སློབ་མ་རྣམས་ལ་ལྷག་པར་ཡང་ཐུགས་བརྩེ་བས་དུས་འཁོར་འགྲེལ་ཆེན་ལ་རང་འགྱུར་མཛད་ནས་ཁྲིད་པར་མཛད། མདོར་ན་བོད་ཀྱི་གང་ཟག་གིས་འཕགས་ཡུལ་རྡོ་རྗེ་གདན་གྱི་ཆོས་ཀྱི་ཁྲི་སྲུང་བ་འདི་ཉིད་ཙམ་སྟེ་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཙམ་མོ། །ཞེས་གསུངས་པ་ལྟར། ཐུབ་བསྟན་འཇིགས་མེད་འོད་ཟེར་ (ཕལ་ཆེར།1976) གྱིས་བརྩམས་པའི་མི་ཉག་དང་ར་ཐིས་དགོན་གྱི་བྱུང་བ་བརྗོད་པ་ཆུ་དྭངས་ནོར་བུའི་ཕུང་པོ་ལས་[16]ཀྱང་། གཞན་ཡང་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་དཀའ་སྡུག་གིས་ལམ་ཕྲེང་རིང་མོར་སྲོག་དང་བསྡོས་ནས་འཕགས་ཡུལ་རྡོ་རྗེ་གདན་དང་ན་ལེནྡྲ་རུ་མི་ལོ་ཉི་ཤུ་ལྷག་ལ་སློབ་གཉེར་བྱས་ཤིང་ན་ལེནྡྲའི་མཁན་པོ་མཛད། ལོ་ཙཱ་བ་འདི་ཉིད་འཕགས་བོད་དང་མི་ཉག་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་བ་བཅས། མདོར་ན། བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་ཞིག་སྨད་ནས་རིམ་པར་དབུས་སུ་དར་བ་ཡིན། ཞེས་དང་། དེ་བཞིན་དཔག་བསམ་སྙེ་མ་དང་། ཀརྨ་མཁས་མཆོག་གཞན་ཕན་དབང་པོས་ (དུས་རབས་16པ།) མཛད་པའི་མཁས་པའི་མགུལ་རྒྱན་[17]དུའང་གཅིག་མཚུངས་གསུངས་པ་ལྟར། བོད་ཀྱི་མཁས་གྲུབ་ལོ་པཎ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་དག་གི་ཁྲོད་ནས་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་མཛད་ཁུར་བཞེས་མཁན་བོད་མི་ཁོང་གཅིག་པུ་ཡིན་འདུག་གོ།
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[18]། ཙ་མི་ནི་མི་ཉག་གྷར་འཁྲུངས། དུས་ཞབས་པ་དང་ཨ་བྷྱ་སོགས་ལ་བསྟེན་ཡང་ཕྱིས་ཨ་བྷྱ་སོགས་པཎ་གྲུབ་ཐམས་ཅད་ཀྱིས་འདུད། ཀུན་གྱིས་ཚད་མའི་སྐྱེས་བུར་བཀུར། རྡོ་རྗེ་གདན་དང་ནཱ་ལནྡའི་དགེ་འདུན་གྱི་འདྲེན་པ་མཛད། །ཅེས་དང་། གཞན་ཡང་རྩ་མིས་ནཱ་ལེནྡྲའི་མཁན་པོ་མཛད་ཅེས་རྗེ་ཞྭ་དམར་བའི་ཟིན་བྲིས་སོགས་སུ་བྱུང་ངོ་། །ཞེས་བསྟན་རྩིས་ཀུན་བཏུས་སུ་གསལ་བ་ལྟར། ཁོང་ནི་བོད་མིའི་ཁྲོད་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་དང་། རྡོ་རྗེ་གདན་གྱི་མཧཱ་བོདྷིའི་གཙུག་ལག་ཁང་གི་མཁན་པོ་མཛད་པར་མ་ཟད། བི་ཀྲ་མ་ཤཱི་ལའི་མཁས་པ་སྒོ་དྲུག་གི་ནང་གསེས་ཀྱི་མཁས་པའི་མཚན་སྙན་ཐོབ་པའི་བོད་མི་གཅིག་པུ་དེ་ཡང་ཡིན་ལ། ད་དུང་བོད་གངས་ཅན་གྱི་ལྗོངས་སུ་བཀའ་འགྱུར་གྱི་ལུང་ཐོག་མར་སྤེལ་མཁན་དང་། དུས་འཁོར་གྱི་བཤད་བཀའ་ཐོག་མར་འཛུགས་མཁན། ནག་པོ་ཆེན་པོའི་ཆོས་སྐོར་ཐོག་མར་སྤེལ་མཁན་བཅས་ཀྱི་ལོ་ཙཱ་བ་ཆེན་པོ་དེ་ཉིད་ཀྱང་ཡིན།
མཁན་པོ་དུས་ནམ་ཞིག་མཛད་པ་དང་དུས་ཡུན་ཇི་ཙམ་གནང་བ་ནི། རྒྱ་གར་ཆོས་འབྱུང་ལས[19]། རཱ་མ་པ་ལ་འདས། དེ་རྗེས་ཡཀྵ་པཱ་ལས་ལོ་གཅིག་རྒྱལ་སྲིད་བྱས། དེ་ནས་བློན་པོ་ལ་ཝ་སེ་ན་ཞེས་བྱ་བས་རྒྱལ་སྲིད་ཕྲོགས་ཏེ། དེ་དག་གི་རིང་ལ་བི་ཀྲ་མ་ཤཱི་ལར་སློབ་དཔོན་ཤུ་བྷ་ཡ་ཀ་ར་གུཔྟ་དང་། རྡོ་རྗེ་གདན་ན་རྩ་མི་སངས་རྒྱས་གྲགས་བཞུགས། ཞེས་གསུངས་ལ། ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས་ཀྱང་དེ་མཚུངས་གསལ་བ་ལྟར་ན། རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པས་མཁན་པོ་མཛད་དུས་ནི་རྒྱལ་པོ་རཱ་མ་པཱ་ལའི་བུ་ཡཀྵ་པཱ་ལ་དང་། བློན་པོ་ལ་ཝ་སེ་ནས་རྒྱལ་སྲིད་སྐྱོང་སྐབས་ཡིན་པ་དང་། པཎ་ཆེན་ཨ་བྷ་ཡ་ཀ་ར་ནི། བསྟན་རྩིས་ཀུན་བཏུས་སོགས་སུ་ཕྱི་ལོ་ ༡༡༢༥ ལོར་འདས་པར་བཤད་པ་ལྟར་བརྩིས་ཚེ། ཙ་མི་པཎྜི་ཏ་རྡོ་རྗེ་གདན་གྱི་མཁན་པོར་བཞུགས་པའི་དུས་ཀྱང་རགས་བཤད་ཙམ་དུ་ཕྱི་ལོ་ ༡༡༢༥ ཡས་མས་ནས་ཕྱི་ལོ་ ༡༡༣༨ ཙམ་སྟེ་ཁོང་སྐུ་མ་གཤེགས་བར་དུ་ཡིན་དགོས་ཤིང་། དཔལ་ནཱ་ལེནྡྲའི་མཁན་པོར་ནི་དེའི་ཡར་སྔོན་ནས་བཞུགས་པ་ཡིན། བི་ཀྲ་མ་ལ་ཤི་ལའི་དགོན་པར་མཚོན་ན་མཁན་པོ་སྔོན་མ་ཕལ་ཆེ་བའི་བཞུགས་ཡུན་ལོ་བཅུ་གཉིས་རེ་ངེས་ཅན་ཡིན་ཚུལ་རྒྱ་གར་ཆོས་འབྱུང་དུ་གསུངས་པ་ལྟར་ན། ཙ་མི་པཎ་ཆེན་ཡང་ནཱ་ལེནྡྲ་དང་རྡོ་རྗེ་གདན་གཉིས་ལ་ལོ་བཅུ་གཉིས་རེ་བཞུགས་པ་ཡིན་ཀྱང་སྲིད།[20]
རྩ་མི་ལོ་ཙཱ་བ་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་སྙན་གྲགས་ཅན་དག་གིའང་སློབ་དཔོན་དུ་གྱུར་པ་ནི། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[21]། ཙ་མི་སངས་རྒྱས་གྲགས་པ་འདི་མདོ་ཁམས་སྨད་མི་ཉག་གི་ཡུལ་དུ་འཁྲུངས། རྒྱ་གར་དུ་མཁས་ཤིང་དངོས་གྲུབ་ཐོབ་ནས་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་མཛད། དུས་འཁོར་ཙ་མིའི་རྒྱུད་གསུམ་སོགས་བསྒྱུར། རྒྭ་ལོ་གཞོན་ནུ་དཔལ་འདི་མདོ་ཁམས་སུ་འཁྲུངས། རུས་རྒྭ་ཡིན་པ་རྒན་གཞོན་གཉིས་ཕྱིན་པས་རྒྭ་ཆེན་རྒྭ་ཆུང་དུ་གྲགས། རྒྱ་གར་དུ་སུ་མཁས་དྲིས་པས་ཙ་མི་ཁོ་ན་མཁས་ཟེར་བས། རྒྱ་གར་དུ་ཡོང་ནས་བོད་གཅིག་གིས་གཅིག་ལ་ཉན་པ་མི་ཡོང་བསམས་ནས་གཞན་དྲིས་པས་ཨ་བྷྱ་ཀཱ་ར་དང་ཨོ་རྒྱན་གྱི་པཎྜི་ཏ་ཝཱ་གི་ཤྭ་ར་མཁས་ཟེར་ཏེ་དེ་གཉིས་ཀྱང་ཙ་མི་ལ་ཆོས་ཉན་ཞིང་འདུག་པས། སླར་ཙ་མི་དང་ཨ་བྷྱ་ལ་ཆོས་ཞུས། བདེ་མཆོག་གི་བསྙེན་པ་བྱས་པས་ཡི་དམ་གྱི་ལུང་བསྟན་བྱུང་ནས་སྤྱོད་པ་ལ་དུར་ཁྲོད་བསིལ་བ་ཚལ་དུ་ཕྱིན། དེར་ལས་མགོན་བྱ་རོག་མས་སྲོག་སྙིང་ཕུལ། བར་ཆད་མེད་པར་ལོག་པས་བླ་མ་གཉིས་ཀྱིས་ཀྱང་བཀུར་སྟི་མཛད། མ་ག་དྷའི་རྒྱལ་པོས་སྤྱན་དྲངས། སྐྱེ་བོའི་ཚོགས་ས་གཞི་གང་བ་འདུས་ཏེ་མེ་ཏོག་གཏོར་བ་ལ་པུས་མོ་ནུབ་པ་ཙམ་བྱུང་སྟེ་སངས་རྒྱས་མྱ་ངན་ལས་འདས་རྗེས་ཆོས་སྨྲ་བ་ལ་མེ་ཏོག་གཏོར་བ་དེ་ལས་མང་བ་མ་བྱུང་བར་གྲགས། ཆོས་དུ་མ་བསྒྱུར་ཅིང་ཁྱད་པར་མགོན་པོ་བྱ་རོག་མ་སྤྱན་དྲངས་ཏེ་རྗེ་དུས་མཁྱེན། ཞང་རིན་པོ་ཆེ། ཁམས་པ་ཨ་སེང་གསུམ་ལ་གནང་ཞིང་། ཁམས་པ་ཨ་སེང་ལ་དཔལ་ཕག་མོ་གྲུ་པས་གསན་ཏེ་མགོན་པོ་ཀུར་ལུགས་ཚལ་ལུགས་འབྲི་གདན་གྱི་ལུགས་རྣམས་བྱུང་ངོ་། །ཞེས་གསལ་ལོ།།
དེ་ལྟར་བོད་ཀྱི་ལོ་པཎ་རྣམས་ཀྱི་ཁྲོད་ནས་རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱིས་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་མཛད་པར་མ་ཟད། རྩ་མི་སངས་རྒྱས་ཀྱིས་མཛད་པའི་ལེགས་བཤད་ཀྱི་བསྟན་བཅོས་ལ་མཚོན་ནའང་། ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་ (1447-?) གྱིས་མཛད་པའི་དུས་འཁོར་རྟོགས་བརྗོད་དཔག་བསམ་སྙེ་མ་ལས[22]། ཙ་མིའི་སྦྱོར་དྲུག་སྡེ་སྐོར། སྦྱོར་ཕྲེང་། རླུང་སྦྱོར་བཞི་པ། རྩ་མིའི་སྦྱོར་དྲུག་རྒྱས་པ། འབྲིང་པོ་ནོར་བུ་འདོན་པའི་དཔེས་བསྟན་པ། འཁྲུལ་འཁོར་ཉེར་ལྔ་པ། བསྡུས་པ་སྙིང་པོ་གསུམ་དང་། དོན་དམ་བཞིར་དབྱེ་བ་ཆུ་བོའི་དཔེས་བསྟན་པ། བཅུད་ལེན། གེགས་སེལ། ཉམས་རྟོགས་བསྟན་པ་རྣམས་ལ་ཙ་མིའི་ལུགས་སུ་གྲགས་ཞེས་དང་། ཡང་དེ་ཉིད་ལས། རྩ་མིའི་སེམས་སྦྱོང་རིན་པོ་ཆེའི་ཕྲེང་བ། ཡི་གེ་ཉེར་གསུམ་པ་དང་ལྷན་སྐྱེས་རྣམས་གནང་། ཞེས་བྱུང་ལ། གཞན་ཡང་མགོན་པོའི་བསྐང་མདོས། དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསྟོད་པ་ཧཱཱུཾ་ཡིག་མ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་བསྟོད་པ་ཚིག་བདུན་མ་སོགས་འགའ་དང་། བྱ་རོག་གདོང་ཅན་གྱི་བསྟོད་པ་ (ཕྱི་མ་གཉིས་པྲཀྲི་ཏའི་སྐད་དུ་མཛད་ཅེས་སྡེ་དགེའི་བསྟན་འགྱུར་དུ་བྱུང་།) སོགས་ད་ལྟ་མཇལ་དུ་ཡོད་པའི་བསྟན་བཅོས་ ༥༠ ལྷག་ཙམ་མཛད་ཅིང་། རྩ་མི་སངས་རྒྱས་གྲགས་ཀྱིས་སཾ་སྐྲི་ཏ་དང་། པྲཀྲི་ཏ། བོད་ཡིག་བཅས་སྐད་ཡིག་གསུམ་མཁྱེན་པར་གྲགས་པས། བསྟན་བཅོས་རྩོམ་བསྒྱུར་མཛད་པའི་ཚེ་ན་ཡང་སྐད་རིགས་གསུམ་གྱི་ཐོག་ཏུ་མཛད་པ་བཅས་རྒྱལ་བསྟན་ལ་ཕྱག་རྗེས་རྨད་དུ་བྱུང་བ་འཇོག་པ་གནང་།

ལོ་ཙཱ་བ་ཆེན་པོ་རྩ་མི་སངས་རྒྱས་གྲགས་ཀྱིས་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་ནས་བསྟན་པ་ལ་བྱ་བ་བྱས་པ་སྟེ། འགྱུར་གཞུང་ལ་མཚོན་ནའང་[23]། འཕགས་ཡུལ་གྱི་མཁས་པ་ཆེན་པོ་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ་ཡུལ་དབུས་ཀྱི་མཁས་པ་ཆེན་པོ་དེ་ཉིད་དང་མང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་རྩ་མི་སངས་རྒྱས་གྲགས་ཀྱིས་ནཱ་ལེནྡྲར་བསྒྱུར་བ་དང་། རྒྱལ་པོ་པདྨ་དཀར་པོས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་ཡུལ་མ་ག་དྷཱའི་དཔལ་ནཱ་ལེནྡྲར་རྗེ་བཙུན་སྒྲོལ་མའི་ལྷ་ཁང་དུ་བསྒྱུར་བ། མཁས་པ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པའི་རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ་ཞེས་བྱ་བ་ཡང་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱིས་ནཱ་ལེནྡྲར་བསྒྱུར་བའི་ཚུལ་རྣམས་བསྟན་འགྱུར་དཀར་ཆག་དང་། འགྱུར་བྱང་ཁག་ཏུ་གསལ་བར་བྱུང་བ་འདི་དག་གིས་ཀྱང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་རྩ་མི་སངས་རྒྱས་གྲགས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁས་པ་ཡིན་པ་བསྙོན་དུ་ག་ལ་ཡོད།
ལོ་ཙཱ་བ་གྲགས་ཅན་འདི་ཉིད་ཀྱི་སྒྱུར་རྩོམ་ནི་བསྟན་འགྱུར་ལས། ༡༽ ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ཤོ་ལོ་ཀ་སྟོང་ཕྲག་བརྒྱད་པ། ཡུལ་དབུས་ཀྱི་མཁས་པ་ཆེན་པོ་དེ་ཉིད་དང་མང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་རྩ་མི་སངས་རྒྱས་གྲགས་ཀྱིས་ནཱ་ལེནྡྲ་བསྒྱུར་ཅིང་། སླད་ནས་དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་བསྟུན་ནས་བཅོས་པ་ལ། སླར་ཡང་དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་རྒྱ་གར་གྱི་དཔེ་གཉིས་ལ་གཏུགས་ཏེ་འདིའི་སྔ་འགྱུར་མ་དག་པར་གཟིགས་པ་ལ་བརྟེན་ནས་ལེགས་པར་བསྒྱུར་ཅིང་དག་པར་བཅོས་པ། ༢༽ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་རྒྱལ་པོ་པདྨ་དཀར་པོས་མཛད་པ། ཡུལ་མ་ག་དྷཱའི་དཔལ་ན་ལེནྡྲར་རྗེ་བཙུན་སྒྲོལ་མའི་ལྷ་ཁང་དུ་བསྒྱུར་བ། ༣༽ རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ་ཞེས་བྱ་བ་མཁས་པ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ། འདི་ནི་ནཱ་ལེནྡྲར་བསྒྱུར། ༤༽ རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་ལས་ཀྱི་ཆོ་ག་བླ་མ་རྡོ་རྗེ་གདན་པས་མཛད་པ། ༥༽ ལྷག་པར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ་དང་། ༦༽ དཔལ་ནག་པོ་ཆེན་པོའི་ནང་སྒྲུབ་ཅེས་བྱ་བ་གཉིས་ལོ་ཙཱ་བ་རྩ་མི་ཆེན་པོས་སྒྲ་སྒྱུར་མཛད་པ་སོགས་བཞུགས་སོ།།[24] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༧
[2] མཁས་གྲུབ་རྗེའི་གསུང་འབུམ། པོད། ༼ཇ༽ ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༧༢
[3] དུས་འཁོར་བསྟན་པའི་བྱུང་ཚུལ་རྒྱས་བཤད། རྩིས་གཞུང་། པོད། ༼༢༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༤
[4] ཉང་སྟོད་ནི་རྒྱལ་རྩེ་དང་ཉང་སྨད་ནི་གཞིས་རྩེ་སྟེ་གཙང་གི་ཕྱོགས་དང་། གཡེ་རོང་རྩ་པ་ནི་ལྷོ་ཁའི་ཕྱོགས་སོ།།
[5] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༠༣
[6] དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༡༢༢༣
[7] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། པོད། ༼ཛ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་ ༣༧༡
[8] པདྨ་བཀའ་ཐང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༤༧༥
[9] སྲོང་བཙན་སྒམ་པོའི་མཎི་བཀའ་འབུམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༢༡བ༣
[10] འཛམ་གླིང་བོད་རིག་པའི་གྲོས་ཚོགས་སྐབས་དྲུག་པའི་དཔྱད་རྩོམ་ཕྱོགས་སྒྲིགས། ༡༩༩༢ ལོ། ཤོག་ j
[11] གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༡༣༦༢
[12] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༧ན༦
[13] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༧༧
[14] དུས་འཁོར་བསྟན་པའི་བྱུང་ཚུལ་རྒྱས་བཤད། རྩིས་གཞུང་། པོད། ༼༢༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༤
[15] རྒྱ་ཆེན་བཀའ་མཛོད། དཔལ་སྤུངས་པར་མ་འབྲུག་སྤ་གྲོའི་བསྐྱར་པར་མ། པོད། ༼བ༽ ཤོག་གྲངས་ ༡༧བ༣
[16] མི་ཉག་དང་ར་ཐིས་དགོན་གྱི་བྱུང་བ་བརྗོད་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༠
[17] དཔལ་དུས་ཀྱི་འཁོར་ལོའི་སྤྱི་བཤད་མཁས་པའི་མགུལ་རྒྱན། དབུ་མེད་བྲིས་མ། ཤོག་གྲངས་ ༤༡
[18] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༩༨
[19] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༠༢
[20] https://dawashonu.blogspot.com/2021/02/blog-post.html
[21] མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༥༣༠
[22] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། པོད། ༼ཛ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་ ༣༧༠
[23] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༢༢༥
[24] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༢༥
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༠ ནས་ ༣༤༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།