༢༩༽ ཤར་སྒོ་སྲུང་བ་རིན་ཆེན་འབྱུང་གནས་ཞི་བ།
མཁས་པ་སྒོ་དྲུག་ལས། དང་པོ། ཤར་སྒོ་སྲུང་བ་པཎ་ཆེན་རཏྣ་ཨ་ཀ་ར་ཤནྟི་པ་སྟེ་བོད་སྐད་དུ་རིན་ཆེན་འབྱུང་གནས་ཞི་བ་ནི། འཇམ་དཔལ་རྩ་རྒྱུད་ལས[1]།
རིན་ཆེན་འབྱུང་ (ག་ཧོ་འབྱུང་གནས་ཞི་བ་སྟེ་ཤཱནྟི་པ་ཞེས་གྲགས་སོ།།) ཞེས་བྱ་མིང་དང་། །
སྟོན་པའི་བསྟན་པ་གསལ་བྱེད་འབྱུང༌། །
ཞེས་རྒྱལ་བས་ལུང་དུ་བསྟན་ཅིང་། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[2]། རྒྱལ་རིགས་དམན་པའི་སྤྱོད་པ་མཛད། །འབྲས་སོ་འདྲུ་ཞིང་དངོས་གྲུབ་བརྙེས། །ཤཱནྟི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། ཡང་དེ་ཉིད་ལས[3]། རྒྱལ་རིགས་སྤྱོད་པ་མཐར་ཕྱིན་ནས། །འདུལ་འཛིན་གསང་སྔགས་དངོས་གྲུབ་བརྙེས། །ཤཱནྟི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །[4]ཞེས་བསྟོད་ཕྱག་མཛད་ཡུལ་སློབ་དཔོན་ཤཱནྟི་པ་རིན་ཆེན་འབྱུང་གནས་ཞི་བ་ནི། རྒྱ་གར་ཅམ་པཱ་རྣའི་བླ་མའམ་སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་ཅིང་། དགེ་སློང་སྨོན་གྲུབ་ཤེས་རབ་ཀྱིས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ལས[5]། གུ་རུ་ཤཱནྟི་པའི་ལོ་རྒྱུས་ནི། མ་གྷ་དྷའི་གྲོང་ཁྱེར་ན་རྒྱལ་པོ་དེ་ཝ་པཱ་ལ་རྒྱལ་སྲིད་མཛད་པའི་དུས་སུ། བི་ཀཱ་མ་ཤཱི་ལར་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་སློབ་དཔོན་ཆེན་པོ་རཏྣ་ཨཱ་ཀ་ར་ཤཱནྟི་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པའི་སློབ་དཔོན་ཆེན་པོ་གཅིག་བྱུང་སྟེ། དེ་མཁས་ཤིང་བཙུན་པའི་ཡོན་ཏན་གྱི་སྙན་པ་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པར་གྱུར་པ་དང་། དེའི་དུས་སུ་སིངྒ་གླིང་གི་རྒྱལ་པོ་ཀ་བི་ན་བྱ་བ་རང་རང་གི་བསོད་ནམས་འདོད་ཡོན་གྱི་བྲེལ་བ་མེད་པ་གཅིག་བཞུགས་པ་ལས། སིངྒ་གླིང་དུ་སངས་རྒྱས་ཀྱི་བསྟན་པ་སྔར་མ་བྱུང་ཞིང་། འཛམ་བུའི་གླིང་གི་མི་འོངས་པ་ཀུན་ལས་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་ཐོས་ལ། ཆོས་སྟོན་པའི་གང་ཟག་དང་ནི་མ་ཕྲད་པའི་དུས་དེར། མ་གྷ་དྷ་ན་སློབ་དཔོན་ཆེན་པོ་ཤཱནྟི་པ་བྱ་བ་མཁས་པ་ཆེན་པོ་གཅིག་བཞུགས་ཟེར་བ་ཐོས་ནས། རྒྱལ་པོ་ཀ་བི་ན་ལ་སོགས་སིངྒ་གླིང་པའི་སྐྱེ་བོ་ཐམས་ཅད་ཀྱིས་སྐྱེས་དང་སྤྱན་འདྲེན་གྱི་ཕོ་ཉ་བཏང་སྟེ། བི་ཀཱ་མ་ཤཱི་ལར་མཐར་གྱིས་ཕྱིན་ནས། ཕོ་ཉ་བས་ནང་པར་སློབ་དཔོན་ལ་ཕྱག་བྱས། སིངྒ་ལའི་རྒྱལ་པོ་ལ་སོགས་པས་བསྐུར་བའི་སྐྱེས། གསེར་དངུལ་དང་མུ་ཏིག་དར་ཟབ་ལ་སོགས་པ་ཕུལ་ནས་འདི་སྐད་དུ། རྒྱལ་པོ་ལ་སོགས་པའི་ཞུ་བ། ངོས་ཅག་གླིང་ཕྲན་མཐའ་འཁོབ་ཏུ་ནི་སྐྱེས། མ་རིག་པའི་མུན་པས་ནི་འཐིབས། འདོད་ཆགས་ཀྱི་མེས་ནི་བསྲེགས། ཞེ་སྡང་གི་མཚོན་གྱིས་ནི་གཙེས། ལོག་པའི་རྙོག་པས་ཤེས་རབ་ཀྱི་སྣང་བ་ནི་གཡོགས། ཐེག་པ་ཆེན་པོའི་ཆོས་ཀྱི་ཐར་ལམ་ནི་གཏོར་ན། བདག་ཅག་རྣམས་ལ་ཐུགས་རྗེ་ཆེན་པོས་དགོངས་ནས་སིངྒ་གླིང་འདིར་འགྲོ་དོན་ལ་མི་གཤེགས་སུ་མི་རུང་ཞུ་ཡིན་གདའ་ཞེས་ཞུས་པས། སློབ་དཔོན་གྱི་དགོངས་པ་མངོན་དུ་མཛད་ནས་གཤེགས་པར་ཞལ་གྱིས་བཞེས་སོ།།
དེ་ནས་སློབ་དཔོན་ཤཱནྟི་པ་འཁོར་སློབ་མའི་ཚོགས་ཉིས་སྟོང་ཙམ་དང༌། སྡེ་སྣོད་ཀྱི་གླེགས་བམ་རྣམས་རྟ་དང་གླང་པོ་ལ་སོགས་པ་ལ་བཀལ་ནས་ཆས་སོ། །ནཱ་ལེནྡ་དང༌། ཨོ་ཏནྟ་པཱུ་རི་དང༌། རྒྱལ་པོའི་ཁབ་དང༌། རྡོ་རྗེ་གདན་ལ་སོགས་པའི་གྲོང་རྣམས་རིམ་གྱིས་བགྲོད་ནས། སིངྒ་གླིང་གི་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང༌། སྔོན་ལ་ཕོ་ཉ་བཏང་སྟེ། ཕྱིན་ནས་སློབ་དཔོན་འཁོར་དང་བཅས་པ་རྣམས་གྲུར་ཞུགས་ནས་བྱོན་པ་དང༌། ཕོ་ཉ་བས་སློབ་དཔོན་ཕེབས་ཡོད་དོ་བྱ་བའི་གཏམ་སྨྲས་པས། རྒྱལ་པོ་ཀ་བི་ན་བློན་པོ་དང༌། སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ས་དང་པོ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས་ནས། དེ་ཐམས་ཅད་ཀྱིས་རང་རང་གི་འཇིག་རྟེན་གྱི་བྱ་བ་བློས་བཏང་སྟེ། རྒྱ་མཚོའི་ཕྱོགས་སུ་ཡིད་གཏད་ནས་ཞག་བདུན་ལོན་པ་ན། གདུགས་དང་གླང་པོ་ལ་སོགས་པའི་རྟགས་ཐམས་ཅད་མཐོང་ནས་སྐྱེ་བོའི་ཚོགས་ཐམས་ཅད་རབ་ཏུ་དགའ་སྟེ། རང་གི་ཡུལ་ནས་རྒྱ་མཚོའི་བར་ཐམས་ཅད་ནི་འཕྱག་བདར་བྱས། དར་ལ་སོགས་པས་ས་གཞི་ཐམས་ཅད་གཡོགས་ནས་དེ་ལ་སློབ་དཔོན་ལ་སོགས་པ་ཐམས་ཅད་ཀྱིས་ཞབས་བཞག་ནས་གཤེགས་པ་ལ། རྒྱལ་པོ་ཀ་བི་ན་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མེ་ཏོག་དང༌། བདུག་སྤོས་ལ་སོགས་པ་ཐམས་ཅད་ཀྱིས་རྒྱ་ཆེར་མཆོད་དེ། སློབ་དཔོན་དགྱེས་པའི་གནས་མལ་ལ་སོགས་པ་ཀུན་ཏུ་ཕུལ་ནས། ལོ་གསུམ་གྱི་བར་དུ་སྡེ་སྣོད་ཀྱི་ཆོས་མང་དུ་བཤད་ནས། སློབ་དཔོན་ཤཱནྟི་པ་འཁོར་བཅས་ཡུལ་དབུས་སུ་ཆས་པ་དང༌། རྒྱལ་པོ་ཀ་བི་ན་ལ་སོགས་པ་ཐམས་ཅད་ཀྱིས་རྟ་དང་གླང་པོ་དང་གསེར་དངུལ་དང༌། མུ་ཏིག་ལ་སོགས་པ་དཔག་ཏུ་མེད་པ་ཕུལ་ནས་ཡུལ་དབུས་སུ་ལོག་པ་ལ་ལམ་གཉིས་ཡོད་པའི་རིང་ཤོས་ནས་ཆས་སོ།།
དེ་ནས་ར་མེ་ཤྭ་རི་བྱ་བ་རྒྱལ་པོ་རཱ་མ་ཎ་པ་ལ་ཀ་པུ་རིར་ཆུང་མ་འཚོལ་བའི་དུས་སུ་དབང་ཕྱུག་ཆེན་པོའི་རྟེན་གྱི་ལྷ་ཁང་བྱས་ནས་ཡོད་པས། དེའི་མིང་རཱ་མེ་ཤྭའི་ཡུལ་ཞེས་བྱ་བ་དེར་ཕྱིན་པ་དང༌། དེ་ནས་བར་ལ་མི་མེད་པའི་ལམ་ཞག་བདུན་ཡོད་པ་ལ་འཁོར་རྣམས་ལ་ཞག་བདུན་གྱི་ཆས་ཁྱེར་ཅིག་གསུངས་ནས། དེ་བཞིན་དུ་བྱས་ཏེ་ཞག་བཞིའི་ལམ་དུ་ཕེབས་པ་ན་སྐལ་ལྡན་ཏོག་ཙེ་བ་མཇལ་ཏེ་དེའི་ལོ་རྒྱུས་ཁོ་རང་གི་སྐབས་སུ་བཏོན་ནོ། །སློབ་དཔོན་འཁོར་དང་བཅས་པ་བི་ཀྲ་མ་ཤཱི་ལར་བྱོན་པ་དང༌། སློབ་དཔོན་ཤིན་ཏུ་བགྲེས་པར་གྱུར་པས་སྤྱན་ལྡོང་ཞིང་ལུས་པོས་སྦྱོར་མི་བཟོད་ནས། སློབ་མ་རྣམས་ཀྱིས་མ་ཧེའི་ཞོ་ལ་ཀ་ར་བཏབ་ནས་འདྲེན་པ་ལས། གཞན་ཁ་ཟས་རགས་པ་རྣམས་སྤངས་ནས་ཕྲ་བ་བསྟེན་ཏོ། །ཡོངས་སུ་སློབ་དཔོན་གྱི་ལོ་བརྒྱ་རྩ་བཞེས་པའི་དུས་སུ། སློབ་དཔོན་ནི་ལོ་བཅུ་གཉིས་སུ་རྟོགས་པའི་ངང་ལ་གནས་ལ། ཏོག་ཙེ་བ་རྣམ་པར་མི་རྟོག་པ་བསྒོམས་པས་ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གྲུབ་སྟེ་གཉུག་མའི་ཆོས་ཉིད་ལ་གནས་སོ། །དེ་ལས་བཞེངས་པ་ལས་སློབ་དཔོན་ཤཱནྟི་པ་ལ་ནི་སློབ་མ་རྣམས་ཀྱིས་བསྙེན་བཀུར་བྱེད་ལ། ཏོག་ཙེ་བ་ལ་མཁའ་འགྲོ་མ་ཀུན་དང༌། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས་བདུད་རྩི་སྤྱི་བོ་ཚངས་པའི་བུ་ག་ནས་མར་བླུགས་ནས་ཚིམ་པར་བྱས་སོ། །ལྷ་དང་མཁའ་འགྲོ་མ་ཐམས་ཅད་ན་རེ། རྡོ་རྗེ་སེམས་དཔའ་དངོས་ཡིན་ཟེར་རོ། །ཏོག་ཙེ་བའི་བྱིན་རླབས་ཀྱིས་ལྷའི་འདོད་ཡོན་ཐམས་ཅད་འཕེལ་བ་བྱུང་ངོ༌། །བླ་མའི་གདམས་ངག་མ་ཐོབ་བར་ལ་ཕྱི་རོལ་གྱི་རི་བརྐོས་ལ། ཐོབ་ནས་སེམས་ཀྱི་རི་བརྐོས་ནས་དངོས་གྲུབ་ཐོབ་གསུང་ངོ༌།།
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་གནས་སུ་སྤྱན་དྲངས་པ་ལ། ཏོག་ཙེ་བ་གཤེགས་སུ་མ་བཞེད་དོ། ། བདག་ནི་བླ་མ་ལ་ཕྱག་འཚལ་བ་ཡིན་ཏེ། སངས་རྒྱས་བས་ཀྱང་བླ་མ་བཀའ་དྲིན་ཆེ་ལ། དེ་གསུངས་ནས། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ན་ཡུལ་གཉིས་ཀྱི་བར་ལ་ཟླ་བ་དྲུག་གི་ལམ་ཡོད་ཀྱང༌། སྐད་ཅིག་ལ་བི་ཀཱ་མ་ལ་ཤཱི་ལར་བྱོན་ནས། ཡེ་ཤེས་ཀྱི་ལུས་ཀྱིས་བླ་མ་ལ་ཕྱག་དང༌། སྐོར་བ། བསྙེན་བཀུར་མཛད་པ་བླ་མ་འཁོར་དང་བཅས་པས་མ་མཁྱེན་ནས། ཏོག་ཙེ་བས་རྣམ་སྨིན་གྱི་ལུས་དངོས་སུ་བསྟན་ནས་ཕྱག་དང་སྐོར་བ་གྲངས་མེད་པ་མཛད། ཞབས་ལ་མགོ་བོས་གཏུགས་པ་དང༌། ཤཱནྟི་པས་སུ་ཡིན་དྲིས་པ་ན། བདག་བླ་མའི་སློབ་མ་ཡིན་ཞེས་ཞུས་པ་ན། བདག་ལ་སློབ་མ་དཔག་ཏུ་མེད་པ་ཡོད་པས་ངོས་མ་ཟིན་གསུངས་པས། སླར་ཡང་བདག་ཏོག་ཙེ་བ་ལགས་ཞུས་པ་སློབ་དཔོན་གཉིས་བརྡས་མཇལ་ནས་ཡིད་ཕེབས་པའི་གཏམ་མང་དུ་མཛད་དེ། བླ་མས་སློབ་མ་ལ་ཁྱོད་ཀྱིས་ཡོན་ཏན་གྱི་ཆོས་ཅི་ཐོབ་གསུངས་པས། དངོས་ཀྱིས་བླ་མའི་གདམས་ངག་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་མཆོག་ཐོབ་ནས་མཆི་ལགས་ཞུས་པས། བླ་མའི་ཞལ་ནས། ངས་ནི་སྨྲ་བ་གཙོ་བོར་བྱས་ཤིང་སྒྲུབ་པ་གཙོ་བོར་མ་བྱས་པས་དོན་མ་ཕྲད་ན། ཁྱོད་ཀྱིས་ནི་སྒྲུབ་པ་གཙོ་བོར་བྱས་ཤིང་སྨྲ་བ་གཙོ་བོར་མ་བྱས་ནས་དོན་དང་མཇལ་ནས་འདུག་པ། ངས་ཁྱེད་ལ་གདམས་ངག་སྦྱིན་པ་ཡང་བརྗེད་ནས་འདུག་པ། ད་གདམས་ངག་སྟོན། ཡོན་ཏན་གྱི་ཆོས་ཅི་ཡོད་པ་ཡང་སྟོན་ཅིག་གསུངས་པས། ཏོག་ཙེ་བས་དབེན་པའི་ས་ཕྱོགས་སུ་བླ་མ་ལ་ཆོས་ཀྱི་སྐུའི་ཡོན་ཏན་དུ་མ་ཡང་བསྟན། སྔར་བླ་མ་རང་གི་གདམས་ངག་ཀྱང་ཕར་ཕུལ་བས། བླ་མས་ཀྱང་ལོ་བཅུ་གཉིས་སུ་གདམས་ངག་ཉམས་སུ་བླངས་པས། བླ་མ་རཏྣ་ཨ་ཀ་ར་ཤཱནྟི་པས་ཀྱང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་བའི་དོན་མཛད་དེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་རཏྣ་ཨ་ཀ་ར་ཤཱནྟི་པའི་ལོ་རྒྱུས་རྫོགས་སོ། །ཞེས་བྱུང་ངོ་།།
ཀུན་མཁྱེན་རོང་སྟོན་ཆེན་པོས་ (1367-1449) མཛད་པའི་མཁས་པ་ཆེན་པོ་ཤཱནྟི་པ་ལ་བསྟོད་པ་ལས[6]། རབ་མཛེས་ཡིད་འོང་མཛེས་སྐུའི་དཀྱིལ་འཁོར་ཅན། །རིག་གནས་ཀུན་ལ་མཁས་པའི་འོད་འཕྲོ་ཞིང་། །ལེགས་གསུངས་རྒྱལ་བའི་བཀའ་དང་བསྟན་བཅོས་ཀུན། །ལེགས་པར་རྟོགས་པའི་རྣམ་དཔྱོད་སྤོབས་པ་བརྙེས། །འཕགས་པའི་ཡུལ་གྱི་མཁས་པ་དུ་མ་ཡིས། །མཁས་པ་ཕུལ་དུ་བྱུང་བར་བསྟོད་པ་དང་། །རིམ་གཉིས་ཏིང་འཛིན་ཕུལ་བྱུང་རབ་བརྩོན་པས། །རིག་འཛིན་ས་ཐོབ་སྤྱན་དང་མངོན་ཤེས་ལྡན། །མཁའ་ལ་འཇའ་ཚོན་གུར་ཁྱིམ་བཀོད་པའི་དབུས། །སྐུ་ཡི་བཀོད་པ་འཇའ་འོད་ལུས་སུ་བསྟན། །ལེགས་པར་བཤད་པའི་གསུང་གི་བདུད་རྩི་ཡིས། །མཁས་མང་སློབ་མ་ཡོངས་སུ་སྨིན་པར་མཛད། །འགྲན་པའི་ཟླ་མེད་མཁས་པ་ཕུལ་བྱུང་ཁྱོད། །བདག་བློ་དང་བའི་དད་པས་རབ་ཏུ་བསྟོད། །ཅེས་མཛད་པ་དང་མཐུན་པའི་བསྟོད་པ་མཛད་དོ།།
པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[7]། གཞན་ཡང་བི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་གནས་བརྟན་རཏྣ་ཨ་ཀ་ར་ཤནྟི་པ་ཡང་དབང་ཆེ་ཞིང་། ཡུལ་དེའི་རྒྱལ་པོ་རྣམས་ཀྱིས་ཀྱང་ཁོང་གི་བཀའ་ལས་འདའ་མི་ནུས་པ་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་འབྲས་བུ་ཡིན་གསུངས། ཞེས་སློབ་དཔོན་འདི་ཉིད་ཚུལ་ཁྲིམས་ཤིན་ཏུ་དག་པར་གསུངས་ལ། སློབ་དཔོན་རཏྣ་ཨཱ་ཀ་ར་ཤནྟཱི་པའམ་རིན་ཆེན་འབྱུང་གནས་ཞི་བ་ནི། མཁས་པ་སྒོ་དྲུག་འདས་པའི་འོག་ཏུ་ཇོ་བོ་ཆེན་པོ་ཕེབས་པར་བཤད་པ་ལྟར་ན། དུས་རབས་ ༡༠།༡༡ མཇུག་ཡན་ཆད་ཅིག་ཏུ་བྱོན་སྙམ། ནཱ་ལེནྡྲའི་ཤར་སྒོ་སྲུང་བའི་པཎྜི་ཏ་ཡིན། མཁས་པ་འདིས་ཤེར་ཕྱིན་བསྒོམ་པའི་མན་ངག །སོགས་བསྟན་བཅོས་དུ་མ་མཛད་དོ།།
དེ་ཡང་རི་བོ་ཆེ་རྗེ་དྲུང་བྱམས་པ་འབྱུང་གནས་ (དུས་རབས་19པ།) ཀྱིས་མཛད་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་བཻཌཱུརྱའི་རྒྱུད་མང་ལས[8]།
མཆོག་གི་དངོས་གྲུབ་བརྙེས་པའི་ཤཱནྟི་པ།
ཞེས་གསུངས་པ་ལྟར། མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་ཤཱནྟི་པའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས[9]། ༡༽ རྒྱུད་ཉ་པ་ལ། འཁྲུལ་བ་སྤོང་བ་ཞེས་བྱ་བའི་སྒྲུབ་པའི་ཐབས། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་དང་། ༢༽ ལྷན་ཅིག་སྐྱེས་ ༼འདི་མ་བྱུང༌།༽ པའི་དགའ་བ་ལ་ཡང་དག་པར་སྦྱོར་བ་ཞེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ༣༽ དཔལ་རབ་འབྱོར་ཞི་བ་དང་། ལོ་ཙཱ་བ་ཏིང་འཛིན་བཟང་པོའི་འགྱུར། ༤༽ ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་རིམ་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ༥༽ དཔལ་ཀུ་མཱ་ར་ཀ་ལ་ཤུའི་འགྱུར། ༦༽ རྒྱུད་ཏ་པ་ལ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། དཔལ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང༌། པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་ཞུས་ཤིང་མཉན་ནས། ཡུལ་དབུས་ཀྱི་སྒྲ་སྒྱུར་བ་ཆག་ལོ་ཙཱ་བ་དགེ་སློང་དགྲ་བཅོམ་གྱིས་བསྒྱུར་བ། ༧༽ རྒྱུད་ཝ་པ་ལ། ནམ་མཁའ་དང་མཉམ་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཤཱུ་ནྱཏཱ་ས་མཱ་དྷི་དང༌། ལོ་ཙཱ་བ་ཤེས་རབ་ཡེ་ཤེས་ཀྱི་འགྱུར། ༨༽ རྒྱུད་ཡ་པ་ལ། དཔལ་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་ཡོན་ཏན་ལྡན་པ་ཞེས་བྱ་བ། སློབ་དཔོན་པཎྜི་ཏ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ༩༽ སྒྱུ་མ་ཆེན་མོའི་སྒྲུབ་ཐབས། སློབ་དཔོན་མཁས་པ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ༡༠༽ རྒྱུད་ཅི་པ་ལ། མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཀརྨ་བཛྲའི་རང་འགྱུར། ༡༡༽ རྒྱུད་ནི་པ་ལ། དཔལ་གསང་བ་འདུས་༼བཞི་བརྒྱ་པའི་འགྲེལ་པ་ཡང་ཟེར།༽པའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་པ། སློབ་དཔོན་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་བཱིརྱ་བྷ་དྲ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བ། ༡༢༽ རྒྱུད་མི་པ་ལ། གཤིན་རྗེའི་དགྲ་ནག་པོའི་སྒྲུབ་ཐབས་ཀུ་མུ་ཏ་ཁ་བྱེ་བ་ཞེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཨཱ་ཙཱརྱ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༡༣༽ རྒྱུ་ཟི་པ་ལ། དབང་བསྐུར་བའི་ངེས་པ་བསྟན་པ། སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཤཱནྟ་བྷ་དྲ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༡༤༽ རྒྱུད་ཅུ་པ་ལ། དཔལ་ཐམས་ཅད་གསང་བའི་བཤད་སྦྱར་གསང་བའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༡༥༽ རྒྱུད་པུ་པ་ལ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ༡༦༽ སྲུང་བ་ལྔའི་ཆོ་ག །སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་མུ་དི་ཏ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བནྡེ་བཀྲ་ཤིས་རྒྱལ་མཚན་གྱིས་བསྒྱུར་བ་ལས། སླར་ཆག་ཆོས་རྗེ་དཔལ་གྱིས་བཅོས་པ། ༡༧༽ རྒྱུད་མུ་པ་ལ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ༡༨༽ རྒྱུད་ཙུ་པ་ལ། ཐེག་པ་གསུམ་གྱི་རྣམ་པར་བཞག་པ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲི་ཥཎ་པ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༡༩༽ ཤེར་ཕྱིན་ཏ་པ་ལ། མངོན་རྟོགས་རྒྱན་སེམས་ཙམ་གྱི་ལྟ་བར་བཀྲོལ་བ་འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་བརྙེས་པ་མཁས་པ་ཆེན་པོ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ༢༠༽ མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་དག་ལྡན་ཞེས་བྱ་བ་ཉི་ཁྲི་དང་སྦྱར་བའི་འགྲེལ་པ། རྒྱ་གར་གྱི་མཁན་པོ་ཤྲཱི་སུ་བྷཱུ་ཏི་ཤཱནྟི་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་དང༌། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ལ། སླད་ཀྱི་པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བཅོས་ཏེ་གཏན་ལ་ཕབ་པ། ༢༡༽ ཤེར་ཕྱིན་ཐ་པ་ལ། མངོན་རྟོགས་རྒྱན་བརྒྱད་སྟོང་པ་དང་སྦྱར་ནས་སེམས་ཙམ་དུ་སྟོན་པ་འཕགས་པཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་ཤླཽ་ཀ་སྟོང་ཕྲག་བརྒྱད་པ། རྒྱལ་པོའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ། པཎྜི་ཏ་ཤྲཱི་སུ་བྷཱུ་ཏི་ཤཱནྟི་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། ༢༢༽ དབུ་མ་ཀི་པ་ལ། མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱན་ཞེས་བྱ་བ་ལུང་གི་ཚད་མས་རབ་ཏུ་སྦྱར་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཤླཽ་ཀ་སུམ་སྟོང་རྩ་གཅིག་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ནག་པོའི་ཞབས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། འདི་ལྟ་བ་སེམས་ཙམ་དུ་སྨྲ་བའི་པཎྜི་ཏས་བརྩམས་མོད་ཀྱང་རྩ་འགྲེལ་སྟབས་གཅིག་པའི་ཕྱིར་འདིར་བྲིས་སོ།།
༢༣༽ སེམས་ཙམ་ཧི་པ་ལ། དབུ་མ་རྒྱན་གྱི་འགྲེལ་བཤད་དབུ་མའི་ལམ་གྲུབ་པ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ། འདི་ལ་བོད་ན་སེམས་ཙམ་རྒྱན་ཞེས་གྲགས་པ་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་རང་འགྱུར། ༢༤༽ སེམས་ཙམ་ཧི་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག །སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ༢༥༽ དབུ་མ་རྒྱན་གྱི་མན་ངག་ཅེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་ཞེས་བྱ་བ་པཎྜི་ཏ་རྣམས་ལས་མཆོག་ཏུ་གྱུར་པར་ཀུན་གྱིས་བསྔགས་ཤིང་འགྲན་ཟླ་མེད་པ། ཁྱད་པར་དུ་སློབ་དཔོན་འདི་ཉིད་འཇམ་དཔལ་རྩ་རྒྱུད་ལས། རིན་ཆེན་འབྱུང་ཞེས་བྱ་མིང་གང༌། །སྟོན་པའི་བསྟན་པ་གསལ་བྱེད་འབྱུང༌། །ཞེས་ལུང་བསྟན་པ་དེས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བ། སླད་ནས་ཁ་ཆེ་ཨ་མོ་གྷ་དང༌། འོ་རུ་ལོ་ཙཱའི་འགྱུར་རྣམས་བཞུགས་སོ། །འདི་སེམས་ཙམ་གྱི་ལྟ་བ་སྟོན་པའི་བསྟན་བཅོས་ཡིན་ཀྱང༌། དུས་ཕྱིས་རྙེད་པས་པུསྟིའི་གཤམ་དུ་བཞུགས་པ་ཡིན་ནོ།།
༢༦༽ ཚད་མ་ཞེ་པ་ལ། རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ་ཞེས་བྱ་བ། མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ། བལ་ཡུལ་གྱི་པཎྜི་ཏ་ཤཱནྟི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། སླད་ནས་པཎྜི་ཏ་ཆེན་པོ་དེ་ཉིད་དང༌། ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་གཏན་ལ་ཕབ་པ། ༢༧༽ ནང་གི་ཁྱབ་པ། སློབ་དཔོན་ཆེན་པོ་མཁས་པ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལཱ་ཤ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། ༢༨༽ སྒྲ་མདོ་སེ་པ་ལ། སྡེབ་སྦྱོར་གྱི་མཚན་ཉིད་སྟོན་པའི་བསྟན་བཅོས་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ས་གསུམ་ན་འགྲན་ཟླ་བྲལ་བའི་ཐམས་ཅད་མཁྱེན་པ་ཆེན་པོ་བྱང་ཆུབ་རྩེ་མོའི་ཞལ་སྔ་ནས་བསྒྱུར་བ་ལས། སླར་ཡང་བླ་མ་དེ་ཉིད་དང༌། སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་བསྐྱངས་པའི་དགེ་སློང་ནམ་མཁའ་བཟང་པོས་བསྒྱུར། སླར་ཡང་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་དག་པར་བཅོས་པ། ༢༩༽ ཡང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པ་འདི་ནི་ཆོས་ལྡན་ར་ས་བས་བསྒྱུར་བའི་འཕྲོ། ཡར་ལུང་བ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་རྫོགས་པར་བསྒྱུར་བ། སླད་ཀྱིས་ས་གསུམ་ན་འགྲན་ཟླ་བྲལ་དང་བྲལ་བའི་ཐམས་ཅད་མཁྱེན་པ་ནམ་མཁའ་བཟང་པོས་སྡོམ་བརྩོན་དམ་པ་རྣམས་ཀྱི་གཙུག་རྒྱན་སྡེ་སྣོད་གསུམ་གྱི་གླེགས་བམ་གཅིག་པུ་སྐད་གཉིས་སྨྲ་བའི་དབང་པོ་དཔལ་ལྡན་བློ་གྲོས་བརྟན་པའི་ཕྱག་བྲིས་ཀྱི་དཔེ་ལ་གཏུགས་ནས་ཤིན་ཏུ་དག་པར་བསྒྱུར་བ། ༣༠༽ སྣ་ཚོགས་ཉོ་པ་ལ། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་སྟག་ཚང་ལོ་ཙཱའི་འགྱུར་སོགས་མང་དུ་བཞུགས་སོ།།
དེ་ཡང་སྒྲ་རིག་པའི་ཡན་ལག་རིག་གནས་ཆུང་བ་ལྔའི་ཡ་གྱལ་སྡེབ་སྦྱོར་གྱི་གཞུང་ལ་མཚོན་ནའང་། བྲིཏྟ་དང་ཛཱ་ཏི་ལ་ཡི་གེ་ལྕི་ཡང་སོགས་ཕན་ཚུན་བསྡེབས་ནས་ཚིག་སྦྱོར་ལེགས་པར་སྟོན་པའི་གཞུང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་སུ་གྲགས་པ་དེ་ཉིད་སློབ་དཔོན་འདིས་མཛད་ཅིང་། བསྟན་བཅོས་ཀྱི་མཚན་ལའང་སློབ་དཔོན་ཪང་ཉིད་ཀྱི་མཚན་འདོགས་པ་གནང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལ་ཁྱད་ཆོས་བརྒྱད་དང་ལྡན་པ་ནི། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས[10]།
མདོར་བསྡུས་ཚིགས་བཅད་གསལ་བ་དང་། །མདོ་ཉིད་དཔེར་བརྗོད་འགྱུར་བ་དང་། །
མ་འདྲེས་རིམ་ཅན་འདོན་སླ་དང་། །མཐར་སྡོད་ཚོགས་ཉིད་ཡོན་ཏན་བརྒྱད། །
ཅེས་གསུངས་པ་ལྟར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་མངའ་བ་འདི་ཉིད་སློབ་དཔོན་རིན་འབྱུང་གནས་ཞི་བ་སྟེ་ཤཱནྟི་པས་མཛད་པ་བཅས་མང་དུ་བཞུགས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༩༡༩
[2] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། སྣར་ཐང་བསྟན་འགྱུར། རྒྱུད། ༼ནུ༽ ཤོག་གྲངས་ ༣༢༥ན༤
[3] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། སྣར་ཐང་བསྟན་འགྱུར། རྒྱུད། ༼ནུ༽ ཤོག་གྲངས་ ༣༢༥བ༥
[4] ཤཱནྟི་པའི་མཚན་ཐོག་བསྟོད་པ་རིགས་གཉིས་མཆིས་པ་གང་ཡིན་དཔྱད་དགོས་པར་སྣང་ངོ་།།
[5] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼གེ༽ དེང་ཨང་ ༤༨ པ། ༡༩༩༥ ལོ། ཤོག་གྲངས་ ༤༣༨
[6] རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་སྐོར། པོད། ༼ཁ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༩ན༣
[7] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༢༧ན༡
[8] བྱམས་པ་འབྱུང་གནས་ཀྱི་གསུང་འབུམ། པོད། ༼༡༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༢ན༡
[9] སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༣༦
[10] བསྟན་འགྱུར་དཔེ་བསྡུར་མ། སྒྲ་མདོ། ༼སེ༽ དེབ་ཨང་ ༡༡༠ པ། ༢༠༠༨ ལོ། ཤོག་གྲངས་ ༡༡༧༤
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༡ ནས་ ༢༤༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།